མི་རབས་བཞི་བའི་མགོ་ཁྲིད་ཧུའུ་ཅིན་ཐའོ།

ཧུའུ་ཅིན་ཐའོ་ནི་ཅང་སུའུ་ཐའེ་ཀྲོའུ་རུ་༡༩༤༢ ལོའི་ཟླ་༡༢ ཚེས་༢༡ ཉིན་སྐྱེས་པ་དང༌། ༡༩༥༩ ལོར་ཆིན་ཧུ་སློབ་གྲྭ་ཆེན་མོའི་ཆུ་བེད་བཟོ་སྐྲུན་ཚན་པར་སློབ་གཉེར་བྱས་ཏེ། བཟོ་བཀོད་པའི་ལག་ཁྱེར་ཐོབ། ༡༩༦༨ ལོར་ཀན་སུའུ་ལིའུ་ཅན་ཆུ་མཛོད་ས་ཚིགས་སུ་ལས་ཀ་བྱས། ༡༩༧༤ ལོར་ཀན་སུའུ་འཛུགས་སྐྲུན་ལྷན་ཁང་གི་དྲུང་ཡིག་གི་འགན་ཁུར། ༡༩༨༡ལོར་དབུས་ཏང་གི་སློབ་གྲྭར་ཏིན་ཞའོ་ཕིན་གྱི་བུ་མོ་ཏིན་ནན་དང་། ཧུའུ་ཡའོ་པང་གི་བུ་ཧུའུ་ཏེ་ཕིན་གཉིས་འཛིན་གྲྭ་གཅིག་ཏུ་འཁེལ་ཏེ། དེ་དག་བརྒྱུད་ཏིན་ཧུའུ་གཉིས་ངོ་ཤེས། ༡༩༨༤ ལོར་པེ་ཅིན་དུ་གནས་སྤོས་ཀྱིས་དབུས་གུང་གཞོན་ཚོགས་པའི་ཧུའུ་ཅི་དང་པོའི་འགན་ཁུར། ༡༩༨༥ ལོར་ཀོས་ཀྲོའུ་ཞིང་ཆེན་གྱི་ཧྲུའུ་ཅིར་མངགས། ༡༩༨༨ ལོར་བོད་རང་སྐྱོང་ལྗོངས་ཀྱི་ཧྲུའུ་ཅིར་བསྐོས། ལྷ་སར་བོད་མིའི་གྱེན་ལངས་ལ་དྲག་གནོན་བྱས་པས། ཏིན་ཞའོ་ཕིན་དང་དབུས་ཀྱི་མགོ་ཁྲིད་ཚོའི་བློར་བབས་པ་དང༌། ༡༩༩༢ ལོར་པེ་ཅིང་དུ་བསྐོངས་ཏེ་རྩ་འཛུགས་(ལས་བྱེད་བསྐོ་གཏོང༌། ) ཀྱི་ལས་ཀ་བྱེད་དུ་བཅུག་པ་མ་ཟད། ཅང་ཙེ་མིན་གྱི་ཤུལ་རྒྱུན་འཛིན་མཁན་དུ་གཏན་འཁེལ་བྱས་ཏེ། དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དང་། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིར་བསྐོས། ཅང་ཙེ་མིན་གྱི་ལས་རོགས་ལོ་བཅུ་ཙམ་གྱི་རྗེས་ཏེ། ༢༠༠༢ ལོ་མཇུག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་དང༌། ༢༠༠༣ ཟླ་༣ ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ༢༠༠༤ ཟླ་༩ ནང་དབུས་དམག་དོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཅས་རིམ་པ་གསུམ་གྱི་སྒོ་ནས་ཅང་ཙེ་མིན་གྱི་དབང་ཆ་རྒྱུད་འཛིན་བྱས་ཤིང་། མི་རབས་བཞི་བའི་མགོ་ཁྲིད་ཐུན་མོང་”གི་དུས་རབས་མགོ་ཚུགས།

མི་རབས་བཞི་བའི་མགོ་ཁྲིད་ཐུན་མོང་ནི་“དར་དམར་འོག་འཚར་ལོངས་བྱུང་མཁན་ཤ་སྟག་ལས། གསར་བརྗེའི་ནང་ཞུགས་མྱོང་མཁན་སུ་གང་མེད་ལ། །གསར་བརྗེ་རྒན་རབས་པ་ནང་བཞིན་གྱི་དབང་གྲགས་ཡོད་མཁན་ཡང་གཅིག་ཀྱང་མེད། ཁོ་ཚོའི་གྲས་མང་ཆེ་བ་ཚན་རིག་སྦྱངས་ནས་ཡོང་མཁན་ཡིན་པས། བཟོ་བཀོད་པས་རྒྱལ་ཁབ་སྐྱོང་བ་ཞེས་ཟེར་སྲོལ་ཡོད། མི་འདིའི་རིགས་ཀྱིས་ལས་ཀའི་དོན་འབྲས་དང་འཆར་གཞི་གཙིགས་སུ་འཛིན་ཞིང་། ཕྱིའི་འཛུགས་སྐྲུན་གྱི་ལས་གཞི་ཆེ་ཁག་གང་ཞིག་ཡིན་ཡང་ཁོ་ཚོ་ལ་དཀའ་སྣང་སྤྲོད་མི་ཐུབ་མོད། སྐྱོན་ཆེ་ཤོས་ནི་ཁྲིམས་ལུགས་ཀྱི་ལམ་ལུགས་དང་ནང་བསམ་བློའི་འཛུགས་སྐྲུན་ཐད་དོ་སྣང་ཆུང་བའི་སྐྱོན་འདོན་བྱེད་ཀྱི་ཡོད།

༡) སར་སི་གློ་ནད།

སར་སི་sARs གློ་ནད་འདི་༢༠༠༢ ཟླ་༡༡ ནང་ཀོང་ཏུང་ཞིང་ཆེན་དུ་ཁྱབ་མགོ་ཚུགས་པ་དང་། ཟླ་གཅིག་ཙམ་རྗེས་དམངས་ཁྲོད་དུ་དེའི་སྐོར་གཏམ་གྱར་དང་སྔོན་འགོག་གི་ཐབས་ཤེས་འདྲ་མིན་བྱས་ཡོད་པ་དང༌། དྲ་རྒྱའི་ནང་དུ་གླེང་སློང་བྱས་པའང་རྒྱ་གཞུང་གིས་༢༠༠༤ ཟླ་༤ ཟླ་སྟོད་བར་འགོག་སྡོམ་བྱས། དེའི་བར་རྒྱ་གཞུང་གིས་ཕྱི་ཟླ་༢ ནང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་wHo ལ་ནད་ཡམས་སྐོར་རོབ་ཙམ་བཤད་ཡོད་ཀྱང༌། ནད་ཡམས་ཁྱབ་ཁུལ་ལ་རྟོག་ཞིབ་ཏུ་བཏང་མེད། དེ་དུས་རྒྱ་ནག་གི་དཔྱིད་གསར་དུས་ཆེན་ལ་འཁེལ་ཏེ་མི་རྣམས་ཕྱོགས་བཞི་མཚམས་བརྒྱད་དུ་འགྲོ་འོང་མང་བས། ནད་ཡམས་དེ་རྒྱ་ནག་གི་ས་ཆ་གང་སར་ཁྱབ་པ་དང་། རིམ་པས་ཧོང་ཀོང་དང་། དེ་ནས་སིང་གྷ་པུར། ཐའེ་ཝན། ཁེ་ན་ཊ་སོགས་རྒྱལ་ཁབ་སུམ་ཅུ་ལྷག་ལ་ཁྱབ་པ་དང་། ༢༠༠༣ ཟླ་༧ ཚེས་༣༡ བར་ནད་ཡམས་འགོས་མཁན་མི་༨༠༦༩ དང༌། འདས་

གྲོངས་ཕྱིན་པ་༧༥༥ བྱུང་ཡོད།

ཟླ་༣ ཚེས་༡༢ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཉེན་བརྡའི་ཐ་ཚིག་བསྒྲགས་རྗེས། ཟླ་༤ ཚེས་༢

ཉིན་རྒྱ་གཞུང་གིས་གཞི་ནས་ WHO ལ་གནས་ཚུལ་ཆ་ཚང་བ་ཞིག་སྤྲད། རྒྱ་ནག་གི་འཕྲོད་བསྟེན་བློན་ཆེན་ཀྲང་ཝུན་ཁང་གིས་ཟླ་༤ ཚེས་ཉིན་གསར་འགོད་པར་པེ་ཅིན་དུ་ནད་ཡམས་དེ་ཞི་འཇགས་སུ་ཕྱིན་ལུགས་དང་། ས་ཆ་གཞན་གྱི་གནས་སྟངས་ཛ་དྲག་དེ་ཙམ་མེད་ལུགས་བསྒྲགས་ནས་གྲངས་ཐོ་ངོ་མ་སྦས་གསང་བྱས། རྒྱ་དམག་གི་སྨན་པ་ཞིག་གིས་ནད་ཡམས་དེའི་གནས་ཚུལ་རྒྱ་ནག་གི་གསར་འགྱུར་ཁང་ཁ་ཤས་ལ་བསྐུར་བར་དེ་ཚོ་འཇམ་ཐིང་ངེར་བསྡད་པ་དང་། དེ་ནས་ཨ་རིའི་དུས་བབ་Timesདུས་དེབ་ལ་བསྐུར་ཏེ་གནས་ཚུལ་འགོད་སྤེལ་བྱས་པས། གཞི་ནས་ནད་གཞི་དེ་འཛམ་གླིང་སྟེང་ཤེས་རྟོགས་བྱེད་ཐུབ་པ་བྱུང་།

ཟླ་༤ ཚེས་༡༩ ཉིན། སྲིད་བློན་ཝུན་ཅ་པའོ་ཡིས་ནད་ཡམས་ཀྱི་གནས་སྟངས་སྦས་སྐུང་བྱེད་མཁན་ས་གནས་དཔོན་རིགས་ཚོར་ཉེས་ཆད་ནན་པོ་གཅོད་རྒྱུའི་ཉེན་བརྡ་བཏང་བ་དང་། དེའི་ཕྱི་ཉིན། ལས་ཁུར་བླངས་ནས་ཅང་མ་འགོར་བའི་པེ་ཅིང་གྲོང་ཁྱེར་སྤྱི་ཁྱབ་མེང་ཞུའེ་ནོང་དང་འཕྲོད་བསྟེན་བློན་ཆེན་ཀྲང་ཝུན་ཁང་གཉིས་གནས་དབྱུང་བཏང་སྟེ། ནད་ཡམས་འགོག་བཅོས་ཐད་རྒྱལ་སྤྱི་དང་མཉམ་འབྲེལ་བྱས་པས། ཧུའུ་ཅིན་ཐའོ་དང་ཝུན་ཅ་པའོ་གཉིས་ཀྱི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་སྟངས་ཐད་བསྔགས་བརྗོད་ཐོབ་ཡོད།

 

༢༽ དྲང་སྙོམས་མེད་པའི་སྤྱི་ཚོགས།

༢༠༠༢ལོར་རྒྱ་ནག་གི་མཁས་པ་ཝང་ཧྲའོ་ཀོང་དང་ཧུའུ་ཨན་ཀང༌། ཏིན་ཡོན་ཀྲུའུ་གསུམ་གྱིས་ཕྱི་ཟླ་༨ པའི་

འཐབ་ཇུས་དང་དོ་དམ་་དུས་དེབ་སྟེང་། ཆེས་ཚབས་ཆེ་བའི་ཐ་ཚིག དཔལ་འབྱོར་དར་རྒྱས་རྒྱབ་ལོགས་ཀྱི་བརྟན་ལྷིང་མེད་པའི་སྤྱི་ཚོགས་”ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཏེ། རྒྱ་ནག་དེ་ཡོང་འབབ་བགོ་འགྲེམས་ཚབས་ཆེའི་ཆ་སྙོམས་མེད་པའི་རྒྱལ་ཁབ་ཅིག་ཡིན་པ་བསྟན་ཡོད། ལོ་རབས་༩༠ ནས་བཟུང་། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་འགྲོ་སྟངས་དེ་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་མེད་པའི་འཕར་སྣོན་(Jobless growth )དང༌། ཆ་སྙོམས་མེད་པའི་འཕར་སྣོན་( Unequal growth)དང་སྲིད་གཞུང་གིས་འཕེལ་རྒྱས་ཇེ་དལ་ལམ་ཉམས་ཆག་ཏུ་འགྲོ་སྲིད་པའི་བསམ་བློའི་གྲ་སྒྲིག་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད།

