དུས་གསུམ་གསལ་གཟིགས་ཀྱི་གལ་ཆེའི་བཀའ་སློབ། ༡

(Third Person) བརྒྱུད་ནས་གསལ་བསྒྲགས་བྱས་པ་ལས་ངོས་ནས་ཁོང་ཚོ་ཐུག་མེད། ༡༩༥༩ ཟླ་ ༦ ཚེས་ ༢༠ ཡིན་པ་ཡོད། མ་སུ་རི་སྦིར་ལ་ཧོའོ་སི་ (Birla House) ང་སྡོད་སའི་མདུན་དེར་ཐང་ཆུང་ཆུང་ཞིག་ཡོད། དེའི་སྒང་ལ་ངོས་ནས་ཕྱི་རྒྱལ་གྱི་གསར་འགྱུར་འགོད་མཁན་མང་པོ་ཞིག་ཐུག་པ་ཡིན། དེ་དུས་གསར་འགྱུར་འགོད་མཁན་ཞིག་གི་དྲི་བའི་ནང་བོད་གཞུང་གང་དུ་ཡོད་ཅེས་སྐད་ཆ་དྲིས་བྱུང།

          སྐབས་དེར་ངས་ཏཱ་ལའི་བླ་མ་དང་བཀའ་བློན་ཚོ་གང་དུ་ཡོད་ས་དེར་བོད་མི་ཚོས་བོད་གཞུང་ངོས་འཛིན་བྱེད་ཀྱི་རེད་ཅེས་བརྗོད་པ་ཡིན། དེའི་སང་ཉིན་ནམ་གནངས་ཉིན་དེ་འདྲ་ཞིག་ལ་ལྡི་ལི་ནས་རྒྱ་གར་དབུས་རྒྱལ་སྲུང་ལས་ཁུངས་ (Defence Ministry) ཀྱིས་བོད་གཞུང་ཞེས་པ་ཡོད་པ་མ་རེད་ཅེས་གསལ་བསྒྲགས་བྱས་ཡོད། དེ་ནི་ངའི་ཉམས་མྱོང་དང་པོ་ཡིན། ང་ཚོས་བོད་གཞུང་ཞེས་བརྗོད་པ་ཡིན་ན་འདི་ལ་དཀའ་ངལ་ཞིག་ཡོད་པ་ཡིན། ད་ལྟ་ཡོངས་གྲགས་ཀྱི་བོད་གཞུང་ངོས་ལེན་ཡོད་པ་མ་རེད། དེ་ནི་བོད་ལ་ཤ་ཚ་མེད་པ་མིན་ཡང། བྱེད་བདེ་པོ་ཡོད་པ་མ་རེད། རྒྱ་གར་གཞུང་ལ་ཆ་བཞག་ན་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་གཞུང་དང་ཐད་ཀར་ཡིག་ཆ་བཞག་ཡོད་པ་དེ་འདྲའི་ཐོག་ནས་འགྲོ་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། མ་གཞི་ང་ཚོ་བོད་པ་རང་གི་ཐོག་ནས་ཀོ་ཐག་ཕྲན་བུ་གློད་ཡོད། ཕྱི་ལོ་ ༡༩༤༧། ༡༩༤༨ དེ་འདྲའི་སྐབས་སུ་རྒྱ་གར་རང་བཙན་ཐོབ་ཡོད། ཕྱི་ལོ་ ༡༩༤༩ ལོ་རྒྱ་ནག་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་རེད། ཕལ་ཆེར་ཕྱི་ལོ་ ༡༩༤༨ ལོར་རྒྱ་གར་གཞུང་གིས་བོད་གཞུང་ལ་ཉེན་བརྡ་ཞིག་བཏང་ཡོད། དེང་སྐབས་རྒྱ་ནག་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་དེས་བོད་ལ་ཉེན་ཁ་ཡོད་པས། ཁྱེད་རང་ཚོར་འཆར་གཞི་ག་རེ་ཡོད་ཅེས་བོད་གཞུང་ལ་ཉེན་བརྡ་ཞིག་བཏང་འདུག