གསེར་ཆེན་དགེ་བསྙེན་ཆེན་པོའི་བསང་བརྔན་དྲང་སྲོང་ཁྲོས་པའི་གད་རྒྱངས།

༄༅། །ཧྲཱིཿཀུན་ཁྱབ་ཀ་ནས་དག་པ་གདོད་མའི་གཤིས། །རང་བཞིན་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལས། །མ་འགག་སྣང་སྟོང་བདེ་ཆེན་ཡེ་ཤེས་ཀྱི། རོལ་རྩལ་མཁས་ཁྱབ་སྲིད་ཞི་མཉམ་པར་བདལ། རང་ཉིད་སྐད་ཅིག་རིགས་ཀུན་འདུས་པའི་ཞལ། རིག་འཛིན་མ་ཧཱ་གུ་རུ་ཐོད་ཕྲེང་རྩལ། སྐུ་མདོག་དམར་སྨུག་འཛུམ་ཞལ་ཁྲོས་པའི་ཉམས། རྗེས་ཆགས་རྔམ་པའི་སྤྱན་གྱིས་ལྡིར་ཞིང་གཟིགས། ཕྱག་གཡས་རབ་བརྗིད་གསེར་གྱི་རྡོ་རྗེ་གདེངས། གཡོན་པས་དབང་མཛད་དོན་ཡོད་ནོར་ཞགས་བསྣམས། མ་ཚོགས་རིག་འཛིན་བྱེ་བའི་འཁོར་དང་བཅས། སྣང་སྲིད་དྲེགས་པ་ཡོངས་ཀྱི་གཙུག་ན་ཆེ། དེ་མདུན་སྣ་ཚོགས་འཇའ་འོད་གཏིབས་པའི་ཀློང་། གློག་དམར་འགྱུ་བའི་ཆུ་འཛིན་རབ་དཀྲིས་དབུས། རིན་ཆེན་གསེར་གྱི་སྐུ་མཁར་བ་གམ་ཅན། ཁོར་ཡུག་མཛོད་ཆེན་སྟོང་དང་དགུ་བརྒྱས་བསྐོར། དེ་ནང་སེང་འབྲུག་མཇིང་བསྣོལ་པདྨའི་ཁྲིར། གསེར་ཆེན་རྒྱལ་པོ་གཡུ་ཡི་སྨིན་པ་ཅན། རབ་དཀར་ལ་ཐོད་གསེར་གྱི་པ་ཏྲས་བརྒྱན། མཆོང་སྨུག་ཨིནྟྲ་ནི་ལའི་དོ་ཤལ་འཕྱང་། འདོད་འབྱུང་རིན ཆེན་གསེར་གྱི་བུམ་པ་དང་། མ་སངས་འཕྲུལ་གྱི་པོ་སྟི་ཕྱག་ན་འཛིན། བཀའ་འཁོར་དགྱེས་སྡེ་སྲས་བློན་ཕོ་ཉའི་ཚོགས། མཁའ་དང་ས་གཞི་བར་སྣང་ཁྱབ་པར་བཞུགས། དབང་དང་དྲག་པོའི་ལས་ལ་ཆས་པའི་ཚེ། སྐུ་མདོག་སྨུག་ནག་སྤྱན་གསུམ་སྐར་ཆེན་གཡོ། ཟུར་གསུམ་མཆེ་བར་ཁྲག་གི་སྐ་རགས་བཅིངས། ཀི་ལ་དགྱེས་ཤིང་བསོ་ལ་ལྷག་པར་མྱུར། གཡས་པས་རྣོ་ངར་རལ་གྲི་མཁའ་ལ་ཕྱར། གཡོན་པས་ཁམས་གསུམ་འཆིང་བའི་རླུང་ཞགས་ཐོགས། བཙན་མདུང་རུ་མཚོ་དམར་པོ་གྲུ་མོར་བསྟེན། དཔའ་རྫོང་རྡོ་རྗེའི་གོ་ཁྲབ་སྐུ་ལ་གསོལ། །རྟ་མཆོག་ཞུར་ཆེན་གཟི་མིག་ཤུགས་རྩལ་ལྡན། རིན་ཆེན་སྒ་ཆ་ནོར་བུའི་རྒྱན་དྲུག་ཅན། གློག་དམར་མྱུར་བའི་ཤུགས་འཆང་ཆིབས་སུ་བཅིབས།་ཁམས་གསུམ་ཀུན་ཏུ་ཐོགས་མེད་ཡུད་ཀྱིས་རྒྱུ། ཁྱེད་ལ་དགྱེས་པའི་མཆོད་སྤྲིན་དཀར་གསུམ་རྫས། མངར་གསུམ་བཏུང་བས་བྲན་པའི་རོ་མཆོག་དང་། བདུད་རྩིའི་ཕབ་ཀྱིས་བཏབ་པའི་འབྲུ་དང་སྨན། མྱོས་བྱེད་ཁྲག་མཚོར་སྦྱར་བ་དྲག་པོའི་སྐྱེམས། ལྷ་ཤིང་གཡུ་ལོ་མ་ཉམས་ཟིལ་བ་ཅན། འབར་བའི་མེ་ལ་བསྲེགས་པའི་དུད་སྤྲིན་ཆེ། ཟག་མེད་འདོད་ཡོན་རྒྱ་མཚོར་བརླབས་པ་བཅས། རྣམ་མར་ཀུན་བཟང་མཆོད་པའི་རྫས་བཞིན་འབུལ། ལྷ་སྲུང་གཉན་པོའི་ཐུགས་ཀྱི་དགྱེས་པའི་བསྐངས། འགལ་འཁྲུལ་མི་གཙང་གྲིབ་ཀྱིས་ཕོགས་པ་བསང་། དབུ་འཕང་དགུང་ལས་མཐོ་བའི་དགྲ་ལྷ་བསང་། ལས་སྟོབས་དབང་ཤུགས་བཙན་པའི་རླུང་ལྷ་བསང་། དཔའ་རྩལ་ཐོག་ལས་རྒོད་པོའི་ཕོ་ལྷ་བསང་། མཛེས་འཛུམ་ལང་ཚོ་རྒྱས་པོའི་མོ་ལྷ་བསང་། རིགས་རྒྱུད་བུ་ནོར་འཕེལ་བའི་མཚུན་ལྷ་བསང་། ཕྱྭ་གཡང་མཛོད་དུ་སྐྱིལ་བའི་ནོར་ལྷ་བསང་། རྐང་བཞིས་ར་བ་ཁེངས་པའི་ཕྱུགས་ལྷ་བསང་། རོ་ལྡན་བཅུད་དུ་འཁོར་བའི་ཟས་ལྷ་བསང་། དབུ་རྩེ་དགུང་ལ་རེག་པའི་ས་འཛིན་ཆེ། ཟོ་དོར་གསེར་ཆེན་རྡོ་རྗེས་གྲགས་རྩལ་བསང་། གཡས་རི་ཕྲག་པ་ཙམ་ལས་དམའ་བ་ཡི། བློན་ཆེན་བཀའ་ཡི་ཕོ་ཉ་འཁོར་བཅས་བསང་། གཡོན་རི་གྲུ་མོའི་ཚད་དུ་ཟླུམ་པ་ཡི། ཕྱག་ཚང་གཉེར་འཛིན་ལས་བྱེད་ཚོགས་བཅས་བསང་། པང་དུ་གཡུ་ལྗོན་ཚང་ཚིང་འཁྲིགས་པ་ཡི། དགྱེས་སྡེ་བཙུན་མོ་ཞལ་ཏ་འཁོར་བཅས་བསང་། མདུན་རུ་སྤུས་མོའི་མན་ལ་དམའ་བ་ཡི། དཀར་ལྡང་རྫ་རྒན་རི་རྒྱུད་ཡུལ་ལྷ་བསང་། མདུན་གཡོན་གྲགས་པའི་མཚོ་ཆེན་ཁྲི་ཤོར་རྒྱལ། གནས་བདག་ཀླུ་རྒྱལ་ཀླུ་སྨན་འཁོར་བཅས་བསང་། ཁྱད་པར་བསང་བའི་མཐུན་རྫས་དུང་གི་ཤོ། དགུ་མིག་སྲིད་པ་ཆགས་པའི་བླ་མཁར་ལ། དྭངས་པའི་ཡིད་གཟུགས་ཆགས་ཤིང་འཁྲི་བ་ཡི། བླ་རྟེན་གཤིས་ཀྱི་གནས་མལ་གཏན་དུ་ཆོས། གནམ་ས་ཆགས་པའི་སྙིང་པོ་རྡོ་ཡི་བཅུད། སྲོག་སྙིང་ཛཿཡིག་དམར་པོས་བརྒྱན་པ་ལ། དུང་བ་སྐད་ཅིག་མི་ལྷོད་རྗེས་འབྲང་བའི། མཛའ་གཅུགས་སེམས་ཀྱི་རི་མོ་བརྟན་པར་མཛོད། ཙཀྲ་རྩིབས་བརྒྱད་པདྨའི་ལྟེ་བ་ཅན། གླིང་དགུའི་སྨེ་བས་བརྒྱན་པའི་བླ་རྡོ་ལ། ཐབས་ཤེས་ཉི་ཟླའི་སྣང་བ་འབྲེལ་མེད་དུ། ཡང་ཡང་རྒྱུན་དུ་འགྲོག་པའི་ཕ་མཚེར་ཟུངས། དུས་གསུམ་དུས་ལས་འདས་པའི་དུས་ཀྱི་ཚེའི། ཆེ་མཆོག་ཁྲག་འཐུང་རྒྱལ་པོའི་ཐ་ཚིག་དང་། རང་སྣང