མདོ་སྨད་ཡུལ་གྱི་མཚོ་ཆུང་འགའ་ངོ་སྤྲོད།

མཚོ་སྔོན་པོའི་ནུ་རྩེ།

མཚོ་སྔོན་པའི་ནུ་རྩེ་ནི། མཚོ་སྔོན་པོའི་ལྷོ་ཕྱོགས་ཀྱི་ཁམས་བསང་བྱེད་ས་ཞིག་ཡིན་ལ། ཅང་ཤེས་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ ༡༡ གིས་ཆོད་པའི་མཚམས་ཀྱི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ངོས་སུ་འབྲེལ་ཡོད། འདིའི་སྲིད་ལ་སྤྱི་ལེ་༢་དང་ཞེང་ལ་སྨི་༢༠༠ཙམ་ཡོད། འདི་ནི་མི་ཞིག་གི་མིད་ཐག་ཕྲེང་འགག་ཏུ་སྐྱེས་ཡོད་པའི་ནུ་ལྕེ་ལྟ་བུ་ཞིག་ཡིན་པས་མིང་ཡང་མཚོ་སྔོན་པོའི་ནུ་ལྕེ་ཞེས་ཐོགས། འདི་ལ་ནུ་ལྕེ་ཆེ་ཆུང་གཉིས་ཡོད་དེ་ད་ལྟ་མཚོ་སྔོན་པོའི་ལྷོ་ཕྱོགས་ཀྱི་གནས་སྐོར་ཁམས་བསང་བྱེད་ས་ཡག་པོ་ཞིག་ཡིན་པའོ། །

མཚོ་རྣ་ལུང་།

མཚོ་རྣ་ལུང་ལུང་ནི་རིག་སྨོན་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ་༢༠ཡས་མས་མཚམས་ཀྱི་མཚོ་སྔོན་པོའི་འགྲམ་ན་ཡོད། རིག་སྔོན་ཆུ་ནི་མཚེའུ་འདི་བརྒྱུད་ནས་མཚོ་སྔོན་པོར་འབབ་ཀྱིན་ཡོད། མཚེའུ་འདི་དང་མཚོའི་མགོའི་བྱང་ཤར་མཚོ་འགྲམ་གྱི་མཚོ་ཆུང་ནོར་བུ་(མཚེའུ་འདི་ཡོད་ས་ནི་མཚོ་བྱང་ཁུལ་མདའ་བཞི་རྫོང་གི་ས་ཐོག་ཡིན)གཉིས་ནི་མཚོ་སྔོན་པོའི་རྣ་ལུང་དང་འདྲ་བར་བཤད་པས་མིང་ལ་མཚོ་རྣ་ལུང་ཟེར་ལ། མཚེའུ་འདིའི་ཚུགས་ཀ་ནི་རྒྱང་ནས་བལྟས་ན་ལོང་གའི་དབྱིབས་དང་མཚུངས་ཕྱིར་མཚོ་ལོང་ག་ཞེས་འབོད་སྲོལ་ཡང་ཡོད། འདི་ནི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་མཚོ་མགོའི་ལྷ་མཚོ་རྣམ་གསུམ་དུ་འབོད་པ་ལས་གཅིག་ཡིན་ནོ། །