༢༠༠༢ ཟླ་༧ པར། ཚོགས་ཆེན་ཐེངས་བཅུ་དྲུག་པའི་གྲ་སྒྲིག་ཚོགས་ཆུང་གིས་“ད་ལྟའི་སྤྱི་ཚོགས་རིམ་པ་སོ་སོའི་དཔལ་འབྱོར་གནས་སྟངས་ཟེར་བའི་ཡིག་ཆ་ཞིག་བཀྲམ་པའི་ནང་། རྒྱ་ནག་གི་སྒེར་གྱི་རྒྱུ་ནོར་གྱི་བརྒྱ་ཆའི་༩༦ ལྷག་གྲོང་ཁྱེར་དུ་སྡོད་མཁན་མི་འབོར་གྱི་བརྒྱ་ཆའི་༣༨ ཙམ་ལ་བདག་པ་དང༌། མི་འབོར་གྱི་བརྒྱ་ཆའི་༦༢ ཟིན་པའི་གྲོང་གསེབ་ཏུ་སྡོད་མཁན་ལ་རྒྱུ་ནོར་གྱི་བརྒྱ་ཆའི་༤ ལས་ཟིན་མེད། གྲོང་ཁྱེར་གྱི་མི་འབོར་ཁྲོད་རྒྱ་སྒོར་བྱེ་བ་ཡན་གྱི་ཕྱུག་པོ་ས་ཡ་ལྔ་ཙམ་ཡོད་ཅིང་། དེ་དག་གི་བརྒྱ་ཆའི་༩༠ ཙམ་ཏང་སྲིད་དམག་གསུམ་གྱི་རྒྱབ་ལྗོངས་ཡོད་པའམ། མཐོ་རིམ་དཔོན་རིགས་ཀྱི་བུ་ཕྲུག་དང་ནང་མི་ཡིན། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལས་གཞིའི་ཁྲོད། འཛུགས་སྐྲུན་གྱི་མ་དངུལ་བརྒྱ་ཆའི་༤༠ ནས་༦༠བར་མི་སྒེར་གྱི་སྦ་ཁུག་ནང་ཕྱིན་ཡོད་ཚུལ་བཀོད་འདུག གོང་གསལ་མཁས་པ་གསུམ་གྱིས། རྒྱ་ནག་གི་དཔལ་འབྱོར་དར་རྒྱས་ཀྱི་རྒྱབ་ལོགས་སུ་སྤྱི་ཚོགས་ཀྱི་ཉམས་ཉེན་ཚབས་ཆེན་སྦས་ཡོད་པ་དང་། གཟབ་གཟབ་མ་བྱས་ན་ཁ་ཤོར་ཏེ། གློ་བུར་དུ་སྲིད་གཞུང་མགོ་རྟིང་ལོག་རྒྱའི་ཉེན་བརྡ་བཏང་ཡོད། དེ་ནི་སྲིད་སྟེགས་སུ་འཛེག་མ་ཐག་པའི་ཧུའུ་དང་མི་རབས་བཞི་བའི་མགོ་ཁྲིད་ལ་དམིགས་ནས་ཐ་ཚིག་བསྒྲགས་པ་ཞིག་ཡིན་པ་སྨོས་མི་དགོས།

༢༠༠༢ ལོ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་༡༢༢ ཙམ་གྱི་ཡོང་འབབ་གནས་སྟངས་ལ་ཞིབ་འཇུག་བྱེད་སྐབས།རྒྱ་ནག་གི་ཡོང་འབབ་དམའ་ཤོས་ཀྱི་མི་འབོར་གྱི་བརྒྱ་ཆའི་༢༠ ལ་སྤྱི་ཚོགས་ཧྲིལ་བོའི་རྒྱུ་ནོར་གྱི་བརྒྱ་ཆའི་༤༧ ལས་མེད་པས། ཨང་༩༣ པ་དང༌། རྒྱ་གར་གྱི་ཡོང་འབབ་དམའ་ཤོས་ཀྱི་མི་འབོར་གྱི་བརྒྱ་ཆའི་༢༠ ལ་སྤྱི་ཚོགས་རྒྱུ་ནོར་གྱི་བརྒྱ་ཆའི་ར་༩ ཟིན་ཏེ་ཨང་༡༤ སླེབས་ཡོད།།

རྒྱ་ནག་གི་རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱིས་༢༠༠༥ ལོའི་ཟླ་༦ ནང་བཏོན་པའི་གྲངས་ཐོ་ལྟར་ན། རྒྱ་ནག་གི་མི་འབོར་གྱི་བརྒྱ་ཆའི་༡༠ ཟིན་པའི་ཕྱུག་པོ་ཚོས་རྒྱལ་ཁབ་སྤྱིའི་མ་རྩའི་བརྒྱ་ཆའི་༤༥ ཟིན་པ་དང༌། མི་འབོར་གྱི་བརྒྱ་ཆའི་༡༠ ཟིན་པའི་དབུལ་ཕོངས་ཚོར་བརྒྱ་ཆའི་༡་༤ ལས་མེད།

རྒྱ་ནག་འདི་ད་དུང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་ནའང༌། བག་མེད་རྒྱས་སྤྲོས་ཀྱི་དངོས་ཟོག་འཛད་སྤྱོད་བྱེད་ཚད་འཛམ་གླིང་གི་ཨང་གསུམ་པར་སླེབས་འདུག

 

༣) གསར་འགྱུར་བརྒྱུད་ལམ་འགོག་གནོན།

རྒྱ་རིགས་རྩོམ་པ་པོ་གྲགས་ཅན་ལིའུ་ཞའོ་པའོ་ཡི་ལྟ་སྟངས་ལྟར་ན། ༢༠༠༤ ནས་བཟུང་རྒྱ་གཞུང་གིས་རིམ་པ་གསུམ་གྱི་སྒོ་ནས་གསར་འགྱུར་བརྒྱུད་ལམ་འགོག་གནོན་བྱས་ཡོད་པ་སྟེ། ༡། དང་ཐོག་ཚགས་པར་དང་གསར་འགོད་པའི་གྱོད་གཞི་བྱེ་བྲག་པར་རྡུང་རྡེག་བཏང་བ་དང་། ༢། དབུས་དྲིལ་བསྒྲགས་ལས་ཁུངས་ཀྱིས། གསར་འགོད་པས་རང་ཉིད་ཀྱི་མིང་ངོ་མ་བཀོད་དེ་གནས་ཚུལ་སྤེལ་དགོས་པ་སོགས་དམ་དྲག་གི་སྲིད་ཇུས་རིམ་པར་བཟོས་པ་དང་། ཅང་སུའུ་སོགས་ཞིང་ཆེན་གྱིས་སྐྱོན་བརྗོད་དང་། ཐེར་འདོན་གྱི་རྩོམ་ཡིག་གང་བྲིས་དེ་དག་སྐྱོན་འདོན་བྱ་ཡུལ་དེའི་མིང་རྟགས་བཀོད་ན་མ་གཏོགས་རྩོམ་ཡིག་འགོད་སྤེལ་མི་ཆོག་པའི་གཏན་འབེབས་བྱས། ༣། ༢༠༠༧ ལོར་གཏན་འབེབས་བྱས་པའི་“ཐོལ་བྱུང་དོན་རྐྱེན་བདག་སྤྲོད་ཀྱི་བཅའ་ཁྲིམས་”དང༌། “ཕྱི་རྒྱལ་གསར་ལས་ཁང་གིས་རྒྱ་ནག་མངའ་ཁོངས་སུ་གསར་འགྱུར་ སྤེལ་ཕྱོགས་དོ་དམ་བྱེད་ཐབས་

ཟིར་བའི་ཁྲིམས་ཡིག་གཉིས་བཟོས་ཏེ། བཀའ་འཁྲོལ་མེད་པར་ཐོལ་བྱུང་གི་དོན་རྐྱེན་གང་ཞིག་གི་གནས་ཚུལ་སྤེལ་སྐབས།

རྒྱ་སྒོར་ལྔ་ཁྲི་ནས་ཆིག་འབུམ་བར་གྱི་དངུལ་ཆད་གཅོད་རྒྱུ་དང་། ཕྱི་རྒྱལ་གསར་འགོད་པས་གནས་ཚུལ་སྤེལ་དགོས་ན། ཤིན་ཧྭ་གསང་ཁང་གི་བཀའ་འཁྲོལ་ཐོབ་དགོས་པ་བཟོས་ཡོད།

ཕྱི་ལོ་༢༠༠༨ ཟླ་༦ བར་རྒྱ་ནག་ཏུ་རྒྱལ་སྤྱིའི་སྦྲེལ་མཐུད་དྲ་རྒྱ་ Internet བཀོལ་སྤྱོད་བྱེད་མཁན་དུང་ཕྱུར་༢་༥༣ལྷག་ཡོད་པ་དེ་དག་རྒྱལ་ཁབ་ཕྱི་ནང་གང་སར་འབྲེལ་གཏུགས་ཐོགས་མེད་དུ་བྱེད་ཆོག་པའི་གནས་སྟངས་ལ་ཚོད་འཛིན་བྱེད་ཆེད།དྲ་རྒྱ་གཉེར་མཁན་ཁེ་ལས་ཚང་མར། རང་ཚུགས་བཟུང་སྟེ། གནས་ཚུལ་དང་པར་རིས།སོགས་ཀྱི་ནང་དོན་མི་ལེགས་པ་རྣམས་སོ་སོས་གཙང་མ་བཟོ་དགོས་པའི་བཀའ་བཏང་བ་དང༌། རྒྱ་ནག་གི་སྣང་བར་མི་འགྲོ་བའི་དྲ་རྒྱ་སྐོར་ཞིག་སྒོ་བརྒྱབ་ཡོད། དེ་བཞིན་རྒྱ་ནག་གི་བདེ་འཇགས་ལས་ཁུངས་ཀྱིས་ Emulation ཟེར་བའི་ལག་རྩལ་ལ་བརྟེན་ནས་དྲ་རྒྱ་མྱུལ་མཁན་འབུམ་གཉིས་ལྷག་གི་མིང་གཞུང་ནག་པོ་བཟོས་ཏེ། དེ་དག་ལ་རྗེས་འདེད་དང་ལྟ་ཞིབ་བྱེད་བཞིན་ཡོད།

 

རྒྱལ་མཚམས་མེད་པའི་གསར་འགོད་པའི་སྒྲིག་འཛུགས་ཀྱིས་༢༠༠༤ ལོར་དྲ་རྒྱའི་སྟེང་རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་ མཁན་༦༣ བཀག་བསྐྱིལ་བྱས་ཡོད་པ་དང་།

༢༠༠༦ ལོར་༥༢ བཀག་བསྐྱིལ། མི་༣༡ ཁྲིམས་ཆད་བཙོན་འཇུག་བྱས་པའི་གནས་ཚུལ་ཡོད།)

རྒྱ་རིགས་མང་པོ་ཞིག་གིས་ཧུའུ་འདིར་ཆབ་སྲིད་བཅོས་བསྒྱུར་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཐད་ལྟར་སྣང་གི་རྒྱུ་མཚན་དུ་མ་བགྲངས་ཏེ་རེ་བ་ཆེ་ཐག་ཆོད་ཅིག་བཅོལ་ཡོད་མོད། ༢༠༠༤ ལོའི་ཟླ་༩ ནང་སྐབས་བཅུ་དྲུག་པའི་ཚོགས་ཆེན་ཐེངས་བཞི་བའི་ཕྱིར་བསྒྲགས་མེད་པའི་ཚོགས་འདུའི་སྟེང་ར་ཤི་ཡའི་སྲིད་འཛིན་ཟུར་པ་གྷོར་པོ་ཆོཕལ་ཚོགས་གཏམ་བཏང་བ་དང་སྦྲགས།

རྒྱལ་ནང་གི་བརྒྱུད་ལམ་ཁག་ཏུ་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་གྱི་དར་ཆ་འཕྱར་ནས། ནུབ་ཕྱོགས་འབྱོར་ལྡན་གྲལ་རིམ་གྲོས་ཚོགས་ཀྱི་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། གསར་འགྱུར་རང་དབང་དྲིལ་བསྒྲགས་བྱེད་པ་དང་། འབྱོར་ལྡན་གྲལ་རིམ་རང་དབང་ཅན་གྱི་ལྟ་བ་ཁྱབ་གདལ། རྩ་བའི་རྩ་དོན་བཞི་ཁས་མི་ལེན་པ་དང་། རྒྱལ་ཁབ་ཀྱི་ལམ་ལུགས་དང་སྲིད་དབང་ཁས་ལེན་བྱེད་ཀྱི་མེད། ནོར་འཁྲུལ་འདི་རིགས་ལ་ཁ་གཏད་གཅོག་སྐབས། ལག་པ་གཏན་ནས་ཁུམ་མི་རུང་། གསར་འགྱུར་གླེང་ཕྱོགས་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ནོར་འཁྲུལ་གྱི་བསམ་བློ་དང་ལྟ་གྲུབ་ལ་འགྲོ་ལམ་སྤྲད་མི་ཆོག་ཅེས་དང་།

“འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱ་རྒྱུའི་ཐད། ང་ཚོས་ཁུ་བྷ་དང་བྱང་ཀོ་རི་ཡར་སློབ་སྦྱོང་བྱེད་དགོས། བྱང་ཀོ་རི་ཡའི་དཔལ་འབྱོར་ལ་གནས་སྐབས་ཀྱི་དཀའ་ངལ་འཕྲད་ཡོད་ཀྱང་། ཆབ་སྲིད་ཀྱི་སྟེང་ནས་ཐོག་མཐའ་བར་གསུམ་དུ་ཡང་དག་པ་ཡིན་”ཞེས་བརྗོད་འདུག

༤) འཛམ་གླིང་ནང་བསྟན་གླེང་སྟེགས།

༢༠༠༦ ལོའི་ཟླ་༤ ཚེས་༡༢ ནས་ཚེ་༡༦ བར། ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་། ཐའེ་ཝན་གྱི་ཀྲུང་ཧྭ་ཆོས་ལུགས་རིག་གནས་སྤེལ་རེས་མཐུན་ཚོགས་ཟེར་བ་ཐུན་མོང་གིས། ཀྲེ་ཅང་ཞིང་ཆེན་གྱི་ཧང་ཀྲོའུ་དང་ཏན་ཧྲན་གྲོང་ཁྱེར་དུ་ཐེངས་དང་པོའི་འཛམ་གླིང་ནང་བསྟན་གླེང་སྟེགས་”ཟེར་བ་ཞིག་བསྐོངས་པ་དང༌། འཆམ་མཐུན་གྱི་འཛམ་གླིང་། སེམས་ནས་མགོ་རྩོམ་ ཟེར་བའི་བརྗོད་གཞིའི་ཐད། རྒྱལ་ཁབ་སུམ་ཅུ་སོ་བཞི་ཙམ་གྱི་ནང་པའི་དགེ་སློང་དང་མཁས་པ་ཆིག་སྟོང་ལྷག་ཚོགས་ཞུགས་བྱས། ཚོགས་ཐོག་ཏུ་སྲིད་གྲོས་ཀྲུའུ་ཞི་ཅ་ཆིན་ལིན་དང་། འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་ལིའུ་ཡན་ཏུང་སོགས་ཞཀྱིས་གཏམ་བཤད་བྱས་པ་དང་། རྒྱ་གཞུང་གིས་ཁྲི་འདོན་བྱས་པའི་པཎ་ཆེན་ཡང་སྲིད་ཀྱང་གཏམ་གླེང་བྱེད་མཁན་གཙོ་གྲས་སུ་

བཞག་ཡོད།

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དཔྱད་གཏམ་སྤེལ་མཁན་ལིན་པའོ་ཧྭ་ཡིས་བསྟན་དོན།ལྷ་མེད་སྨྲ་བའི་རྒྱ་གུང་ཁྲན་གྱིས་ཧོབ་སྟེ་འདི་ལྟར་ནང་ཆོས་ལ་དོ་སྣང་བྱེད་པ་ནི་ཆབ་སྲིད་ཀྱི་དམིགས་ཡུལ་བཟུང་ཡོད་པ་སྟེ།དུས་ཚོས་ཀྱི་ཆ་ནས་ཚོགས་འདུ་དེ་ཧུའུ་ཅིན་ཐའོ་ཨ་རིར་འཚམས་འདྲིར་མ་བསྐྱོད་གོང་ཏག་ཏག་ལ་འཁེལ་བ་དང་།ཨ་རི་གཞུང་གིས་ལོ་རྟག་པར་རྒྱ་ནག་གཞུང་ལ་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཐད་སྐྱོན་བརྗོད་བྱེད་པ་དེ་རིགས་གཡོལ་ཆེད་ལ་དམིགས་པ་ཞིག་ཡིན་པར་མ་ཟད།ཚོགས་འདུ་འདི་བརྒྱུད་ནས།རྒྱ་ནག་གི་ཡེ་ཤེས་ཆོས་ལུགས་པ་དང་།ཧྥ་ལུན་ཀོང་།བོད་བཅས་མགོ་གནོན་བྱ་རྒྱུའི་ཕུགས་རིང་གི་དམུགས་ཡུལ་བཟུང་ཡོད།

ཚོགས་འདུའི་སྔོན་ཙམ་ལ་༧གོང་ས་མཆོག་ཚོགས་མགོན་དུ་གདན་འདྲེན་ཞུ་བཞིན་ཡོད་པའི་སྦིར་གྲགས་ཤུགས་ཆེར་བྱུང་སྟེ།རྒྱལ་སྤྱིའི་སྟེང་དེའི་ཐད་དོ་སྣང་ཤུགས་ཆེར་བྱས་ཡོད་མོད།ཚོགས་འདུའི་མགྲིན་ཚབ་པ་རྒྱལ་ཁབ་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཞའེ་ཧྥེ་ཡིས།ཏྰ་ལའི་བླ་མ་ནི་མེས་རྒྱལ་ཁ་བྲལ་དང་།མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་མཁན་ཡིན་པ་སོགས་གཞི་མེད་ཀྱི་རྒྱུ་མཚན་མང་དག་ཅིག་བགྲངས་ཏེ་གདན་འདྲེན་ཞུ་གི་མིན་ཞེས་བཤད་པ་དང་།དེ་བཞིན་ཚོགས་སྐོང་བའི་གྲས་ཐའེ་ལྦན་གྱི་ཞིན་ཡུན་ཧྥ་ཧྲི་ཟེར་བ་དེས་ཧུའུ་ཅིན་ཐའོ་ཡིས་ཐའེ་ལྦན་ལ་འཇམ་པོས་མཁྲེགས་འདུལ་གྱི་གཅིག་གྱུར་བྱེད་པའི་སྲིད་ཇུས་བཟུང་བར་འུད་བསྟོད་བྱས་པས།ཚོགས་འདུའི་ནང་དོན་དང་གྲུབ་འབྲས་ལས།རྒྱ་གུང་ཁྲན་གྱི་འཐབ་ཕྱོགས་གཅིག་གྱུར་གྱི་བྱེད་སྟངས་ལ་དོ་སྣང་བྱེད་མཁན་མང་བ་བྱུང་ཡོད་ཚོད་དང་།ཚོགས་ཐེངས་གཉིས་པ་དེ་འདི་ལོ་ཟླ་༡༡ནང་འཚོགས་འཆར་ཡོད།

 

༥ཏང་གི་ཚོགས་ཆེན་བཅུ་བདུན་པ།

ཕྱི་ལོ༢༠༠༧ཟླ༡༠ཚེས༡༥ནས་༢༡རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་སྐབས་༡༧པ་པེ་ཅིང་དུ་འཚོགས་པ་དང་།ཚོགས་ཞུགས་འཐུས་མི་༢༢༡༣དང་།གདན་ཞུ་ཚོགས་བཅར་བ་༥༧ཡོད།ཚོགས་འདུའི་རྗོད་གཞི་གཙོ་བོ་ནི།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་གསར་བ་ཐོབ་སླད་འབད་བརྩོན་བྱེད་དགོས་ཞེས་པ་དེ་ཡིན།ཚོགས་འདུའི་དུས་ཡུན་རིང་སྔར་མ་གྲགས་པའི་བདེ་འཇགས་སྲུང་སྐྱོབ་ཀྱི་བྱེད་ཐབས་བརྩམས་ཡོད་པ་སྟེ།ཚོགས་ཞུགས་པ་ཚང་མར་གཞུང་གིས་ལག་ཐོགས་ཁ་པར་རེ་སྤྲད་པ་དེ་མིན་བཀོལ་སྤྱོད་བྱེད་མི་ཆོག་པ་དང་།ཚོགས་ཡུན་རིང་དྲ་རྒྱར་བལྟ་སྤྱོད་མི་ཆོག་ཅིང་།ཉིན་རེའི་ལས་རིམ་ཇི་ཡོད་ཚོགས་ཆེན་ནས་གཅིག་གྱུར་གྱིས་བཀོད་འདོམས་བྱེད་པ་མ་ཟད།བཟའ་བཏུང་དང་།ཚོགས་འདུ་ཚུགས་གྲོལ།མགྲོན་ཁང་དུ་ཐོན་བསྐྱོད་སོགས་ཀྱང་གཅིག་གྱུར་ཡིན་དགོས་ལ།

གསར་འགོད་པའི་བཅར་འདྲི་བྱེད་དགོས་རིགས་ཀྱང་ཚོགས་ཞུགས་པ་སྡོད་སའི་མགྲོན་ཁང་དུ་འཁྲིད་མི་ཆོག་པའི་བཀོད་པ་བཏང་འདུག

ཚོགས་འདུའི་ཉིན་མཐའ་མར།ཀྲུང་དབྱང་ཨུ་ཡོན་༢༠༤དང་།རྗེས་སྣོན་ཨུ་ཡོན་༡༦༧།ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཨུ་ཡོན་༡༢༧འདེམས་བསྐོ་བྱས་ཡོད་པ་དང་།ཆབ་སྲིད་ཅུས་ཀྱི་རྒྱུན་ལས་༩འདེམས་ཐོན་བྱུང་བའི་ཁྲོད།སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་དང་།དམངས་འཐུས་ཚོགས་གཙོ་ལྦུའུ་པང་གོ    སྲིད་བློན་ལྦུན་ཅ་པའོ།སྲིད་གྲོས་ཀྲུའུ་ཞི་ཅ་ཆིན་ལིན།ཀྲུང་དབྱང་བསམ་བློའི་དཔལ་ཡོན་ཨུ་ལྷན་གྱི་འགན་འཛིན་ལིས་ཁྲང་ཁྲུན་བཅས་ལྔ་བོ་ལས་རྒྱུན་རང་འཇགས་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཙིན་ཆིན་ཧོང་དང་།ལྦུའུ་ཀོན་ཀྲིན།   ལོ་ཀན་གསུམ་ལོ་ཚད་ཀྱི་ཆ་ནས་དགོངས་པ་ཞུས་ཚབ་ཏུ།ཧྲང་ཧེ་གྲོང་ཁྱེར་གྱི་ཧྲུའུ་ཅི་ཞི་ཅིན་ཕིན་དང་།ལེའོ་ཉིན་ཞིང་ཆེན་གྱི་ཧྲུའུ་ཅི་ལིས་ཁེ་ཆང་།ཀྲུང་དབྱང་རྩ་འཛུགས་པུའུ་ཀྲང་ཧེ་ཀོ་ཆང་།སྤྱི་བདེ་བློན་ཆེན་ཀྲོའུ་ཡུང་ཁང་བཞི་གསར་དུ་འདེམས་ཐོན་བྱུང་ཡོད།