དེ་དུས་བོད་གཞུང་བཀའ་ཤག་ནས་ང་ཚོའི་ངོས་ནས་ཉེན་ཁ་གང་ཡང་མཐོང་གི་མི་འདུག་ཅེས་ལན་སྤྲད་ཡོད་པ་རེད་ཟེར། ཀོ་ཐག་གང་འདྲ་གློད་འདུག་གམ། ང་ཚོའི་གདན་སའི་མཁན་པོ་རྣམ་པ་དང་དགེ་འདུན་པ་ཚོར་ཚོགས་ལ་མང་ཇ་དང་འགྱེད་ཡག་པོ་ཞིག་བྱུང་ན་དེ་གས་འགྲིག་གི་ཡོད། འོན་ཀྱང་ནང་ཆོས་སློབ་གཉེར་ཧ་ཅང་ཡག་པོ་ཡོད། དེ་མིན་ཆབ་སྲིད་ཀྱི་གནས་ཚུལ་དང། རྒྱ་དཀར་ནག་གིས་ག་རེ་ག་རེ་བྱེད་ཀྱི་ཡོད་པ་དེ་ཚོའི་ཐད་དོ་སྣང་རྩ་བ་ནས་བྱེད་ཀྱི་མེད་པ་དེ་ནི་ཧ་ཅང་ཞབས་འདྲེན་ཡིན། རྒྱ་གར་གཞུང་གིས་ཉེན་བརྡ་བཏང་དུས་ང་ཚོ་བོད་པས་ང་ཚོར་ཉེན་ཁ་མཐོང་གི་མི་འདུག་ཅེས་འགུལ་སྐྱོད་མ་བརྒྱབ་པར་བསྡད་པ་རེད།

          རྗེས་སུ་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་པ་དེ་འདྲ་ནས་དེ་དུས་རྒྱ་གར་གཞུང་གིས་བསམ་བློ་བཏང་ཡོད་ཅེས་ཤོད་ཀྱི་འདུག གང་ལྟར་ཡང་བོད་གཞུང་ཟེར་བའི་ཚིག་འདི་ལ་གཟབ་གཟབ་མ་བྱས་ན་ཡག་པོ་མི་འདུག དེ་སྔ་ཕན་ཆད་བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་བ་འདི་རྒྱ་གར་གཞུང་གིས་ཏཱ་ལའི་བླ་མ་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང། རྒྱ་གར་གཞུང་གི་སྐུ་མགྲོན་རྩ་ཆེན་པོ་ཞིག་ཡིན་ཞེས་པ་འདིའི་འོག་ནས་ང་ཚོ་བོད་པའི་དཔེ་ཞིག་ཡོད་པ། བྱ་ཕྲུག་མའི་སྦོ་འོག་ནས་དྲོད་ཟེར་བ་ལྟར། ཏཱ་ལའི་བླ་མའི་མིང་འདིའི་འོག་ནས་ང་ཚོའི་དགའ་ལྡན་ཕོ་བྲང་གི་གཞུང་འདི་ཏཱ་ལའི་བླ་མའི་སྒྲིག་འཛུགས་ (Institution) ཡིན་པ་ལྟ་བུ་བྱས་ཏེ་འགྲིག་གི་ཡོད། ད་ཆ་གསལ་པོ་བྱས་ནས་བཤད་ན་ང་དགོངས་པ་ཞུས་ཏེ་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་འགན་མེད་པར་ཕྱིར་ཐོན་ཀྱང་གཞུང་ཞེས་པའི་མིང་འདི་ལྷག་སྟེ་བསྡད་དུས་གཟབ་གཟབ་མ་བྱས་ན་རྒྱ་གར་གཞུང་གིས་ནང་དོན་གྱིས་ང་ཚོར་ཤ་ཚ་ཡོད་ཀྱང་ཆབ་སྲིད་ཀྱི་འགྲོ་སྟངས་ཀྱི་ཐོག་ནས་བོད་གཞུང་ཟེར་བ་ཡོད་པ་མ་རེད་ཅེས་རྒྱ་གར་གཞུང་གི་ངོས་ནས་བཤད་དགོས་པ་ཆགས་ན་ཡག་པོ་མེད། ཤེས་སོང་ངམ། དེ་གོང་ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པ་ཆགས་རྗེས་སྐབས་ཤིག་ལྡི་ལིར་ང་ཚོས་གསར་འགོད་ལྷན་ཚོགས་ཤིག་ཚོགས་པ་དེའི་ཐོག་རྒྱ་གར་གྱི་གསར་འགྱུར་འགོད་མཁན་ང་ཚོའི་ངོ་ཤེས་པ་ཞིག་ཡོད། ཁོང་ནི་བོད་པར་རྒྱབ་སྐྱོར་དང། ཤ་ཚ་ཆེན་པོ་ཡོད་པ་དང། བོད་རང་བཙན་དང་རང་བཙན་ཞེས་ཤོད་མཁན་ཞིག་རེད། ཁོང་གིས་ཟམ་གདོང་རིན་པོ་ཆེར་ (Prime Minister of Exile Government) བཙན་བྱོལ་གཞུང་གི་སྲིད་བློན་ཞེས་བརྗོད་སོང། ངས་ལམ་སང་དེ་ལ་གསལ་བཤད་བྱས་ནས་ང་ཚོས་ (Prime Minister) ཞེས་འབོད་ཀྱི་མེད། ང་ཚོས་ཆབ་སྲིད་ཀྱི་འགོ་ཁྲིད་ )Political Leader) ཟེར་བ་མ་གཏོགས་ (Prime Minister) ཟེར་གྱི་མེད་ཅེས་ངས་གསལ་བཤད་བྱས་པ་ཡིན།

           གསལ་བཤད་བྱེད་དགོས་དོན་ནི་བཙན་བྱོལ་གཞུང་ཟེར་བ་འདི་དབྱིན་ཇིའི་ཚིག་ལ་ (Government) བརྗོད་དུས་དེ་ནི་མིང་ཚིག་ཟུར་གསལ་ཞིག་རེད། ང་ཚོ་བོད་པའི་ཡི་གེའི་ནང་ལ་གཞུང་ཟེར་བ་འདི། དགོན་པ་གཞུང་རྐྱང་དང། བླ་བྲང་གཞུང་རྐྱང། གཟིམ་ཤག་གཞུང་རྐྱང་ཞེས་བརྗོད་ཀྱི་ཡོད། དཔེར་ན་གཙང་པོ་ལ་ཆ་བཞག་ན་གཙང་པོའི་གཞུང་ཟེར་གྱི་ཡོད། ང་ཚོའི་བོད་སྐད་ནང་གཞུང་ཟེར་བ་འདི་འཇུག་ཡུལ་རྒྱ་ཆེན་པོ་ཞིག་ཡོད། དབྱིན་ཇིའི་སྐད་ནང་ (Government) བརྗོད་པ་ཡིན་ན་རྡོག་རྡོག་གཅིག་ཆགས་ཡོད། ཤེས་སོང་ངམ། དེར་བརྟེན་ང་ཚོས་བོད་གཞུང་ཟེར་བའི་མིང་ཚིག་འདི་ལ་ཏོག་ཙམ་གཟབ་གཟབ་བྱེད་དགོས་ཀྱི་འདུག་ཅེས་ང་ཚོ་སྐད་ཆ་བྱུང་བ་རེད། ང་ཚོའི་འདིར་སྒྲིག་འཛུགས་ཤིག་ཡོད་པ་རེད། དེ་ནི་བཙན་བྱོལ་བའི་སྡེ་ཚོགས་ཤིག་ཡོད་པ་འདི་ལ་ལྟ་རྟོག