་དབང་དུ་འདུས་པའི་དུས་ཆེན་པོར། རབ་བྱུང་པདྨ་རྒྱུད་པས་བཀའ་བསྒོས་བཞིན། སངས་རྒྱས་བསྟན་པའི་སྙིང་པོ་ལུང་རྟོགས་ཆོས། བཤད་དང་སྒྲུབ་པས་སྤེལ་བའི་ཆོས་འཁོར་ཆེ། སྲུང་ཞིང་བསྟན་འཛིན་སྐྱེས་མཆོག་རྒྱུད་བཅས་ཀྱི། བུ་འཕང་བ་དན་སྲིད་པའི་བླ་རུ་སྒྲེངས། མ་རུང་བདུད་སྡེ་གཤེད་པོ་བདུད་ཀྱི་དགྲ། སྲིད་གསུམ་རྔམ་ཟས་གཅིག་གིས་རོལ་བ་ཡི། རླག་བྱེད་དྲང་སྲོང་ཁྲོ་བོའི་སྟངས་སྟབས་ཀྱིས། བསྟན་དགྲ་མ་ལུས་མིང་གི་ལྷག་པར་ཐོངས། ལྷ་ཁྱེད་བསྙེན་ཅིང་སྒྲུབ་པའི་རྣལ་འབྱོར་བདག །རྒྱུད་འཛིན་བུ་སློབ་ཡོན་བདག་བཅས་པ་ཡི། ཆོས་མཐུན་བསམ་པ་ཡིད་བཞིན་འགྲུབ་པ་དང་། འབྲེལ་མེད་འགོ་ཞིང་སྐྱོབ་པའི་སྡོང་གྲོགས་མཛོད། བསིལ་ལྡན་ར་བ་དཀར་པོའི་ཆོས་ཀྱི་ཞིང་། སྣོད་བཅུད་རྒུད་པའི་བཀྲག་མདངས་གསོ་བ་དང་། ཆབས་ཅིག་ཕུན་ཚོགས་སྡེ་བཞིའི་འབྱོར་བའི་དཔལ། ལུགས་ཟུང་རྒྱལ་མཚན་རྩེ་མོར་འབར་གྱུར་ཅིག །ཡོངས་རྫོགས་རྒྱལ་བསྟན་ཕྱི་མོ་སྔ་འགྱུར་པ། དེ་ཡི་བསྟན་པའི་ཆུ་མགོ་རྫོགས་ཆེན་པའི། རིང་ལུགས་སྲིད་མཐའི་བར་དུ་མི་ཉམས་ཤིང་། མངའ་ཐང་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག །ཅེས་རབ་གནས་ཆུ་རྟ་ལོའི་ཧོར་ཟླ༡༠ པའི་ཚེས༥ ལ་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་མཚོ་མགོ་གསེར་ཆེན་མདུན་ལུང་ཉེ་འདབས་ནས་སྔགས་རྒྱུན་འཛིན་པ་སྐུ་ཞབས་དཔལ་ལྡན་ལགས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནམ་རྫོགས་ཆེན་པདྨ་སྐལ་བཟང་དེས་བྲིས་པའོ། །

(༢)བསང་མཆོད་བདུད་རྩིའི་མཆོད་ཡོན།

༄༅། །ཨོཾ་སྭ་སྟི། མཆོག་གསུམ་བདག་ཉིད་རྩ་བརྒྱུད་བླ་མ་དང་། མཆོག་ཐུན་དངོས་གྲུབ་སྩོལ་བའི་ཡི་དམ་ལྷར། མཆོག་ཏུ་གུས་པའི་སྒོ་གསུམ་ཕྱག་བྱས་ཏེ། མཆོག་དམན་ཡོང་སལ་གྲགས་པའི་ལས་འདི་སྤེལ། དེ་ཡང་གནས་འདིའི་གཞི་བདག་བློན་པོ་གསེར་དུ་གྲགས་པ་ལ་བསང་མཆོད་བྱེད་པར་འདོད་པས། དཀར་གཏོར། རིལ་བུ་གང་མང་། གསེར་སྐྱེམས། བསང་རྫས་རྣམས་ལེགས་པར་འདུ་བྱས། སྐྱབས་སེམས་ཚད་མེད་བཞི་སྒོམ་པ་སྟོན་དུ་བཏང་། རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས། ཨ་མྲི་ཏའི་བསྣངས་སྭ་བྷ་ལྭས་སྦྱངས། སྟོང་པའི་ངང་ལས་བསང་རྫས་རྨས་ཀྱི་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག་རྣམས་མྱོས་པར་བྱེད་པའི་དམ་རྫས་སྤྱན་རས་གཟིགས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག་རྣམས་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཨོཾ་ས་རྦ་བིད་པཱུ་ར་པཱུ་ར+++སཱ་དྷ་ནི་སཱ་ཧཱ། བདག་གི་བསམ་པའི་སྟོབས་དང་+++འབྱུང་གྱུར་ཅིག །

༣) བསང་མཆོད་བདུད་རྩིའི་མཆོད་ཡོན།

༄༅། །ཀྱཻ་རིན་ཆེན་སྣ་ཚོགས་སྤུད་པའི་རི་བོའི་རྩེར། འཇའ་དང་འོད་ཀྱི་གུར་ཁང་ཡང་ཡང་བཞད། ཡིད་འཕྲོག་ཆུ་འཛིན་སྣ་ཚོགས་ཕྱོགས་བཅུར་འཕྲོ། ཆར་སྦྱིན་བསིལ་མས་གསེར་ལྡན་བཞིན་རས་དཀྲུ། སྐེད་ན་ན་བུན་རིན་ཆེན་ཕྲེང་ལྟར་མཛེས། གཉིས་སྐྱེས་སྣ་ཚོགས་སྙན་ལྷང་ལྷང་སྒྲོགས། འདབས་ན་རིན་ཆེན་མང་པོ་བག་ཕེབས་ཤིང་། རུ་སྡེ་གངས་མེད་ལུ་གུ་རྒྱུད་དུ་བསྟར། ཁོར་ཡིག་ཀུན་ཏུ་མེ་ཏོག་སྣ་ཚོགས་འཁྲུངས། ཞིང་པའི་ལོ་ཏོག་སྙེ་མ་གཡུར་དུ་ཟ། གནས་སྔོན་ཞུན་མ་འཁྱིལ་འདྲའི་མཚོ་ཆེན་པོ། མདུན་ན་རྒྱལ་ཀུན་མཆོད་པའི་ཡོན་དུ་འཁྱིལ། དེ་ལྟར་ཉམས་དགའི་གནས་མཆོག་དམ་པ་ནས། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། བདག་ལ་འགོ་བའི་ལྷ་ཀླུ་གཞི་བདག་རྣམས། འདིར་གཤེགས་རང་རང་དགྱེས་པའི་གདན་ལ་བཞུགས། ཁྱད་པར་སྡེ་འདིའི་བསྟེན་པའི་གཞི་བདག་ཆེ། བློན་པོ་གསེར་ཅན་བཙན་རྒོད་དྲག་རྩལ་ཅན། ཕྱག་གཡས་བཙན་མདུང་དམར་པོ་མཁའ་འ་འཕྱར། གཡོན་གྱིས་གཏེར་གྱུ་ནེའུ་ལེ་ཐུགས་ཀར་འཛིན། དབུ་ལ་གསེར་གྱི་ཐང་ཞུ་ལེགས་པར་གསོལ། སྐུ་ལ་དར་དམར་ན་བཟའ་མང་པོ་སྤྲས། ཞབས་ལ་སག་ལྷམ་དམར་པོ་ལེགས་པར་གསོལ། རབ་དཀར་རྟ་མཆོག་སྟེང་ན་གློག་བཞིན་འགྱུ། འཁོར་དུ་བཙུན་མོ་སྲས་དང་བློན་པོ་ཚོགས། སྤྲུལ་པ་ཡང་སྤྲུལ་བྱེ་བའི་ཚོགས་དང་བཅས། སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། གཞན་ཡང་བྱང་སྐྱོང་ཊ་ཀིའི་གཙོ་མོ་སོགས། ཡུལ་འདིར་གཉུག་མར་གནས་པའི་ལྷ་ཀླུ་དང་། ཁྱད་པར་ཁྲི་གཤོག་མཚོ་སྔོན་ལ་གནས་པའི། ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་འཁོར་བཅས་སོགས། བསང་མཆོད་མགྲོན་དུ་འོས་པ་ཅི་མཆིས་པ། སྐད་ཅིག་ཉིད་ལ་གནས་འདིར་གཤེགས་སུ་གསོལ། ཨོཾ་ཨཱ་ཧཱུཾ། ལན་གསུམ། ཀྱཻ། ཟག་མེད་ཡེ་ཤེས་བདུད་རྩིར་བྱིན་རླབས་པའི། མཆོད་གཏེར་གསེར་སྐྱེམས་བསང་མཆོད་རྒྱ་ཆེན་འདི། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། ཁྱད་པར་སྡེ་འདིའི་འགྲོ་བའི་མགོན་མཛད་པའི། བློན་པོ་གསེར་ཅན་བཙན་རྒོད་དྲག་རྩལ་ཅན། འཁོར་དང་བཅས་པའི་ལྷ་ཀླུའི་ཚོགས་རྣམས་ལ། འབུལ་ལོ་བཞེས་ལ་རྣམ་འབྱོར་དཔོན་སློབ་ཀྱི། བསམ་དོན་ཆོས་བཞིན་འགྲུབ་པའི་སྡོང་གྲོགས་མཛོད། རྩི་བཅུད་མངར་གསུམ་བསྲེགས་པའི་དུད་སྤྲིན་སོགས། ལྷ་ལམ་གང་བའི་ཕྱི་ནང་མཆོད་པའི་ཚོགས། དངོས་བཤམས་ཡིད་སྤྲུལ་ལས་བྱུང་ཇི་འབྱོར་བ། འབུལ་ལོ་བཞེས་ལ་བདག་སོགས་བུ་བཞིན་སྐྱོངས། ཇ་ཕུད་ཆང་ཕུད་གསེར་སྐྱེམས་སོགས་ཀྱིས་མཆོད། འདོད་ཡོན་ལྔ་དང་རིན་ཆེན་བདུན་གྱིས་མཆོད། རྟ་ལུག་བྱ་དང་གོ་མཚོན་སོགས་ཀྱིས་མཆོད། སྤྱུན་གཟིགས་དང་ས་དང་བར་སྣང་གང་བས་མཆོད། མཆོད་དོ་བརྒྱན་ནོ་དགྲ་ལྷ་མཐུ་རྩལ་ཅན། ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་མཛོད། ཕར་འགྲོའི་སྐྱེལ་མ་ཚུར་འོང་བསུ་མཛོད། གང་བསམ་སྟོད་སྨད་ཉིན་སྲིབ་ཐམས་ཅད་དུ། གཉུག་མར་གནས་པའི་ལྷ་ཀླུ་ཐམས་ཅད་ཀྱིས། རབ་ཡངས་བསང་མཆོད་རྒྱ་ཆེན་འདི་བཞེས་ལ། གནས་འདིར་བཀྲ་ཤིས་དགེ་མཚན་ཆར་བཞིན་ཕོབས། འོ་མའི་རྒྱུན་འཛིན་ཡུན་རིང་བཞོས་པ་སོགས། ཤ་ཁྲག་པགས་པའི་དོན་དུ་བསད་པ་སོགས། སྡིག་ཅན་ཤན་པའི་ལག་ཏུ་གཏད་པ་རྣམས། སྙིང་ནས་མཐོལ་ལོ་བཤགས་སོ་བཟོད་པར་བཞེས། དཀར་ཐབ་དམར་ཐབ་གཞོབ་དྲི་ངན་སོགས། གཞི་བདག་དཀར་ཕྱོགས་སྐྱོང་མཛད་ཁྱེད་རྣམས་ལ། ཕོག་ཐུག་ནོངས་པ་སྙིང་ནས་མཐོལ་ལོ་བཤགས་ན། བཟོད་པར་བཞེས་ལ་ཚངས་པར་སྩལ་དུ་གསོལ། འཇིག་རྟེན་ཁམས་སུ་བདེ་སྐྱིད་ལོ་ལེགས་དང་། ཉམས་པ་མེད་པར་ཕྱོགས་ཀུན་གསལ་གྱུར་ཅིག