མཚོ་ལུང་མཚོ་བདུན།

མཚོ་ལུང་མཚོ་བདུན་ནི་རིག་སྨོན་གྲོང་རྡལ་སྲིད་གཞུང་གི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ་༢༩ལྷག་གིས་ཆོད་པའི་ས་ཕྱོགས་ཏེ། ནེའུ་གསེང་གོང་ཁའམ་ཉི་ཟེར་གོང་ཁའི་ལྷོ་ཕྱོགས་ན་ཡོད། ཨ་མ་ཟོ་དགུའི་རྒྱབ་ཕྱོགས་ཀྱི་ལུང་གཞུང་ཞིག་ཏུ་མིང་ལ་སོ་སོར་ལྷ་མོའི་ཞལ་ཁྲུས་དང་། གཡུ་མཚོ། བྱུར་མཚོ། མུ་ཏིག་མཚོ། མུ་མེན་མཚོ། པད་རག་མཚོ། ཡེ་ཤེས་མཚོ་རུ་གྲགས་ཤིང་ཡིད་དུ་འོང་བའི་མཚོ་ཆུང་བདུན་ཡོད་པས། ལུང་པ་དེ་ལ་མཚོ་ལུང་ངམ་མཚོ་བདུན་ལུང་པ་ཞེས་ཐོགས་པ་ཡིན། མཚོ་ཆུང་དེ་དག་ལས་ཅུང་ཟད་ཆེ་བ་དེ་ཨ་མ་ཟོ་དགུའི་རྫ་སྟོད་དུ་ཡོད་ལ། དེའི་མིང་ལ་མཚོ་དམར་ཟེར། མཚོ་དེ་ཧ་ཅང་བྱིན་རླབས་ཅན་ཞིག་ཡིན་པར་གྲགས་པས། རྒྱལ་དབང་སྐུ་ཕྲེང་གསུམ་པ་སོགས་སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་སྐུ་འབུམ་བྱམས་པ་གླིང་དུ་ཞལ་བཞུགས་དུས། ཁོང་རྣམ་པ་གསོལ་ཆུ་མཚོ་ཆུང་བྱིན་རླབས་ཅན་དེའི་མཚོ་ཆུ་དྲེའུ་རྟ་མང་པོར་བརྟེན་ནས་སྐྱེལ་འདྲེན་བྱས་མྱོང་སྐད། མཚོ་ཆུང་གཞན་དྲུག་ནི་ཨ་མ་ཟོ་དགུའི་རྫ་འདབས་སུ་ཡོད།

མཚོ་ཆུང་ཕྱུག་མོ།

མཚོ་ཆུང་ཕྱུག་མོ་ནི་རིག་སྨོན་གྲོང་རྡལ་སྲིད་གཞུང་གི་ལྷོ་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ་༢༠ཡི་མཚམས་ཀྱི་མཚོ་ཕྱུག་ཐང་གི་དཀྱིལ་དབུས་སུ་ཡོད་ཅིང་། མཚོ་འདི་ནི་ཆར་ཆུ་ཧ་ཅང་མོད་པའི་ལོ་ལ་རྒྱས་ཐུབ་པ་ཞིག་ཡིན་པར་བཤད། ངག་རྒྱུན་ལ། སྔོན་ཆད་མཚོ་འདིའི་ཉེ་འཁོར་གྱི་གཉུག་མའི་བོད་རིགས་འབྲོག་སྡེ་དག་གིས་ནམ་རྒྱུན་མཚོ་ཆུང་འདི་མཆོད་པའི་སྟབས་ཀྱིས། ཕྱོགས་འདིར་གནམ་ལོ་དུ་ཤར་ལ་ཆར་ཆུ་དུས་སུ་བབས་ནས་ཕྱུགས་རིགས་ཀྱི་འཕེལ་ཁ་རྒྱས་ཏེ། འབྲོག་དམངས་རྣམས་དུས་ཡུན་རིང་པོའི་ནང་འབྱོར་ཕྱུག་གི་དཔལ་དང་ལྡན་པར་གྱུར་པས། འདི་ལ་ངང་ངམ་ཤུགས་ཀྱིས་མཚོ་ཆུང་ཕྱུག་མོ་ཞེས་བསྔགས་ཤིང་མིང་ཡང་དེ་སྐད་དུ་ཐོགས་པར་བཤད་དོ། །གཞན་ཡང་ཡུལ་འདིའི་རྒན་རབས་པའི་ངག་སྒྲོས་ལྟར་ན། ཕྱིས་སུ་སོག་པོས་ས་འདི་བཟུང་བཟུང་སྐབས། མཚོ་ཆུང་ཕྱུག་མོ་ཞེས་པའི་དོན་ལས་མཚོ་ཕྱུག་མོ་ཞེས་པ་ཙམ་སོག་སྐད་དུ་བསྒྱུར་ནས་འདི་ལ་ “བ་ཡན་ནོར”དུ་བཏགས་པ་ཡོངས་གྲགས་རྒྱུན་འབྱམས་སུ་སོང་ཡོད།