་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་དགོས་པ་རེད། སྒྲིག་འཛུགས་འདིའི་འགོ་ཁྲིད་མཁན་ཆགས་ཡོད། བཀའ་བློན་ཁྲི་པ་འོས་འདེམས་ཟིན་རྗེས་ངས་གཞུང་འབྲེལ་གྱི་དབང་ཆ་རྩིས་འབུལ་བྱེད་པའི་སྐབས་སྲིད་སྐྱོང་ཟེར་བའི་མིང་ཚིག་འདི་བེད་སྤྱོད་བྱས་པ་ཡིན། ང་རང་ལོ་བཅུ་དྲུག་སྐབས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཆབ་སྲིད་ཀྱི་དབང་ཆ་རྩིས་ལེན་ཞུས་པ་ཡིན། ད་ཆ་ལོ་དྲུག་ཅུ་ཕྱིན་པའི་རྗེས་ལ་མང་གཙོའི་ཐོག་ནས་འོས་འདེམས་བྱས་ཏེ་ཐོན་པའི་བློ་བཟང་སེངྒེ་ལགས་སྲིད་སྐྱོང་གསར་པ་ཆགས་ཡོད། མང་གཙོ་མཚན་ཉིད་ཚང་བའི་ཐོག་ནས་འོས་འདེམས་བྱས་ཏེ་ཐོན་པའི་འགོ་ཁྲིད་སྲིད་སྐྱོང་ལ་དབང་ཆ་རྩིས་འབུལ་ཞུ་བ་འདི་དངོས་གནས་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་ཟེར་བའི་དོན་དག་གཅིག་འདི་ཆགས་ཡོད། ད་ཧ་ཅང་ཡག་པོ་བྱུང་ཞེས་བརྗོད་རྒྱུ་བྱུང། དེ་འདྲ་ཡིན་དུས་སྲིད་སྐྱོང་ཞེས་བརྗོད་ན་ (Political Leader) དང་ང་ཚོས་སྲིད་སྐྱོང་ཞེས་བརྗོད་པ་གཉིས་ཏག་ཏག་འགྲོ་གི་འདུག (Prime Minister) བརྗོད་ན་ཚིག་འདི་ཧར་པོ་ཞིག་འདུག དེར་བརྟེན་ང་ཚོས་བོད་གཞུང་ཟེར་བའི་མིང་ཚིག་འདི་ལ་ཏོག་ཙམ་གཟབ་གཟབ་བྱེད་དགོས་ཀྱི་འདུག་ཅེས་ང་ཚོ་སྐད་ཆ་བྱུང་བ་རེད། སྐད་ཆ་འདི་བྱུང་བའི་སྐབས་ལ་ང་ཚོའི་བོད་རིགས་ནང་ནས་ཞེན་ཁོག་དང་ཤ་ཚ་ཡིན་ཀྱང་ཁ་ཤས་ཤིག་གིས་ད་བོད་གཞུང་བསྡུ་གསོག་བརྒྱབ་སོང། འགྲིག་གི་མི་འདུག་ཅེས་སྐད་རྒྱག་མཁན་བྱུང་བ་དེ་ལ་ང་རང་ཏོག་ཙམ་བློ་ཕམ་བྱུང།

          ངས་ལོ་བཅུ་དྲུག་ནས་བོད་གཞུང་གི་འགན་འཁྱེར་བ་ཡིན། ལོ་བཅུ་དྲུག་ནས་ད་ཆ་ལོ་བདུན་ཅུ་དོན་དྲུག་ལ་སླེབས་པའི་བར་ངས་འགན་འཁྱེར་བ་ཡིན། མི་ལྟ་བུར་མཚོན་ན་ཕྲུ་གུ་ཆུང་ཆུང་གཡས་འཁྱོར་གཡོན་འཁྱོར་བྱེད་མཁན་ཞིག་མགོ་འདོན་འཚོ་སྐྱོང་བྱས་པ་ཡིན། དེ་འདྲ་བྱེད་མཁན་གྱི་མི་གཅིག་ལ་ད་ཆ་བོད་གཞུང་བསྡུ་གསོག་བརྒྱབ་སོང་བརྗོད་ན་འགྲིག་གི་རེད་དམ། ལོ་དྲུག་ཅུའི་རིང་ངས་ཕར་གཡས་སྐྱོར་གཡོན་སྐྱོར་གྱི་ལྟ་རྟོག་བྱས་པ་དེ་ཇི་ལྟར་བྱས་ཏེ་བསྡུ་གསོག་རྒྱག་གི་རེད་དམ། དེ་ཙམ་ཡང་བསམ་བློ་མ་འཁོར་བར་བོད་གཞུང་བསྡུ་གསོག་བརྒྱབ་སོང་ཞེས་སྐད་ཅོར་རྒྱག་དུས་དེ་ནི་ང་ལ་ཡིད་ཆེས་མེད་པའི་རྟགས་རེད་བསམ་པ་དྲན་བྱུང། ཚུར་ཡིད་ཆེས་མེད་ན་དེ་ལ་བྱེད་རྒྱུ་གང་ཡང་མི་འདུག ཡིད་ཆེས་ཡོད་ན་ལོ་བཅུ་དྲུག་ནས་འགན་འཁྱེར་མཁན་གྱི་ྋརྒྱལ་བ་རིན་པོ་ཆེས་བོད་གཞུང་བསྡུ་གསོག་རྒྱག་གི་མ་རེད། དེ་ལ་དགོས་པ་རྒྱུ་མཚན་ཞིག་ཡོད་ཀྱི་རེད་བསམ་དྲན་དགོས་པ་ཡིན། ཤེས་སོང་ངམ། འདིའི་སྐོར་བཤད་འདོད་བྱུང་བ་ལྟར་ཁྱེད་ཚོར་བཤད་པ་ཡིན། ང་རང་བར་ལམ་ཕྱི་རྒྱལ་ཁག་ལ་ཕྱིན་པ་དེ་སྐབས་ཕྱི་རྒྱལ་གྱི་གཞུང་འབྲེལ་མི་སྣ་ཁག་ཐུག་གི་ཡོད། མི་སྣ་དེ་ཚོས་རྒྱལ་བ་རིན་པོ་ཆེ་ཐུག་པ་མ་གཏོགས་ད་ལྟའི་བཀའ་བློན་ཁྲི་པ་དང་དེ་འདྲའི་མི་སྣ་ཐུག་ན་འགྲིག་གི་མི་འདུག་ཅེས་མང་པོས་བཤད་ཀྱི་འདུག རྒྱ་གར་གཞུང་གིས་ཀྱང་དེ་ག་རང་བཤད་ཀྱི་འདུག དབྱིན་ཇིའི་སྐད་བྱས་ན་ (Sensitive) ཡིད་གཟབ་བྱེད་དགོས་པའི་གནད་དོན་ཡོད་པ་ཤེས་དགོས་པ་ཡིན། དེ་ལུགས་ཀྱི་ང་ཚོས་ཕར་ཕྱོགས་ནས་ (No) ཟེར་བའི་ཚིག་སྡུག་པ་འདི་མ་ཐོན་པའི་ཐབས་མཁས་པོ་བྱས་ན་ཡག་གི་རེད། ཤེས་སོང་ངམ། བར་སྐབས་གནས་ཚུལ་འདི་འདྲ་བྱུང་བ་ཁྱེད་རང་ཚོར་བཤད་འདོད་བྱུང་བ་ལྟར་བཤད་པ་ཡིན། ང་རང་ཚོའི་སྤྱི་ཚོགས་ནང་གཏམ་བརྗོད་རང་དབང་ཡིན། གང་ཡང་བཤད་ཆོག་ལ། བཤད་དགོས་པའང་རེད། ཡིན་ནའང་དངོས་ཡོད་གནས་ཚུལ་ཆ་ཚང་རྟོགས་ནས་བཤད་དགོས་པ་ལས་མགོ་མ་ཚོས་པའི་སྐད་ཆ་དཀྲོག་གཏམ་དང། སྲང་ལམ་བར་གྱི་སྐད་ཆ་ལྟ་བུ་བཤད་ན་ཡག་པོ་མི་འདུག ཤེས་སོང་ངམ། གཟབ་གཟབ་བྱེད་དགོས། ཞེས་བཀའ་སྩལ།།

About ལས་འབྱེད།