རྒྱུན་ལས་གསར་པ་བཞི་ལས་ཞི་ཅིན་ཕིང་ལོ༥༤དང་།་ ལིས་ཁེ་ཆང་ལོ་༥༢ཡིན་ཞིང་།བསམ་ཡུལ་འདས་པའི་དོན་རྐྱེན་མ་བྱུང་ཚེ།འདི་གཉིས་ལས་གང་རུང་ཞིག་མི་རབས་ལྔ་བའི་འགོ་ཁྲིད་ཆགས་རྒྱུར་ཉམས་ཞིབ་པ་མང་པོ་ཞིག་གིས་ཚོས་དཔག་བྱེད་བཞིན་ཡོད།   ཞི་ཅིན་ཕིང་ནི་ཅང་ཙེ་མིན་ཕྱོགས་གཏོགས་ཀྱི་མི་ཡིན་ལ།  ལིས་ཁེ་ཆིང་ནི་ཧུའུ་ཅིན་ཐའོ་ཡི་མི་ཡིན།བཤད་སྲོལ་ཞིག་ལ།ཕྱི་ཟླ་༦ཚེས་༢༣ཉིན་ཀྲུང་དབྱང་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་༤༠༠ལྷག་ལ་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ལ་འོས་པའི་མི་འགྲོ་༢༠༠ལྷག་གི་མིང་གཞུང་ཞིག་བཀྲམས་ཏེ།དེ་དག་ལས་སོ་སོའི་བློ་འབབ་པའི་མི་དམིགས་འཛུགས་བྱས་ཏེ་ཆབ་སྲིད་ཅུས་རྒྱུན་ལས་ལ་འབུད་དུ་བཅུག་པ་དང་།དེའི་ནང་ཞི་ཅིན་ཕིང་གི་འོས་གྲངས་མཐོ་བ་བྱུང་སྟབས།ཧུའུ་ཅིན་ཐའོ་ཡི་བློ་མོས་ཡོད་པའི་ལིས་ཁེ་ཆང་མིང་རིམ་རྗེས་མར་མི་འཇོག་ཀ་མེད་བྱུང་སྐད།  ཀྲོའུ་ཡུང་ཁང་འདི་དེ་སྔ་སི་ཁྲོན་ཞིང་ཆེན་གྱི་ཧྲུའུ་ཅི་བྱེད་རིང་།གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གཏོར་བཤིབ་སོགས་དེ་ཁུལ་གྱི་བོད་མིའི་ཐོག་ཧ་ཅང་དྲག་རྩུབ་ཀྱི་སྲིད་ཇུས་སྤེལ་མཁན་གཙོ་བོ་ཞིག་ཡིན།

ཚོགས་འདུས་ཧུའུ་ཅིན་ཐའོ་ཡིས་བཏོན་པའི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་ཟེར་བ་ཏང་གི་སྒྲིག་གཞིའི་ནང་བཅུག་སྟེ།བསམ་བློའི་ལམ་སྟོན་དུ་བཀུར་ཡོད།

རྒྱ་ནག་གཞུང་འབྲེལ་གྱི་ཤོས་སྟངས་ལྟར་ན།ཚོགས་འདུ་འདིས་དར་ཆ་ཅི་ཞིག་སྒྲེང་དགོན་མིན་དང་།ལམ་ཁ་གང་ཞིག་ཏུ་འགྲོ་མིན་གསར་བོར་བསྟན་ཡོད་ཟེར་ཡང་།ཧོང་ཀོང་གི་ཀུ་ཤུ་ཉིན་ཚགས་ཀྱི་རྩོམ་སྒྲིག་པའི་དཔྱད་གཏམ་དུ།  ཚོགས་ཆེན་གྱི་སྙ་ཞུ་དང་།   གྲོས་ཆོད།   མི་འགྲོ་སོགས་མཐོ་རིམ་གྱིས་གྲ་སྒྲིག་བྱས་ཚར་ཡོད་པ་དང་།ཚོགས་ཞུགས་འཐུས་མི་ཚོས་མོས་མཐུན་གྱི་ཐལ་མོ་རྡེབ་རྒྱུ་ལས་ཅང་མེད།   རྒྱ་ནག་དམར་ཤོག་ཚོགས་པས་ནང་ཁུལ་དམངས་གཙོ་ཙམ་ཡང་འཛུགས་ཐུབ་ཀྱི་མེད་པས།ལྦེ་ཏི་ནམ་དམར་ཤོག་ཚོགས་པ་ནང་བཞིན་མགོ་ཁྲིད་འོས་འདེམས་བྱ་རྒྱུ་དེ་བས་ཀྱང་ལྟ་ཅི་ཞེས་མཚང་འབྱིན་བྱས་ཡོད་པ་དང་།ཕའོ་ཐུང་གིས་ཀྱང་།ཚོགས་འདུས་རྒྱལ་ཁབ་འདི་ཇི་ལྟར་མིང་དོན་མཚུངས་པའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཏུ་གྱུར་བར་བྱ་རྒྱུར་ལན་འདེབས་བྱས་མེད་ལ། ཇི་ལྟར་སྤྱི་དམངས་ཀྱིས་དོན་ངོ་མའི་སྟེང་ནས་རྒྱལ་ཁབ་ཀྱི་དབང་ཆ་ལོངས་སུ་སྤྱོད་རྒྱུར་ལན་འདེབས་བྱས་མེད་པ་དང་། རྒྱ་ནག་དེ་ཇི་ལྟར་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་འགན་ཁུར་ཤས་ཤིག་ཏུ་འགྱུར་རྒྱུའི་གནད་དོན་ལ་ལན་འདེབས་བྱེད་ཐུབ་ཐབས་མེད་”ཅེས་བྲིས་འདུག

 

༦ ས་བྱི་ལོའི་བོད་ཀྱི་ངོ་རྒོལ་སྒེར་ལངས།

༢༠༠༨ ལོའི་ཟླ་༣ ཚེས་༡༠ ཉིན། ལྷ་ས་གཙོས་པའི་མཚོ་སྔོན། ཀན་སུའུ། སི་ཁྲོན་བཅས་ཀྱི་རྫོང་ཁག་དགུ་ཙམ་ནས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་དུས་གཅིག་ཏུ་དེར་མཐུད་ལན་ཀྲོའུ་དང་པེ་ཅིང་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཕུད་པའི་བོད་ས་སྟོད་སྨད་དུ་ཉུང་མཐར་ཡང་རྫོང་ཁག་༦༣ ཙམ་ནས་ཟླ་གྲངས་དུ་མའི་རིང་ཞི་རྒོལ་ལས་འགུལ་གཞི་རྒྱ་ཆེ་ཆུང་འདྲ་མིན་སྔ་རྗེས་སུ་སྤེལ་ཡོད།

རྒྱ་གཞུང་གིས་ལས་འགུལ་དེ་རིགས་ནི་མི་ཉུང་ཤས་ཤིག་གིས་བསླངས་པའི་་རྡུང་གཅོག་འཕྲོག་སྲེག་”གི་དྲག་ཟིང་ཡིན་པ་དང་། གཞུང་འབྲེལ་གྱི་དྲིལ་བསྒྲགས་མང་ཆེ་བར་ལྷ་སར་བྱུང་བའི་ཉིན་གཅིག་གི་བྱ་སྤྱོད་ཡིན་བཟོ་“ན།༣།༡༤ དོན་རྐྱེན་ཟེར་བ་དང་།

སྐབས་རེར་ཨ་མདོ་རྔ་བའི་ཞི་རྒོལ་ལ་“༣།༡༦ དོན་རྐྱེན་”དང༌། ས་གནས་གཞན་དུའང་དེ་མཐུན་གྱི་མིང་འདོགས་འདྲ་མིན་སྣ་ཚོགས་ཤིག་བཏགས་ཡོད།པེ་ཅིན་དུ་དམངས་འཐུས་ཚོགས་ཆེན་ལ་ཞུགས་པའི་སྲིད་བློན་ཝུན་ཅ་པའོ་ཡིས་ཟླ་༣ ཚེས་༡༨ ཉིན། དོན་རྐྱེན་འདི་ནི་“ཏཱ་ལའི་རུ་ཚོགས་ཀྱིས་སྒྲིག་འཛུགས་ཡོད་པ་དང་། ངན་ཇུས་སྔོན་བཏིང་གིས་ཞིབ་ཚགས་ངང་ཇུས་འགོད་དང་སྐུལ་སློང་བྱས་པ་ཞིག་ཡིན་པ་ང་ཚོར་དངོས་དོན་ར་སྤྲོད་ཐུབ་པའི་དཔང་རྟགས་མང་པོ་ཡོད་”ཅེས་བཤད་པ་མ་ཟད། ་མེ་མདའ་གཅིག་ཀྱང་བརྒྱབ་

མེད་ཅེས་ཡོངས་བསྒྲགས་ཀྱི་གཏམ་བཤད་སྤེལ། དེ་བཞིན་དཔོན་རིགས་ཀྱི་གཏམ་བཤད་དང་། རིམ་ཁག་སྲིད་གཞུང་གི་བརྡ་ ཐོ། ཚོགས་འདུ། ་བོད་རིག་པའི་མཁས་པར་བཅར་འདྲི་བགྲོ་གླེང་དང་། དཔྱད་གཏམ་སོགས་ཀྱི་ལམ་ནས་དབུས་དང་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཡོད་ཚད་དུ་ལས་འགུལ་དེའི་ངོ་བོ་འཇིགས་སྐུལ་རིང་ལུགས་པས་ངན་ཇུས་བཤམས་པའི་དྲག་ཟིང་གི་རྣམ་པ་ཅན་ཡིན་ལུགས་སྒྲུབ་ཞོར་དུ། ས་གནས་སྤྱི་བདེ་དང་དྲག་ཆས་ཉེན་རྟོག་པ། ཐ་ན་དམག་དཔུང་ལ་སོགས་བཏང་སྟེ། དགོན་པ་གྲྭ་ཚང་གི་མགོན་ཁང་དང་བཙན་ཁང་དུ་སྒྲིག་གཤོམ་བྱས་པའི་རྟེན་མཁར་གོ་མཚོན་དང་། ས་རྐོ་རྡོ་སློག་ཆེད་ཉོ་སྒྲུབ་བྱས་པའི་འབར་རྫས་སོགས་བཙན་འཕྲོག་གིས་དྲག་གི་དཔང་རྟགས་སུ་བསྒྲགས་པ་དང་། དེ་དག་རྒྱུ་མཚན་དུ་བགྲང་སྟེ་ལས་འགུལ་བྱུང་ཡུལ་ས་གནས་སོ་སོར་བཅོས་བསྒྱུར་སྒོ་འབྱེད་རྗེས་ནས་བྱུང་མ་མྱོང་བའི་དམ་དྲག་བྱས།

རྒྱ་གཞུང་གི་བཤད་སྟངས་ལྟར་ན། ལས་འགུལ་དེའི་ནང་ལྷ་སར་“ཁ་བྲལ་རིང་ལུགས་པས་སྲེག་གཏུབ་ཀྱིས་བསད་པ་༡༨) དང༌། གཞན་༤ བཅས་རྐྱེན་འདས་སུ་གྱུར་ཡོད་པ་དང༌། ཤིན་ཧྭ་གསར་ཁང་གིས་རྔ་བ་ཁུལ་ནས་་རང་སྲུང་ཆེད་དུ་མི་བཞི་བསད་རྨས་བྱས་”ཟེར་བ་ཙམ་ལས་ཁས་ལེན་གྱི་མེད། བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས། ཟླ་༧ ཚེས་༣༡ བར་དུ་བོད་རིགས་རྐྱེན་ལམ་དུ་བཏང་བ་༢༡༨ དང༌། རྨས་པ་༡༢༩༠ ། འཛིན་བཟུང་བྱས་པ་༦༧༠༥ གསལ་བསྒྲགས་བྱས་ཡོད་ལ། ཝུན་ཅ་པའོ་ཡིས་གཏམ་བཤད་བྱས་པའི་ཕྱི་ཉིན་དེར་རྔ་བ་ཁུལ་ནས་བོད་མི་བཅུ་ཕྲག་དུ་མ་དམར་གསོད་དོན་རྐྱེན་གྱི་པར་རིས་དེ་དག་འཛམ་གླིང་སྟེང་ཡོངས་བསྒྲགས་བྱས་ཡོད།

རྒྱ་གཞུང་གིས་མིའི་གདོང་ལ་གཅན་གཟན་གྱི་སེམས་དང་ལྡན་པའི་གདོན་འདྲེ་”སོགས་མཚན་དམས་ཤུགས་ཆེར་བྱས་མིན་ལ་མ་ལྟོས་པར། ༧གོང་ས་མཆོག་གིས་ལས་འགུལ་དེའི་ཐད་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ཐད་ཀར་ཕྱག་ཡིག་གནང་བ་དང་། དེ་བཞིན་བོད་རིགས་མང་ཚོགས་(དོན་ཚན་༡༣ ) དང༌། རྒྱ་རིགས། རྒྱལ་སྤྱི་བཅས་པར་འབོད་སྐུལ་གྱི་གསུང་འཕྲིན་ཁག་གསུམ་བསྩལ་ཡོད། བཀའ་སྤྱི་གཉིས་ལས་གྲུབ་པའི་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་བོད་ནང་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་ཆུང་དང་གསར་འགོད་པ་གཏོང་དགོས་པ་དང་། དྲག་གནོན་མཚམས་འཇོག་གི་རེ་སྐུལ་དོན་ཚན་ལྔ་ཅན་ཞིག་སྤེལ་ཡོད་ལ། བོད་མི་གནས་ཡུལ་ཕྱི་རྒྱལ་ཡུལ་ལུང་ཁག་ནས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་རྒྱ་ཁྱབ་

ཏུ་སྤེལ་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་དུ་འགྲོ་བའི་དགོས་འདུན་སྣ་ཚོགས་བསྟན་ཡོད།

༢༠༠༨ ཕྱི་ཟླ་༥ ནང་རྒྱ་བོད་སྐུ་ཚབ་བར་ནང་ལུགས་ཀྱི་གྲོས་མོལ་ཞིག་ཚོགས་ཡོད་པ་དང་། ཟླ་༦ ཚེས་༣༠ ནས་ཉིན་གསུམ་རིང་བོད་གཞུང་གི་སྐུ་ཚབ་རྣམས་རྒྱ་ནག་ཏུ་བསྐྱོད་དེ། འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་གཙོ་གཞོན་མཉམ་དུ་གྲོས་མོལ་ཐེངས་བདུན་པ་བྱས་ཡོད་པ་དང་། རྒྱ་ཕྱོགས་ནས་དེ་སྔར་ལས་འགུལ་སྐུལ་སློང་བྱེད་པོ་ྋགོང་ས་མཆོག་དང་བོད་གཞུང་ཡིན་ལུགས་ཀྱི་རྗོད་ཚིག་་་”མཚམས་འཇོག་གསུམ་ཟེར་བ་བཅོས་སྒྲིག་གིས། ལས་འགུལ་དེ་དག་ལ་“རྒྱབ་སྐྱོར་མི་བྱེད་པ་བཞི་ཟེར་བར་བཅོས་སྒྲིག་བྱས།

ལས་འགུལ་འདིར་ཨ་རི་དང་ཡོ་རོབ་གཙོས་པའི་རང་དབང་དམངས་གཙོའི་རྒྱལ་ཁབ་ཁག་གི་གཞུང་འབྲེལ་མཐོ་རིམ་མི་སྣ་མང་དག་ཅིག་གིས་བོད་མི་ལ་རྒྱབ་སྐྱོར་གྱི་རྣམ་པ་གསལ་པོར་བསྟན་ཡོད་པ་དང་། ནོ་བྷེལ་གཟེངས་རྟགས་ཐོབ་མཁན་ཉེར་དྲུག་དང་།རྒྱལ་སྤྱིའི་བོད་རིག་པའི་མཁས་པ་༤༥༠ ལྷག ཝང་ལི་ཞུང་སོགས་རྒྱ་ནག་གི་ཤེས་ཡོན་ཅན་བརྒྱ་ཕྲག་དུ་མ་བཅས་ནས་སྔ་རྗེས་སུ་རྒྱ་གཞུང་གིས་དྲག་གནོན་མཚམས་འཇོག་བྱེད་དགོས་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད།རྒྱལ་སྤྱིའི་ཁྱོན་དུ་རང་དབང་གི་གསར་འགྱུར ང་ཆེ་བར་བོད་མིའི་ལས་འགུལ་ལ་ཤ་ཚའི་གནས་ཚུལ་དང་རྩོམ་ཡིག་འབོར་ཆེན་བཀོད་ཐོན་བྱུང་ཡོད།

 

༧) རྒྱལ་རོང་ལུང་དགུའི་ས་ཡོམ།

༢༠༠༨ ཟླ་༥ ཚེས་༡༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༢ དང་སྐར་༢༨ སྟེང༌། ཨ་མདོ་རྒྱལ་རོང་ལུང་དགུ་རྫོང་དུ་རིམ་པ་

༨ ཅན་གྱི་ས་ཡོམ་བྱུང་སྟེ། གཏོར་སྐྱོན་ཐེབས་པའི་ས་ཁོངས་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ལྷག་བརྒལ་ཞིང་། མི་གྲངས་༦༩༢༢༦ འཆི་སྐྱོན་བྱུང་བ་དང་། གར་སོང་ཆ་མེད་དུ་གྱུར་པ་༡༧༩༢༣ ། རྨས་མ་༣༧༤༦༤༣ ཙམ་བྱུང་ཡོད།©️ དེའི་ཁྲོད་རྔ་བ་ཁུལ་ཡོངས་སུ་འཆི་འདས་སུ་གྱུར་པ་བསྡོམས་མི་༢༠༡༥༩ བྱུང་ཡོད་པ་ལས་ལུང་དགུ་རྫོང་དུ་མི་༡༥༩༤༡གྲོངས་ཡོད་པ་དང་། དཀར་མཛེས་ཁུལ་ཡོངས་སུ་བསྡོམས་མི་༩ གྲོངས་འདུག

དེའི་ནང་བོད་རིགས་༢༥༢ རྐྱེན་ལམ་དུ་ཤོར་བ་དང༌། ཆིག་སྟོང་མ་ཟིན་ཙམ་ཞིག་རྨས་ཡོད། ས་ཡོམ་གྱིས་གནོད་སྐྱོན་ཚབས་ཆེ་ཐེབས་ཡུལ་ལུང་དགུ་དང་པེ་ཁྲོན་རྫོང་གཉིས་མ་རྩིས་པའི་ཁང་པ་ཁྲི་༢༡་༦ ལྷག་བསྐྱེལ་ཡོད་པ་དང་། དེའི་ཁྲོད་སློབ་ཁང་༦༨༩༨ ཟིན།

ས་ཡོམ་བྱུང་རྗེས་ཀྱི་ཆུ་ཚོད་གཅིག་དང་ཕྱེད་ཀའི་ནང་ཚུད་དུ་སྲིད་བློན་ཝུན་ཅ་པའོ་གནོད་སྐྱོན་ཐེབས་ཡུལ་ཁྲི་ཚང་(ཏུའུ་ཅང་ཡན།)དུ་འབྱོར་ཏེ། མྱུར་སྐྱོབ་ཀྱི་ལས་དོན་ལ་བཀོད་སྒྲིག་བྱས་པ་དང༌།

ཧུའུ་ཅིན་ཐའོ་ཡང་ཉིན་བཞིའི་རྗེས་ས་གནས་སུ་ཆེད་བསྐྱོད་བྱས་ཡོད། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་པ་ཆིག་འབུམ་ཆིག་ཁྲི་ལྷག་ཉེན་སྐྱོབ་དུ་བཏང་བ་མ་ཟད།

དབུས་ལས་ཁུངས་ཁག་དང་ས་གནས་སོ་སོའི་སྲིད་གཞུང་བཅས་ནས་ཞལ་འདེབས་བསྡུ་སློང་དང༌། དང་བླངས་ཞབས་ཞུ་བ་ཆེད་རྫོང་། དེ་བཞིན་ཕྱི་རྒྱལ་གྱི་རོགས་དངུལ་དང༌། རྒྱལ་ཁབ་མང་པོའི་དང་བླངས་ཉེན་སྐྱོབ་པ་ཡོང་རྒྱུར་ཁས་ལེན་ཡང་བྱས་ཡོད་ལ། ཞལ་འདེབས་ཁྱོན་བསྡོམས་རྒྱ་སྒོར་དུང་ཕྱུར་༤༠༠ ལྷག་བྱུང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་༥ ཚེས་༡༩ ཆུ་ཚོད་༡༤ དང་སྐར་མ་༢༨ ནས་སྐར་མ་གསུམ་རིང་རྒྱལ་ཡོངས་སུ་མྱ་ངན་བྱེད་དགོས་པའི་བཀོད་ཁྱབ་བཏང་བ་དང༌། དུས་ཡུན་དེའི་རིང་སྤྲོ་གསེང་དང་བག་གཡེང་གི་ལས་འགུལ་ཡོངས་སུ་མཚམས་འཇོག་གིས་རྒྱལ་དར་ཕྱེད་ཀ་ཕབ་པ་དང༌། མོ་ཊ་དང་མེ་འཁོར། གྲུ་གཟིངས་སོགས་ཀྱིས་དུས་གཅིག་ཏུ་དུང་བརྡ་དཀྲོགས། གནམ་བདེ་སྒོ་མོའི་ཐང་ཆེན་དུ་མང་ཚོགས་ཁྲི་ཕྲག་འདུ་

འཛོམས་ཀྱིས་ངག་བཅད་མྱ་ངན་ཞུས། མཛད་སྒོ་གྲུབ་མ་ཐག་མི་མང་པོས། རྒྱ་ནག་ཤུགས་རྒྱོབས། སི་ཁྲོན་ཤུགས་རྒྱོབས་སོགས་སྐད་འབོད་འབྲུག་སྒྲ་ལྡིར་བ་ལྟར་བྱས། དེ་བཞིན་དུ་ཨོ་ལིམ་ཕིཀ་དཔལ་འབར་རྒྱ་ནག་ཏུ་སྐོར་བསྐྱོད་བྱེད་བཞིན་པའང་ཉིན་གསུམ་རིང་མཚམས་འཇོག་བྱེད་དུ་བཅུག རྒྱ་གཞུང་གིས་ཐེངས་འདིར་གསར་འགྱུར་འགོག་སྡོམ་གྱི་སྲིད་ཇུས་ལ་སྔར་མ་གྲགས་པའི་འགྱུར་བ་བཏང་སྟེ། དབུས་དང་ས་གནས་ཀྱི་བརྒྱུད་ལམ་ཁག་ཏུ་དུས་ཚོད་༢༤ རིང་ས་ཡོམ་དང་མྱུར་སྐྱོབ་ཀྱི་གནས་ཚུལ་དང་། མཛད་སྒོ་འདི་རིགས་ཁྱབ་བསྒྲགས་བྱེད་དུ་བཅུག་ཡོད།ཐེངས་འདིའི་ས་ཡོམ་གྱིས་མིའི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་སྐྱོན་ཚབས་ཆེ་བཏང་ཡོད་ནའང་། དམར་ཤོག་ཚོགས་པས་ཆག་སྒོ་འདི་བེད་སྤྱད་དེ། གུང་ཁྲན་ཏང་གི་སྒྲིག་འཛུགས་དེའི་ཆེས་ལེགས་ཤོས་ཀྱི་ཆ་དེ་མང་ཚོགས་ཀྱི་མདུན་དུ་སྟོན་ཐུབ་ཡོད་པ་དང་། རྒྱ་ནག་ནང་མང་ཚོགས་ཀྱིས་སྲིད་གཞུང་ལ་བློ་མོས་མཐུན་འགྱུར་བྱེད་ཚད་སྔར་མ་གྲགས་པའི་རྣམ་པ་ཞིག་ཤར་ཡོད་ལ། རྒྱལ་སྤྱིའི་སྲིད་གཞུང་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་རྒྱ་གཞུང་གི་མྱུར་སྐྱོབ་ཀྱི་བྱེད་ཐབས་ལ་བསྔགས་བརྗོད་བྱས་ཡོད།

