བློན་པོ་གསེར་ཆེན།

གནས་རི་འདི་ཆབ་ཆ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སམ། མཚོ་ཁྲི་ཤོར་རྒྱལ་མོའི་ལྷོ་འགྲམ་དུ་ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད་༣༦°༠༥་ནས་༣༦°༣༢་ཀྱི་མཚམས་དང་། ཤར་གྱི་གཞུང་ཚད་༡༠༠°༢༤་ནས་༡༠༠°༤༢་ཀྱི་མཚམས་ན་ཡོད།

འདིའི་ཤར་ནས་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ་༢༢་དང་། མཐོ་ཚད་ལ་མཚོ་ངོས་ལས་སྨི་༤༥༡༡ཡོད། གནས་རི་འདིའི་རྩེ་མོ་རྫ་རི་དང་སྐེད་པ་སྤང་རི་ཡིན། རི་དྭགས་དང་གཅན་གཟན་གྱི་རིགས་ལ། དྲེད་མོང་དང་གླ། ཁ་ཤྭ། རྒོ་དམར། སྤྱང་ཀི། ཝ། གཡི་དཀར། བྱི་བ། རི་བོང་། ཨ་བྲ། བྱི་ལོང་། སྲེ་མོ་སོགས་ཡོད། འདབ་ཆགས་ཀྱི་རིགས་ལ། རྒོད་ཐང་དཀར་དང་ཐང་ནག གླག  བྱ་གོ་བོ། བྱ་ནེ་ལེ། བྱ་ཕོ་རོག བྱ་སྲེག་པ། བྱ་གོང་མོ། བྱ་ཕུག་རིན། བྱེའུ་སྣ་ཚོགས་བཅས་ཡོད།

ངག་རྒྱུན་དང་པོ། བློན་པོ་གསེར་ཆེན་ནི་ཡུལ་ཕྱོགས་གཞན་ནས་འཁྱམས་ཡོང་བ་ཞིག་ཡིན་པས་རུ་ཡོང་གྲོགས་མེད་རྣམས་ལ་ལྷག་ཏུ་སྤྲོ་ཞིང་སྡོངས་གྲོགས་བྱེད། དེ་བས་ས་མཐའ་ནས་ཡོང་བའི་མགོན་མེད་སྐྱབས་མེད་རྣམས་དོན་རྐྱེན་ཞིག་ལ་ཐུག་ཚེ་བློན་པོ་གསེར་ཆེན་ལ་བསང་མཆོད་འཕྲིན་བཅོལ་བྱེད་པའི་གོམས་སྲོལ་འདུག་པའོ། །

ངག་རྒྱུན་གཉིས་པ། བློན་པོ་མགར་སྟོང་བཙན་གྱིས་དམག་སྣ་དྲངས་ཏེ་རི་བོ་འདིར་དགྲ་དང་འཐབ་པས་སྐུ་གྲོངས་པ་ན། ཕྱིས་སུ་ཕྱོགས་འདི་བོད་པ་རྣམས་ཀྱིས་བློན་སྟོང་བཙན་ནི་བཙན་པོའི་རྒྱལ་ཁབ་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང་མཐའ་བཞིའི་རྒྱལ་ཁབ་ལ་མཚན་སྙན་ཁྱབ་པ་སོགས་བླ་ན་མེད་པའི་མཛད་རྗེས་ཆེ་སྟབས། ཁོང་ཉིད་སྐུ་གྲོངས་སའི་རི་བོ་འདིའི་མིང་ལ་བློན་པོ་གསེར་ཞེས་བྱའོ། །

ངག་རྒྱུན་གསུམ་པ། བློན་སྟོང་བཙན་གྱིས་བོད་དམག་འབུམ་ཐེར་གཉིས་ཁྲིད་དེ་རྒྱ་ནག་ལ་གཡུལ་འཐབ་དུས། དམག་སྒར་དེང་སང་གི་ཤ་ལ་ཟེར་བའི་ཀླད་ཆ་དེར་བཏང་ནས་ཡུན་རིང་པོར་བསྡད་ཅིང་གནས་དེར་བློན་ཆེན་གྱི་ཆུང་མར་བུ་ཞིག་བཙས་པས། བཙས་སྟོན་རྒྱ་ཆེར་གནང་ནས་སྔོན་གྱི་བཙན་པོ་རྣམས་ཀྱི་དྲག་པོ་གཡུལ་ཐབས་ཀྱི་ལུགས་ཇི་ལྟ་བ་བཞིན་དར་དང་མདའ་མདུང་གིས་བརྒྱན་པའི་ལབ་ཙེ་ཞིག་བརྩིགས་པར་མ་ཟད། ད་དུང་སྲང་ཆེན་བཅུ་དྲུག་གི་བརྔན་བློབ་པོ་རང་གིས་བཏང་བས་རི་བོ་དེའི་མིང་ལ་བློན་པོ་གསེར་ཆེན་དུ་ཐོགས་སོ་ཟེར།