ཀུན་དགའ་མཚོ།

ཀུན་དགའ་མཚོ་ནི་ཐང་སྐར་མ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་ཀྱི་ས་ཁད་གཉིས་སུ་ཡོད་དེ། གཉིས་ཀའི་བར་ཐག་ལ་སྤྱི་ལེ༢ཙམ་ཡོད། མཚེའུ་གོང་མ་ནི་ཚྭ་མེད་མཚེའི་དང་། ཞོལ་མ་ནི་ཚྭ་ཡོད་མཚེའུ་ཡིན། སྔར་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་ཆིན་རྒྱལ་རབས་ཀྱི་བཙོན་དམག་གིས་རྒྱ་ནག་ལ་འཁྲིད་པའི་ལམ་བར་དུ། དཔལ་ལྡན་ལྷ་མོས་ཁོང་ཉིད་ཁྲིམས་འོག་ནས་ཐར་དུ་བཅུག་ས་སྟེ། མཚོ་འདིའི་ཉེ་ཕྱོགས་ཡིན་པ་ནི་ཁོང་གི་གསང་རྣམ་དུ་གསལ་ལོ། །སོག་སྐད་ཀྱིས་འདི་ཀུན་དགའ་ནོར་ཟེར། ཀུན་དགའ་ནོར་ཟེར་བ་དེ། སོག་པོས་ས་འདི་བཟུང་སྐབས། ཡུལ་འདིའི་བོད་ཀྱི་གཉུག་མའི་ས་མིང་ཀུན་དགའ་མཚོ་ཞེས་པའ་མཚོ་ཡི་དོན་ཙམ་སོག་སྐད་དུ་བསྒྱུར་ཏེ། བོད་སོག་སྐད་གཉིས་སྦྲགས་མའི་ཚུལ་དུ་བཏགས་པ་ཞིག་རེད།

མཚོ་ཏ་ལེན།

མཚོ་ཏ་ལེན་ནི་ས་གྲུ་བཞི་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ་༨ ཙམ་གྱི་མཚམས་ཏེ། དབོ་ཡེ་ཆུའི་ཆུ་རྔ་ན་ཡོད། མཚེའུ་འདིའི་ཆུ་ངོས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༣།༩༧ དང་། འདིའི་ཆུ་ངོས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི་༢༨༦༢ ཆ་སྙོམས་ཀྱི་གཏིང་ཚད་ལ་སྨི་༡།༦བཅས་ཡོད། མཚེའུ་འདིའི་ཆུ་རྒྱུན་གྱི་ཁུངས་གཙོ་བོ་ནི་དབོ་ཡེ་ཆུ་དང་ས་འོག་གི་ཆུ་ཡིན་ཞིང་། ཚྭ་མེད་མཚེའུར་གཏོགས། ཤར་ནས་ནུབ་ཕྱོགས་སུ་མཆེད་པའི་སྒང་རྒྱུད་ཅིག་གིས་མཚེའུ་འདི་ལྷོ་བྱང་གཉིས་སུ་བཅད་ཡོད་ལ། ཤར་སྟོད་དུ་ཉག་ཁིས་ཤིག་ཀྱང་ཡོད་པར་བརྟེན། མཚེའུ་འདིའི་ཆགས་ཚུལ་ནི་ཏ་ལེན་ཞིག་གི་དབྱིབས་དང་མཚུངས་པས་མིང་ཡང་དེ་སྐད་དུ་ཐོགས།

མཚོ་དཀར་ཏྲིས།

མཚོ་དཀར་ཏྲིས་ནི་ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ་༡༥ཙམ་གྱི་མཚམས་ཏེ། དབོ་ཡེ་ཆུའི་ལྷོ་འགྲམ་དུ་ཡོད། རྒྱ་ཁྱོན་ལ་ཧ་ལམ་མུའུ་༢༠༠ ཡོད་ཅིང་། ཚྭ་ཡོད་མཚེའུ་ཞིག་ཡིན། མཚེའུ་འདིའི་ཆུ་ངོས་སུ་ཚྭ་ཆུ་དཀར་པོས་ཡོངས་སུ་ཁྱབ་ཡོད་པས་མིང་ཡང་དེ་སྐད་དུ་ཐོགས།

About རྩོམ་སྒྲིག་པ།