དེ་དག་དང་དོ་མི་སྙོམས་པའི་གནས་ཚུལ་ནི། ཟི་ཁྲོན་གྱི་བོད་རིགས་ས་ཁུལ་དུ་མྱུར་སྐྱོབ་དང་ཁ་བྲལ་ལ་ངོ་རྒོལ་དུས་མཉམ་དུ་དམ་འཛིན་བྱེད་དགོས་པའི་བཀོད་ཁྱབ་བཏང་སྟེ་མུ་མཐུད་དྲག་གནོན་དང་། ཟླ་༥ ཚེས་༢༡ ཉིན་ས་ཡོམ་ཚབས་ཆེ་བྱུང་ཡུལ་ཏེ་དབྱང་གྲོང་ཁྱེར་གྱི་མང་ཚོགས་སྟོང་ཕྲག་དུ་མས་ལས་བྱེད་ཚོས་ཉེན་སྐྱོབ་དངོས་ཟོག་ཧམ་ཟོས་བྱས་ལུགས་ཀྱི་ངོ་རྒོལ་བྱས་ཏེ་མཐར་འཁྲུག་ཟིང་གི་རྣམ་པ་བྱུང་བ་དང་། ཟླ་༦ ཚེས་༣ ཉིན་ཁྲི་ཚང་དུ་སྲོག་ཉེས་བྱུང་བའི་སློབ་ཕྲུག་ཚོའི་ཕམ་བརྒྱ་ཕྲག་ཁ་ཤས་ཁྲིམས་ཁང་གི་མདུན་ཐད་དུ་བསྐྱོད་དེ། ལས་བྱེད་ཚོས་ལྐོག་ཟ་རུལ་སུངས་ཀྱི་རྐྱེན་པས་སློབ་ཁང་གི་རྒྱུ་སྤུས་ཚད་ལོངས་མེད་པའི་གནད་དོན་ལ་ཁྲིམས་ཞིབ་བྱེད་དགོས་པའི་སྐད་འབོད་བྱས་པ་དང་། དེའི་གནས་ཚུལ་སྒྲུག་མཁན་ཉི་ཧོང་གི་གསར་འགོད་པ་གཉིས་དུས་ཚོད་གཅིག་རིང་བཀག་ཉར་བྱས་འདུག

 

༨) པེ་ཅིང་གི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས།

༢༠༠༨ ལོའི་ཟླ་༨ ཚེས་༨ ནས་༢༤ ཉིན། རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཐེངས་༢༩ པ་པེ་

ཅིན་དུ་ཚུགས་པ་དང་། རྒྱལ་ཁབ་དང་ས་ཁུལ་༢༠༤ མཉམ་ཞུགས་ཀྱི་འགྲན་བསྡུར་ཁྲོད་རྒྱ་ནག་གི་ལུས་རྩལ་པ་ཚོས་གསེར་གྱི་རྟགས་མ་༥༡ བླངས་ཤིང་། ཐེངས་དང་པོར་ཨ་རི་ལས་བརྒལ་ཏེ་འཛམ་གླིང་གི་གསེར་གྱི་རྟགས་མ་མང་ཤོས་ཐོབ་པའི་རྒྱལ་ཁབ་ཏུ་གྱུར། པེ་ཅིན་གྱིས་ཐེངས་འདིའི་འགྲན་ཚོགས་ཆེད་རྒྱ་སྒོར་དུང་ཕྱུར་༣༨༠ ལྷག་བཏང་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས། ལུས་རྩལ་འགྲན་ཚོགས་འདིས་“འཛམ་གླིང་ལ་གོམ་གང་མདུན་སྤོས་ཀྱིས་རྒྱ་ནག་པ་དང་། རྒྱ་ནག་ལའང་གོམ་གང་མདུན་སྤོས་ཀྱིས་འཛམ་གླིང་རྒྱུས་ལོན་དུ་བཅུག་ཡོད་”ཅེས་བསྡོམས་བརྒྱབ་ཡོད།

ལུས་རྩལ་འགྲན་ཚོགས་འདིའི་དཔལ་འབར་བརྒྱུད་སྤྲོད་བྱེད་སྐབས། ཁྱོན་བསྡོམས་ཉིན་གྲངས་༡༢༠ དང༌། སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་༡༣་༧ ཟིན་པ་དང་། སྐོར་བསྐྱོད་བྱེད་མཁན་༢༡༧༨༠ ཙམ་བྱུང་བས། ད་བར་འགྲན་ཚོགས་རིམ་བྱུང་ནང་ལམ་ཐག་རིང་ཤོས་དང་། ཁྱབ་རྒྱ་ཆེ་ཤོས། མི་ཞུགས་མཁན་མང་ཤོས་ཀྱི་ཟིན་ཐོ་བསྐྲུན་ཡོད་མོད། བོད་ནང་གཞི་རྒྱ་ཆེ་བའི་ཞི་རྒོལ་གྱི་ལས་འགུལ་ལ་རྒྱ་གཞུང་གིས་དམ་དྲག་བྱེད་བཞིན་ཡོད་སྟབས། འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་སྡེ་དང་། ཕྱི་སྡོད་བོད་རིགས་བཅས་ཀྱིས་ལོན་ཊོན་དང་། པ་རེ་སི། སན་ཧྥ་རནས་སི་ཀོ། ཊོ་རོན་ཊོ་སོགས་སུ་སྐོར་བསྐྱོད་ཀྱི་ལས་རིམ་ལ་ངོ་རྒོལ་གཞི་རྒྱ་ཆེ་བ་སྤེལ་བ་མ་ཟད། རྒྱ་གཞུང་གི་ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་ཁང་མང་པོ་ཞིག་ལའང་སྐད་འབོད་སོགས་ངོ་རྒོལ་གྱི་བྱེད་སྒོ་སྣེ་མང་བརྩམས་པ་དང༌། བོད་རང་དབང་སློབ་ཕྲུག་ཚོགས་པས་པེ་ཅིང་རང་དུ་ངོ་རྒོལ་གྱི་ལས་འགུལ་ཐེངས་གྲངས་དུ་མར་སྤེལ་ཏེ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་རྒྱ་ཆེར་སྤེལ་ཡོད། དེ་བཞིན་དུ་ཕྱི་སྡོད་རྒྱ་རིགས་སྐོར་ཞིག་གིས་ཀྱང་ནུབ་ཕྱོགས་ཀྱི་བོད་དོན་ལ་ཤ་ཚ་བྱེད་མཁན་གསར་འགྱུར་འཕྲིན་ལམ་དང་བོད་མིའི་བྱ་སྤྱོད་ལ་དམིགས་པའི་ཁྲོམ་སྐོར་སོགས་རྒྱལ་ཁབ་མང་པོའི་ནང་བྱུང་འདུག

མཛད་སྒོ་མ་འཚོགས་གོང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་བཀག་བསྐྱིལ་དང་། གོང་གཏུགས་བྱེད་མཁན་མང་ཚོགས་པེ་ཅིང་ནས་ཕྱིར་འབུད། འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་བྱེད་སྲིད་པའི་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་བདེ་སྲུང་གི་དམ་དྲག་བྱེད་ཐབས་ཐལ་དྲགས་པ་དང་། དབུ་འབྱེད་མཛད་སྒོའི་སྟེང་། གླུ་དབྱངས་གྱེར་མཁན་བུ་མོ་ངོ་མ་ཡོལ་བའི་རྒྱབ་ཏུ་སྦས་པ་དང་། མཐུན་སྒྲིལ་མཚོན་པའི་མི་རིགས་༥༦ གི་ཆས་གོས་གྱོན་མཁན་ཕལ་ཆེ་བ་མི་རིགས་དེ་དག་གི་ཚབ་ཏུ་རྒྱ་རིགས་ཀྱིས་ཆས་རྫུས་སྤྲས་པ་སོགས་རྒྱལ་ཁབ་ཀྱི་གཟུགས་བརྙན་བསྐྲུན་ཐབས་དང་། འགྲན་ཚོགས་བདེ་བླག་ངང་འགྲུབ་རྒྱུར་དམིགས་པ་ཞིག་ཡིན་ན་ཡང་། རྒྱ་ནག་རང་ནས་ཀྱང་དེ་དག་ལ་སྐྱོན་རྗོད་ཀྱི་གླེང་སློང་ཤུགས་ཆེ་བྱུང་ཡོད།པེ་ཅིན་གྱི་མང་ཚོགས་དང༌། དང་བླངས་ཞབས་ཞུ་བ་ཚོས་ལུས་རྩལ་འགྲན་ཚོགས་སུ་བཅར་ཞུགས་བྱེད་མཁན་ཕྱི་རྒྱལ་བ་ཚོར་མཛའ་བརྩེའི་རྣམ་འགྱུར་སྟོན་ཐབས་སུ་གཞུང་དམངས་གཉིས་ནས་སྐུལ་སློང་སྦྱོང་བརྡར་གྱི་འབད་བརྩོན་བྱས་ཡོད་ཀྱང་།

ཉི་ཧོང་གི་ལུས་རྩལ་པ་ཚོས་དབུ་འབྱེད་མཛད་སྒོའི་སྐབས་རྒྱ་ནག་གི་རྒྱལ་དར་སྒྲེང་འཕྱར་དང༌། རྩེད་འགྲན་ར་བར་ལྟད་མོ་བ་ཚོར་མགོ་བོ་དུད་པའི་གུས་ཞབས་བྱས་འདུག་ཀྱང་། རྒྱ་རིག་ལྟད་མོ་ལྟ་མཁན་ཚོས་ད་དུང་དམའ་འབེབས་ཀྱི་སྐད་ཅོར་ས་ཁག་དུ་མར་བརྒྱབ་ཡོད།

རྒྱ་རིགས་ཤེས་ཡོན་ཅན་ཏིན་ཅིན་དང་ལིའུ་ཞའོ་པོ་སོགས་བརྒྱ་སྐོར་ཞིག་གིས་ཆབ་སྲིད་བཙོན་པ་གློད་གྲོལ་དང་། ཆབ་སྲིད་དང་ཆོས་ལུགས་དད་མོས་ཀྱི་དབང་གིས་ཕྱི་རྒྱལ་དུ་བཙན་བྱོལ་ལ་གྱར་བའི་སྤྱི་དམངས་རྣམས་ཕྱིར་རང་ཡུལ་ལ་ལོག་ཏུ་འཇུག་དགོས་པ་སོགས་ཀྱི་དགོས་འདུན་བཏོན།

པེ་ཅིན་གྱིས་ལུས་རྩལ་འགྲན་ཚོགས་འདི་ལམ་ལྷོངས་ཡོང་ཆེད། གྲོང་ཁྱེར་མཐའ་སྐོར་ས་ཁོངས་ངེས་ཅན་གྱི་མཁའ་རླུང་བཙོག་སླད་བྱེད་པའི་བཟོ་གྲྭ་གང་མང་ཞིག་སྒོ་བརྒྱབ་པ་དང༌། རླངས་འཁོར་གྱི་ཨང་གྲངས་ཆ་ཡར་བགོས་ཏེ་ཉིན་གྲངས་རྒྱས་བཅད་ཀྱིས་འགྲོ་བསྐྱོད་ཚོད་འཛིན་སོགས་བྱེད་ཐབས་སྤྱད་ཡོད་ཀྱང་། གསར་འགྱུར་འགོད་མཁན་དང་ལུས་རྩལ་པ་ཚོས་སྐྱོན་འདོན་དང་ཡི་མ་རང་བའི་རྣམ་འགྱུར་རིམ་མཐུད་དུ་ཐོན་ཡོད།