ངག་རྒྱུན་བཞི་པ། མགར་སྟོང་བཙན་རྒྱལ་པོའི་ཁྲིམས་ལ་ཐོགས་ནས་རི་བོ་འདིའི་ཉེ་འདབས་སུ་བཞུགས་སྐབས། སྲོང་བཙན་སྒམ་པོས་ཕོ་བྲང་པོ་ཏ་ལ་བཞེང་བའི་ཇུས་བཟང་འདྲེན་པར་འཁོར་བློན་རིག་བཟང་གཉིས་གསང་སྟབས་ཀྱིས་ཁོང་སར་བློ་བརྐུ་རུ་མངགས། དེ་གཉིས་སོང་ཤུསལ་དུ་བློ་རྩེ་བརྐུས་སོང་བ་མཁྱེན་ཀྱང་། ཞལ་འཛུམ་ཙམ་མཛད་ནས་བཏང་སྙོམས་སུ་བཞག སྐུ་འདས་རྗེས་རི་བོ་འདིའི་གནས་བདག་གི་སྐུའི་སྐྱེ་བ་བཞེས་ཏེ་དཀར་ཕྱོགས་བསྐྱངས། རྗེས་སོར་ཡུལ་ཁམས་འདིའི་བོད་ཕྱི་རབས་པ་དག་གིས་མགར་དམ་པཔ་ཁོང་གི་ཉམས་པ་མེད་པའི་མཛད་རྗེས་དང་། མཚན་མཆོག་བཟང་པོ་བསྐལ་པའི་བར་སྒྲོག་པའི་དྲན་པའི་གསལ་འདེབས་སུ། གནས་རི་འདི་ལ་བློན་པོ་གསེར་ཆེན་དུ་བོས་ཏེ་ད་ལྟའི་བར་མི་རབས་ནས་མི་རབས་སུ་མཆོད་བཀུར་བྱེད་པ་འདི་བྱུང་ངོ་། །

ངག་རྒྱུན་ལྔ་པ། སྔོན་ཆད་ས་འདི་ཡངས་ཤིང་མཐའ་མེད་པའི་རྩྭ་ཐང་ཞིག་ཡིན་ཞིང་དུད་ཚང་ཁྲི་ཕྲག་གཅིག་བསྡད་ཡོད། དེར་ཆུ་མིག་ཡོད་པ་ལས་ཆུ་བླངས་རྗེས་ཕྱིར་ཁར་རྡོ་ལེབ་ཅིག་གིས་གཅོད་དགོས། སྐབས་དེར་བློན་པོ་མགར་སྟོང་བཙན་ཡུལ་དབུས་ལྷ་ས་ནས་ཁྲིམས་ལ་ཐོགས་ཏེ་མིག་གཉིས་བླངས་པས་རང་གི་བུ་ཆུང་གིས་ཁྲིད་དེ་ས་ཆ་དེར་ཐོན་ཅིང་། རི་བོ་མཐོན་པོ་ཞིག་གི་འདབས་སུ་བསྡད། ཉིན་ཞིག་བུས་ཆུ་བླངས་རྗེས་ཁ་གཅོད་རྒྱུ་བརྗེད་སོང་བས་ཆུ་འཕྱུར། མགར་གྱིས་མཚོ་འཕྱུར་བའི་སྒྲ་ཐོས་ཏེ། བུ་ལ། “མཚོ་འཕྱུར་བ་ཁོ་ཐག་རེད། ང་ཁུར་ནས་རི་མགོར་འགོས་”ཟེར་བས། བུས་ཨ་ཕ་ཁུར་ནས་རི་མགོར་འགོས། (སོང་ཤུལ་ནས་ཚྭ་ཡོད་པའི་ཇ་མཚོ་ནང་ལ་འདྲེས་སྟབས། མཚོ་ལ་ཚྭ་བྲོ་བའི་རྒྱུ་མཚན་དེ་ཡིན་ཟེར།)དེ་ནས་ཨ་ཕས་བུ་ལ། “ད་ངེད་གཉིས་ངལ་གསོ་ཅུང་ཙམ་བྱེད། ཁྱོད་ཀྱིས་ཕྱིར་ལྟོས་དང་། ཅི་ཞིག་མཐོང་བྱུང་། ”ཞེས་དྲིས་པ་ལ། བུས་ “ཆུ་རྒྱས་ཏེ་དུད་ཚང་ཁྲི་ཕྲག་མང་པོ་བསྣུབས་སོང་། ཆུ་རི་རྩེར་སླེབ་ལ་ཉེ།”(མཚོ་སྔོན་པོ་ལ་ཁྲི་ཤོར་རྒྱལ་པོ་ཟེར་དོན་ཡང་དུད་ཚང་ཁྲི་གཅིག་མཚོ་ནང་ལ་ཤོར་བའི་ས་ནས་བཏགས་པ་ཡིན་པར་གྲགས། )དེ་ནས་ཡང་བུས་ཨ་ཕ་ཁུར་ནས་རི་མགོར་འགོས་ཆེ། ཨ་ཕས་བུ་ལ། “ད་ལམ་ཅང་ཨེ་རིག”ཅེས་དྲིས་པ་ན། བུས་བྱ་ཕོ་རོག་གཅིག་གིས་ཁར་གསེར་གྱི་རྡོ་རྗེ་རང་བྱོན་ཞིག་བཟུང་སྟེ་མར་འཕངས་ཏེ་ཆུའི་ཁ་བཅད་པས་ཆུ་འཕྱུར་མཚམས་བཞག་པ་ཨ་ཕ་ལ་བཤད་རྗེས། མགར་གྱིས་ “འོ། ད་སྐྱོན་ཅི་ཡང་མེད། ཆུ་ཡར་མི་ཡོང་ཁོ་ཐག་ཡིན། ང་ཕྱིར་ཁུར་”ཟེར། དེ་ནས་ཕ་བུ་གཉིས་ཀ་རི་མགོ་ལས་བབས་ཏེ་མཚོ་ཁར་སོང་ནས་བལྟས་ཙ་ན། མཚོ་དབུས་སུ་ལྷུན་གྱིས་གྲུབ་པའི་རི་བོ་ཞིག་ཆགས་འདུག མཚོའི་ནུབ་ཕྱོགས་སུ་རྩེ་གསུམ་ཙམ་གྱི་བྲག་དཀར་ཞིག་ཀྱང་གར་ཡོང་འདིར་ཡོང་མེད་པར་གྲུབ་འདུག དེ་ནི་སློབ་དཔོན་པདྨ་འབྱུང་གནས་བྱ་ཞིག་ཏུ་སྤྲུལ་ནས་རྒྱ་གར་གྱི་རི་བོ་མ་ཧཱ་དེ་ཝའི་མགོ་བཅད་ནས་གསེར་གྱི་རྡོ་རྗེར་བསྒྱུར་ཏེ་དོང་ཆུ་ཁར་བཅད་དོ་ཟེར། ད་ལྟ་རྒྱ་གར་གྱི་རི་བོ་དེའི་མགོ་མེད་པར་གྲགས་ཤིང་། མཚོ་སྙིང་མ་ཧཱ་དེ་ཝ་ཟེར་དོན་ཡང་དེ་ཡིན་ཟེར། དུས་དེར་བག་ཧ་གཞོང་ན་འདྲེ་མོ་གདུག་རྩུབ་ཆེ་བ་ཞིག་གནས་འདུག་པ་དེ། མཚོ་འཕྱུར་ནས་ཧ་ཅང་དགའ་བའི་སྐབས་དེར་དེའི་ཁ་བཅད་པར་ཞེ་སྣང་མེ་ལྟར་འབར་ཏེ་བཀའ་འགྱུར་སྟག་ཆེན་བྲག་མགོ་ཟེར་བ་དེའི་མགོ་བཅད་དེ་མཚོ་སྙིང་རི་བོར་བརྒྱབ་ཀྱང་། སློབ་དཔོན་པད་མ་འབྱུང་གནས་ཀྱིས་མཐུ་དང་སྟོབས་ཀྱིས་བཀག་སྟབས། མཚམས་སུ་མཚོ་ནང་དུ་ལྷུང་སོང་ཟེར། (དེང་སང་འདི་ལ་འདྲེ་མོ་བྲག་དཀར་ཐོགས་དོན་གོང་གསལ་གྱི་རྒྱུ་མཚན་ལ་ཐུགས་ཡོད་ཟེར།)མཇུག་མཐར་བློན་པོ་མགར་ཡང་དེང་སང་བློན་པོ་གསེར་ཆེན་ཟེར་བའི་ས་དེ་རུ་ཚེ་ལས་འདས་ཏེ་གཞི་བདག་ཏུ་གྱུར་ནས་སྒང་དེ་ལ་གནས་པའི་དབང་གིས་རི་དེ་ལ་བློན་པོ་གསེར་ཆེན་ཞེས་ངག་རྒྱུན་དུ་ཆགས་པའི་དོན་ཡང་དེ་ཡིན་པར་གྲགས་ཞེས་བཤད་དོ། ། དགེ་འདུན་ཆོས་འཕེལ་གྱི་<<དེབ་དཀར>>གྱི་བར་མཆན་ལས། “སྙིང་དྲུང་བྱ་བའི་ཡུལ་དེ་ཡང་མདོ་སྨད་ཀྱི་ཡུལ་ཞིག་ཡིན་སྙམ་ལ། མཚོ་སྔོན་ལྷོ་ངོས་སུ་བློན་པོ་གསེར་ཆེན་བྱ་བའི་རི་ཡོད་པ་དེར་མགར་ཡུན་རིང་བཞུགས་ཚུལ་ཨ་མདོ་རྣམས་ལ་ངག་སྒྲོས་ཀྱང་སྣང་”ཞེས་གསལ།

About རྩོམ་སྒྲིག་པ།