མདོར་ན་ཡུལ་འདིའི་སྐྱེ་འགྲོ་མཆོག་དམན་ཀུན། གཞི་ལམ་བྱེས་གསུམ་གར་འགྲོ་གར་འདུག་ཀྱང་། དགྲ་ཇག་ཆོམ་རྐུན་འཇིགས་པ་ལས་བསྐྱབས་ཏེ། ཚེ་བསོད་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། གསེར་སྐྱེམས་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། །ཨོཾ་ཨཱ་ཧཱུཾ། འདོད་ཡོན་ལྔ་ལྡན་གསེར་སྐྱེམས་མཆོད་པ་འདི། སྐྱེས་བུ་གསུམ་གྱི་ལམ་གྱི་སྲུང་མ་གཙོ། མྱུར་མཛད་མགོན་དང་རྣམ་སྲས་ལས་གཤིན་སོགས། བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུམ། བཞེས་དང་བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས། ལམ་བཟང་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། མཐུན་རྐྱེན་དཔལ་འབྱོར་ལེགས་ཚོགས་མ་ལུས་པ། ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། ལོ་ཟླ་ཞག་དུས་རྒྱུ་བའི་ལྷ་རྣམས་དང་། ཁྱད་པར་གནས་འདིའི་སྟོད་སྨད་ཉིན་སྲིབ་ཏུ། གཉུག་མར་གནས་པའི་ལྷ་དང་ཀླུ་ཡི་ཚོགས། རབ་ཡངས་ཕྱོགས་ཀྱི་འཁོར་ལོ་མཉམ་ལ་འབུལ། བཞེས་ནས་བདག་ཅག་ཡོན་མཆོད་བུ་བཞིན་སྐྱོངས། ཆོས་ལྡན་བསམ་དོན་ཐམས་ཅད་ཡིད་བཞིན་དུ། འགྲུབ་པའི་སྡོང་གྲོགས་གཡེལ་བ་མེད་པར་མཛོད། འཇིག་རྟེན་ཡོངས་ལ་བདེ་སྐྱིད་ཉི་མའི་འོད། ནམ་ཡང་ཉམས་པ་མེད་པར་གསལ་གྱུར་ཅིག །ཨོཾ་བཛྲ་ཨ་མྲྀ་ཏ+++སྟོང་པའི་ངང་ལས་བྷུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་དཀར་གསུམ་ཟག་པ་མེད་པའི་ཡི་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་གྱུར། ཨོཾ་ཨཱ་ཧཱུྃ། ལན་གསུམ། ན་མཿསརྦ་ཏ་ཐ་ག+++ཧཱུཾ། ལན་བདུན། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་+++ཕྱག་འཚལ་ལོ། ཀྱེ། ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། བདུད་རྩི+++སྒྲུབ་པར་མཛོད། བདག་གི་བསམ་པའི་+++འབྱུང་གྱུར་ཅིག ཀྱེ། ཡུལ་ལྷ་གཞི་བདག་འཁོར་བཅས་ཀྱིས། བསངས་ཀྱི་མཆོད་ཚོགས་འདི་བཞེས་ལ། བདག་ཅག་ཡོན་མཆོད་འཁོར་བཅས་ལ། ནད་མེད་ཚེ་རིང་དབང་ཕྱུག་དང་། དཔལ་དང་གྲགས་དང་བསྐལ་བཟང་དང་། ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། ཞི་དང་རྒྱས་ལ་སོགས་པ་ཡི། ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། དམ་ཚིག་ཅན་གྱིས་བདག་ལ་སྲུངས། དངོས་གྲུབ་ཀུན་གྱི་གྲོགས་མཛོད་ཅིག། དུས་མིན་འཆི་དང་ནད་རྣམས་དང་། གདོན་དང་བགེགས་རྣམས་ཞི་བ་དང་། རྨི་ལམ་དང་ངན་མཚན་མ་ངན། བྱ་བྱེད་ངན་རྣམས་མེད་པར་མཛོད། འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། བདེ་ལེགས་ཐམས་ཅད་འབྱུང་བའི་གནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག ཡི་གེ་བརྒྱ་བརྗོད། མ་རྙེས་ཡོངས་སུ་སོགས་ཀྱིས་བཟོད་གསོལ་རྣམས་སྤྱི་འགྲོས་ལྟར་བྱའོ། །

སྨྲས་པ། སྔོན་བྱོན་དམ་པའི་གསུང་དེ་ཡལ་བོར་ནས། བདག་འདྲས་བསྐྱུགས་པའི་ཡིག་ཧྲུལ་ངན་སྐྱུགས་ཚོགས། འཐུངས་ལ་དོན་གཉིས་སྒྲུབ་པར་འདོད་པ་ཀུན། མཁའ་དབྱིངས་པདྨོར་ལག་པས་རེག་དང་མཚུངས། དེ་ལྟར་ན་ཡང་དད་ལྡན་ཕུན་ཚོགས་ཀྱིས། ཡང་ཡང་བསྐུལ་བའི་ངོ་བོ་མ་ལྡོག་ཙམ། འདིས་མཚོན་རྣམ་དཀར་དགེ་ཚོགས་ཡོད་དོ་ཅོག འགྲོ་ཀུན་དོན་གཉིས་འགྲུབ་པའི་རྒྱུ་གྱུར་ཅིག

༤) ངག་གསང་།

༄༅། །ཕྱི་རྫ་གསུམ་གྱི་ནང་རྫ་ན་བཞུགས་ནི། ནང་རྫ་གསུམ་གྱི་དང་པོ་ན་བཞུགས་ནི། རྫ་རི་ཟུར་གསུམ་དྲག་པོའི་ཕོ་བྲང་ན་བཞུགས་ནི། འབོལ་བ་སེར་པོའི་ཁྲི་སྟེང་ན་བཞུགས་ནི། ཤེལ་དཀར་ཡངས་པའི་ནང་ཤེད་ན་བཞུགས་ནི། འཇའ་ཚོན་སྣ་ལྔའི་གུར་ཁང་ན་བཞུགས་ནི། ཆིབས་སུ་རྟ་མཆོག་དཀར་པོ་བཅིབས་ནི། ཕྱག་གུས་བཙན་མདུང་དམར་པོ་བསྣམས་ནི། གཡོན་པ་ཡིད་བཞིན་ནོར་བུ་བསྡམས་ནི། ལུས་ལ་དུང་ཁྲབ་དཀར་པོ་མནབས་ནི། དབུ་ལ་གསེར་ཞུ་མཐིང་ཞུ་མནབས་ནི། བཙན་ཚོགས་གསུམ་གྱི་འཁོར་ཚོགས། བཙན་དམག་འབུམ་གྱི་གཙོ་བོ། ལྷ་ཡི་དགེ་བསྙེན་ཆེན་པོ། སྐྱེས་ལྷ་བླ་རི་དཀར་པོ། གསེར་ཆེན་བཙན་རྒོད་འབར་བ། ཞེས་པ་ངག་སྒྲོས་སུ་ཡོད་པའི་བསང་འབོད་བྱེད་སྐབས་ཀྱི་འདོན་ཆོས་ཤིག་ཡིན། བློན་པོ་གསེར་ཆེན་ཆབ་འགག་ཡུལ་དང་སྐྱིད་ཉི་ལུང་བཅས་ཀྱི་སྐྱེས་ལྷ་སྐྱེས་རི་དང་ཡུལ་ལྷ་གཞི་བདག་ཡིན་པ་དང་། ལྷ་ཀླུ་གཉན་གསུམ་ལས་གཉན་གྱི་གྲས་སུ་བགྲང་དགོས་པའོ། །

About རྩོམ་སྒྲིག་པ།