རྒྱ་གཞུང་གིས་ལུས་རྩལ་འགྲན་ཚོགས་འདི་བརྒྱུད་ནས། རྒྱལ་ཁབ་སྤྱི་ཡོངས་ཀྱི་སྟོབས་ཤུགས་མངོན་སྒྲོགས་དང་།རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཆེ་མཐོང་ཇེ་མཐོར་གཏོང་རྒྱུའི་རེ་དམིགས་འཆང་ཡོད་ནའང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང༌། ཧྥ་རན་སིའི་སྲིད་འཛིན་སོགས་རང་དབང་རྒྱལ་ཁབ་ཀྱི་གཙོ་འཛིན་མི་ཉུང་བ་ཞིག་གིས་བོད་ནང་དྲག་གནོན་གྱི་བྱ་སྤྱོད་ལ་དམིགས་ཏེ་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་ནས་ཕྱིར་འཐེན་ནམ་རྒྱ་གཞུང་གི་སྲིད་ཇུས་ལ་བབ་གཟིགས་བྱ་རྒྱུའི་རྣམ་འགྱུར་ཡོངས་གྲགས་སུ་བསྟན་ཡོད།

 

༩) དུག་ལྡན་འོ་རྩམ།

འདི་ནི་༢༠༠༨ ལོར་རྒྱ་ནག་གི་ཤ་བ་གསུམ་གྱི་ཚོང་རྟགས་ཅན་སན་ལུའུ་ཅི་ཐོན་ཟེར་བས་བྱིས་པའི་འོ་རྩམ་ནང་དུག་རྫས་བསྲེས་པའི་གནས་ཚུལ་ཕྱི་གྱར་བྱུང་བ་ཞིག་ཡིན་པ་དང་། རིམ་པས་འོ་རྩམ་བཟོ་གྲྭ་༢༢ ཙམ་གྱི་ཐོན་རྫས་སུ་ Melamine ཟེར་བའི་རྫས་འགྱུར་རྒྱུ་ཆ་དེ་བསྲེས་ཡོད་པ་རྒྱ་གཞུང་གིས་བརྩད་གཅོད་བྱས་ཡོད།དུག་རྫས་འདི་ནི་ཉེར་སྤྱད་སྣོད་ཆས་དང་། བལ་སྐུལ་གཙང་བཟོའི་སྐྱོ་མ་སོགས་སུ་སྤྱོད་སྒོ་ཆེ་བའི་རྫས་འགྱུར་བཟོ་ལས་ཀྱི་རྒྱུ་ཆ་ཞིག་སྟེ། ཟས་རིགས་ནང་བསྲེས་ན་སྤྲི་དཀར་protein གྱི་འདུ་ཚད་མཐོ་རུ་འགྲོ་བས། སེམས་གནག་ཚོང་བ་ཚོས་བེད་ལོག་ཏུ་སྤྱད་པ་དང་། དེས་མཁྲིས་རྡོའི་ནད་གཞི་སློང་རྐྱེན་བྱེད་ཀྱི་ཡོད། རྒྱ་གཞུང་གི་གྲངས་ཐོ་ལྟར་ན། ཟླ་༩ ཚེས་༢༡ ཉིན་བར། འོ་རྩམ་དེ་བཀོལ་སྤྱོད་བྱས་པའི་བྱིས་པ་༣༩༩༦༥ ཙམ་ཞིག་སྨན་ཁང་དུ་བསྟེན་གཏུགས་ཀྱིས་དྲག་བསྐྱེད་བྱུང་བ་དང་། ད་དུང་སྨན་ཁང་དུ་བསྡད་དེ་གསོ་བཅོས་བྱེད་བཞིན་པ་༡༢༨༩༢ ཡོད་པ་དང་། ཕྲུ་གུ་༤ ཤི་འདུག

༢༠༠༣ ལོ་ནས་ཤ་བ་གསུམ་རྟགས་ཅན་གྱི་འོ་རྩམ་འདིར་ལྷད་སྐྱོན་ཡོད་པའི་གནས་ཚུལ་བྱུང་ཡོད་ཀྱང་།

འགོར་བར་རྒྱ་གཞུང་གིས་དེར་དག་འབུད་བྱས་འདུག ༢༠༠༨ ཟླ་༣ ནས་བཟུང་། འོ་རྩམ་བཏུང་རྗེས་ཕྲུ་གུའི་གཅིན་མདོག་འགྱུར་བ་འམ་གཅིན་ཁུའི་ནང་སྙིགས་རོ་འབབ་ཀྱི་ཡོད་ཚུལ་བཟོ་གྲྭ་རང་ཞུ་གཏུགས་བྱེད་མཁན་བྱུང་ཡོད་པ་དང་། ཟླ་༥ ཚེས་༢༠ དང་༣༡ ཉིན། དྲ་རྒྱ་མྱུལ་མཁན་གསང་མིང་ལ་ 789oo88oo88 བཏགས་པ་ཞིག་གིས་ཁོའི་བུ་མོར་ནད་རྟགས་བྱུང་བའི་གནས་ཚུལ་འོ་རྩམ་བཟོ་གྲྭ་དང་བཟོ་ཚོང་ལས་ཁུངས་ལ་ཞུ་གཏུགས་བྱས་པར། ཁ་ཡ་མ་བྱས་པས། དྲ་རྒྱའི་སྟེང་གན་ཚུལ་བཀོད། བཟོ་གྲྭ་དེའི་ས་གནས་ཀྱི་འགན་ཁུར་མི་སྣས་དྲ་རྒྱར་གནས་ཚུལ་གཏོང་མཁན་དེར་རྒྱ་སྒོར་༢༤༧༦༨ གནས་པའི་འོ་རྩམ་ཤོག་སྒམ་བཞི་སྤྲད་དེ། གནས་ཚུལ་ཕྱིར་འཐེན་བྱེད་དུ་བཅུག་པ་དང་། འོ་རྩམ་དེ་ཤ་བ་གསུམ་ཅན་གྱི་ཚོང་རྟགས་བརྐུས་པའི་ཟོག་རྫུས་ཡིན་ལུགས་འགྲེལ་བཤད་བརྒྱབ།

ཟླ་༨ ཚེས་༡ ཉིན། འོ་རྩམ་བཟོ་གྲྭས་འོ་རྩམ་ཁག་༡༦ བརྟག་དཔྱད་བྱེད་དུ་བཏང་བར། དེ་ལས་༡༥ ལ་དུག་རྫས་ཡོད་པ་བརྩད་ཆོད་པས། སང་ཉིན་དེར་དེབ་སྐྱེལ་བྱ་ཡུལ་ཧྲི་ཅ་ཀྲོང་སྲིད་གཞུང་ལ་སྙན་སེང་ཞུས། ཟླ་༨ ཚེས་༤ ནས་༩བར། འོ་རྩམ་ཁག་༢༠༠ ཙམ་བྱས་བརྟག་འབྲས་སུ། མིས་རྐང་བཙུགས་ནས་བསྲེས་བསླད་བྱས་པ་ཡིན་པའི་གདེང་རྙེད།

ཟླ་༦ ནས་བཟུང་འོ་རྩམ་དེའི་རྐྱེན་ལས་མཁྲིས་རྡོ་ཆགས་ཏེ་སྨན་ཁང་དུ་བསྟེན་ཉལ་བྱེད་མཁན་གང་སར་བྱུང་འདུག་པ་དང་། ཟླ་༩ ཚེས་༨ ཉིན་ཀན་སུའུ་ཞིང་ཆེན་དུ་དུས་གཅིག་ལ་བྱིས་པ་༡༤ དང༌། ཚེས་༡༡ ཉིན་བྱིས་པ་༥༩ ལ་མཁྲིས་རྡོ་ཆགས་པ་ཤེས་རྟོགས་བྱུང་བ་དང་། ཕྲུ་གུ་འཆིས་འདས་ཀྱི་དོན་རྐྱེན་བྱུང་སྟབས། ཕྱི་ཕྱོགས་ནས་དོ་སྣང་བྱེད་མགོ་ཚུགས།

ཉིན་དེའི་ཞོགས་པར་སན་ལུའུ་འོ་རྩམ་བཟོ་གྲྭའི་བརྒྱུད་ལམ་ཚན་པའི་འགན་འཛིན་གྱིས་འོ་རྩམ་ལ་དུག་མེད་པའི་དག་འབུད་བྱས་འདུག་ཀྱང་། དགོང་མོ་བཟོ་གྲྭའི་མིང་ཐོག་ནས་བསྲེས་བསླད་བྱུང་ཡོད་པའི་ངོས་ལེན་གསལ་བསྒྲགས་བྱས།

ཟླ་༩ ཚེས་༡༣ ཉིན། རྒྱ་གཞུང་གིས་བཟའ་བཅའ་བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་ཞིག་ལ་རྩིས་ཏེ། ཁྱོན་ཡོངས་ནས་བརྟག་དཔྱད་བྱས་ཏེ། འགན་འཁྲི་བཟོ་གྲྭའི་ལས་བྱེད་དང་། རྒྱལ་ཁབ་རྒྱུ་སྤུས་རྟོག་བཤེར་ལས་ཁུངས་ཀྱི་འགན་འཛིན་ཐེ་བའི་ལས་བྱེད་སྐོར་ཞིག་གནས་དབྱུང་བཏང་།

སིང་གྷ་པུར་དང་ཧོང་ཀོང༌། ཐའེ་ཝན་སོགས་ནས་ཀྱང་དུག་ལྡན་འོ་རྩམ་ཐོན་ཡོད་པ་དང༌། ཁེ་ན་ཊ་དང༌། དབྱིན་ལན། ཧྥ་རན་སི། ཨུ་རུ་སི། ཉི་ཧོང་། རྒྱ་གར། ཐན་སན་ནི་ཡ་སོགས་རྒྱལ་ཁབ་སུམ་ཅུར་ཉེ་བས་རྒྱ་ནག་གི་འོ་མས་བཟོས་པའི་ཐོན་རྫས་དང་། དེ་འབྲེལ་གྱི་བྱེ་རིལ་དང་ཁོ་ཧྥེ། ཅོག་ལེཌསོགས་སོའི་རྒྱབ་ཁབ་ཏུ་ནང་འདྲེན་བྱེད་མཚམས་བཅད་པ་དང་།

ཡོ་རོབ་མཉམ་འབྲེལ་གྱིས་ཀྱང་རྒྱ་ནག་གི་བྱིས་པའི་འོ་རྩམ་བཀག་བསྡོམ་བྱས། མཉམ་ལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཁང་དང་།འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སོགས་ཀྱིས་ཀྱང་རྒྱ་གཞུང་གིས་དོན་རྐྱེན་འདིའི་གནས་ཚུལ་སྦས་སྐུང་བྱས་པར་སྐྱོན་རྗོད་དང་།ཕྱོགས་ཡོངས་ནས་རྟོག་ཞིབ་བྱེད་དགོས་པའི་རེ་འདུན་བཏོན་ཡོད།

རྒྱ་ནག་ཏུ་དུག་ལྡན་འོ་རྩམ་གྱི་དོན་རྐྱེན་བྱུང་འཕྲལ། མང་ཚོགས་ཀྱིས་རྒྱ་ནག་རང་གིས་བཟོས་པའི་འོ་མའི་ཐོན་རྫས་ལ་ཡིད་ཆེས་མེད་པའི་ཚད་དེ་སྔར་མ་གྲགས་པ་ཞིག་བྱུང་སྟེ། དེ་དང་འབྲེལ་བའི་ལས་རིགས་ཡོངས་རྫོགས་ལ་ཉམས་ཆག་ཚབས་ཆེར་བྱུང་བ་དང༌། ཧོང་ཀོང་དང་ཐའེ་ཝན་ལ་རྒྱང་ཐག་ཉེ་བའི་ས་གནས་ཁག་གིས་ཕྱི་རྒྱལ་གྱི་འོ་རྩམ་སྡེབ་ཉོའི་ཚ་རླབས་འཕྱུར་བཞིན་ཡོད་སྐད། ཕྲུ་གུར་ཨ་མའི་འོ་མ་སྤྲོད་སྲོལ་དེ་ཙམ་མི་ཆེ་བའི་རྒྱ་རིགས་ཁྲོད། ཨ་མའི་འོ་མས་ཕྲུ་གུ་གསོ་སྐྱོང་གི་ཐབས་ཤེས་བསྟེན་མཁན་ཇེ་མང་དུ་སོང་བ་དང་། རང་གི་འོ་མ་ཚོང་མཁན་གྱི་མ་ཚབ་ལས་རིགས་ཧ་ཅང་བྲིན་པོ་བྱུང་སྟེ། དེ་དག་གི་གླ་ཆའང་ཇེ་མཐོར་འགྲོ་བཞིན་ཡོད། །

 

༡༠) འཆར་ལྡན་བུ་སྐྱེ།

འདི་ནི་རྒྱ་ནག་གཞུང་གིས་འཛིན་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་མི་འབོར་ལ་ཚོད་འཛིན་བྱེད་པའི་སྲིད་ཇུས་ཤིག་སྟེ།དེའི་དམིགས་ཡུལ་ནི་་མི་འབོར་གྱི་གྲངས་ཚད་ལ་ཚོད་འཛིན་དང་། མི་འབོར་གྱི་རྒྱུ་སྤུས་མཐོར་འདེགས་ཡིན་ཚུལ་གཞུང་འབྲེལ་གྱིས་སྒྲོག་གིན་ཡོད། རྒྱ་ནག་གི་རྩ་ཁྲིམས་སུའང་དོན་ཚན་གསུམ་གྱི་སྒོ་ནས་སྲིད་ཇུས་འདིའི་དགོས་པ་རྒྱུ་མཚན་དང་སྤེལ་སྟངས་གཏན་འབེབས་བྱས་ཡོད་ལ། དེའི་ཆེད་དུ་ཁེར་སྤྱོད་བཅའ་ཁྲིམས་གཅིག་དང་སྒྲིག་གཞི་གསུམ་ཙམ་བཟོས་ཡོད།

དུས་རབས་སྔ་མའི་ལོ་རབས་ལྔ་བཅུའི་ནང་། མའོ་ཙེ་ཏུང་གིས་མི་མང་ན་སྟོབས་ཤུགས་ཆེ། མི་ལ་ཁ་ཡོད་པ་ཙམ་དུ་མ་ཟད། ད་དུང་ལག་པ་གཉིས་ཡོད་པས། འཛམ་གླིང་གླིང་གསར་གཏོད་བྱེད་ཐུབ་ ཅིས་བསྒྲགས་ཏེ། ཕྲུ་གུ་༡༠ ཡན་སྐྱེ་མཁན་ལ་“གཟི་བརྗིད་ཅན་གྱི་ཨ་མ་སོགས་ཀྱི་ཆེ་བསྟོད་དང༌། ཕྲུ་གུ་གང་མང་མང་སྐྱེ་རྒྱུར་སྐུལ་སློང་བྱས་ཡོད། ༡༩༥༧ ལོར་མའོ་ཡིས་དམར་ཤོག་གི་ཚོགས་འདུའི་སར་ཕྲུ་གུ་སྐྱེ་བཙའ་ལ་ཚོད་འཛིན་བྱེད་འོས་པའི་གཏམ་བཤད་བྱས་འདུག་ཀྱང་། དེའི་ཐད་སྲིད་ཇུས་གཏན་འབེབས་ལག་བསྟར་བྱས་མེད།

དུས་རབས་སྔ་མའི་ལོ་རབས་བདུན་ཅུའི་མཇུག་ཏུ། མི་འབོར་འཕར་ཚད་ཧ་ཅང་མགྱོགས་སྟབས། རྒྱལ་ཁབ་འཆར་ལྡན་བུ་སྐྱེ་ལྷན་ཁང་ཟེར་བའི་ལས་ཁུངས་ཆེད་བཙུགས་ཀྱིས། མི་འབོར་ལ་ཚོད་འཛིན་བྱེད་མགོ་ཚུགས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་འབོར་དང་འཆར་ལྡན་བུ་སྐྱེ་ཡི་བཅའ་ཁྲིམས་ཟེར་བའི་དོན་ཚན་༡༨ ནང་། བཟའ་ཚང་གཉིས་ལ་ཕྲུ་གུ་གཅིག་སྐྱེ་རྒྱུར་སྐུལ་སློང་བྱ་རྒྱུ། བཅའ་ཁྲིམས་དང་སྒྲིག་གཞི་ཁག་གི་ཆ་རྐྱེན་ཚང་ཚེ། ཕྲུ་གུ་གཉིས་པ་སྐྱེ་རྒྱུའི་བཀའ་འཁྲོལ་ཞུ་ཆོག གྲངས་ཉུང་མི་རིགས་ལའང་འཆར་ལྡན་བུ་སྐྱེ་ལག་བསྟར་བྱེད་དགོས། ཞིབ་ཕྲའི་བྱེད་ཐབས་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་གྱི་དམངས་འཐུས་ཚོགས་ཆེན་ནམ་དེའི་རྒྱུན་ལས་ཀྱིས་གཏན་འབེབས་བྱ་རྒྱུ་ཞེས་བཀོད་ཡོད་པ་དང་། ཁྲིམས་དོན་དེ་གཞིར་བཟུང་ས་གནས་སོ་སོས་བྱེད་ཐབས་གཏན་འབེབས་བྱེད་སྐབས། ཐད་གཏོགས་གྲོང་ཁྱེར་གསུམ་དང་སི་ཁྲོན་སོགས་སུ་ཕྲུ་གུ་གཅིག་གི་སྲིད་ཇུས་དང༌། ཧེ་ནན་དང་མཚོ་སྔོན། ཉིན་ཞ། ཡུན་ནན་སོགས་སུ་གྲོང་གསེབ་ཏུ་ཕྲུ་གུ་གཉིས་སྐྱེ་ཆོག་པ་བཟོས་ཡོད། རྒྱ་ནག་གི་གྲོང་གསེབ་ཏུའང་ཕྲུ་གུ་དང་པོ་བུ་མོ་ཡིན་ཚེ་ཕྲུ་གུ་གཉིས་པ་སྐྱེ་ཆོག་ལ། མི་འབོར་བྱེ་བ་གཅིག་བརྒལ་བའི་རྒྱ་རིགས་དང་ཀྲོང་རིགས་ཕུད་པའི་གྲངས་ཉུང་མི་རི༔ ན་དག་ཚོས་ཕྲུ་གུ་གཉིས་སམ་དེ་ལས་མང་བ་སྐྱེ་ཆོག

སྲིད་ཇུས་འདི་ནི་བཙན་ཐབས་ཀྱི་ལག་བསྟར་བྱེད་པ་ཞིག་ཡིན་ཞིང་། རྫོང་རིམ་པ་བར་དུ་ལས་ཁུངས་ཟུར་བཙུགས་ཀྱིས།གཏན་འབེབས་གྲངས་ཚད་ལས་བརྒལ་བའི་རིགས་ལ་ཡོང་འབབ་ལ་གཞིགས་པའི་དངུལ་ཆད་འགེལ་བའམ། ཕྲུ་གུ་མངལ་ནས་འདོན་པ་སོགས་ཀྱི་བྱེད་ཐབས་སྤྱད་པས། ༡༩༩༠ ལོ་རབས་མཇུག་ཏུ་རྒྱ་ནག་ལ་ཕྲུ་གུ་སྐྱེ་ཚད་༡༣ ལས་མེད།

དུས་རབས་༢༡ པའི་མགོ་སྟོད་དུ། ༡༩༨༠ ལོ་རབས་སུ་སྐྱེས་པའི་ཕྲུ་གུ་ཁེར་སྐྱེས་ཚོ་གཉེན་སྒྲིག་གི་དུས་ཚད་ལ་

སླེབས་ཏེ། དུད་ཁྱིམ་གྱི་གྲུབ་སྟངས་དེ་ཁྱིམ་ཚང་ཕལ་ཆེ་བར་སྤོ་བོ་རྨོ་མོ་བཞི་དང་། བཟའ་ཚང་གཉིས། ཕྲུ་གུ་གཅིག་བཅས་ཆགས་ཡོད་སྟབས། ༢༠༠༧ ནས་བཟུང་། བཟའ་ཚང་གཉིས་ཀ་ཕྲུ་གུ་ཁེར་སྐྱེས་ཡིན་ཚེ། ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲོལ་ཡིག་བཟོས་ཡོད།

སྲིད་ཇུས་འདིས་རྒྱ་ནག་གི་མི་འབོར་ལ་ཚོད་འཛིན་བྱེད་ཐལ་དྲགས་པས། ༡། ལོ་ལོན་གྱི་བསྡུར་ཚད་ཇེ་མཐོར་སོང་སྟེ། ངལ་རྩོལ་ནུས་ཤུགས་མི་འདང་བའི་དཀའ་ཉེན་འཕྲད་སྲིད་པ་དང་། ༢། རྒྱ་རིགས་ཀྱི་སྲོལ་རྒྱུན་དུ་ཁྱིམ་རྒྱུད་འཛིན་རྒྱུ་གཙིགས་སུ་བཟུང་ནས་བུ་ལ་བརྩི་འདང་དང་བུ་མོར་དམན་པར་བལྟ་བའི་འདུ་ཤེས་དེས། ཕམ་ཚོས་བརྟག་དཔྱད་བརྒྱུད་བུ་མོ་ཡིན་པ་ཤེས་ཚེ་མངལ་ནས་འདོན་པ་སོགས་ཀྱིས་ཕོ་མོ་བསྡུར་ཚད་དོ་མི་སྙོམས་པར་ཆགས་པ་དང༌། ༢༠༠༥ ལོར་ཕོ་མོའི་བསྡུར་ཚད་དེ་༡༡༨་༩:༡༠༠ ཡིན་པས། བུ་མོ་ལས་བུ་བརྒྱ་ཆའི་༢༠ མང་བ་ཡོད་ལ། ད་ལྟའི་ཆར་རྒྱ་ནག་ཏུ་མོ་ལས་ཕོ་བྱེ་བ་བཞི་ཙམ་མང་བ་ཡོད། ། སྤོ་བོ་རྨོ་མོ་བཞི་དང་ཕ་མ་གཉིས་བཅས་ཀྱིས་ཕྲུ་གུ་ཁེར་སྐྱེས་གཅིག་གསོ་སྐྱོང་བྱེད་དགོས་པ་དང་། ཕྲུ་གུ་དེས་དེ་ལྟར་ཁོ་ཚོའི་མ་འོངས་པར་འགན་ཁུར་ལེན་དགོས་ལ། ཕྲུ་གུ་འདི་རིགས་ལ་སྤུན་མཆེད་མེད་པ་དང་། ནང་མིས་གཅེས་

ལང་དུ་བཏང་དྲགས་ཏེ། གཞན་ལ་བསྟུན་གཤིབ་ཀྱི་གོམས་གཤིས་མེད་པ་དང་། དཀའ་ངལ་གདོང་ལེན་གྱི་བློ་གདེང་བྲལ་ཡོད།

གྲངས་ཉུང་མི་རིགས་དང་རྒྱ་རིགས་ཀྱི་མི་འབོར་བསྡུར་ཚད་ལ་འགྱུར་བ་ཐེབས་པ། གྲངས་ཉུང་མི་རིགས་ཀྱི་མི་འབོར་དེ་ཕྱི་ལོ་༡༩༥༣ དང་༡༩༩༠ ། ༢ooo ། ༢༠༠༥ བཅས་སོ་སོར་བརྒྱ་ཆའི་༦༡ དང་༨་༠༤ ། ༨་༤༡ ། ༩༤༤ བཅས་ཟིན་པ་དང༌། ༢༠༠༥ ལོའི་གྲངས་ཐོ་ལྟར་ན་རྒྱ་རིགས་བརྒྱ་ཆའི་༢༠༣ འཕར་ཡོད་པ་དང་། གྲངས་ཉུང་མི་རིགས་བརྒྱ་ཆའི་༡༥༨༨ འཕར་བ་དེ་རྒྱ་རིགས་ལས་ལྡབ་ མང་བ་བྱུང་འདུག རྒྱ་རིགས་དང་གྲངས་ཉུང་མི་རིགས་གཉེན་སྒྲིག་བྱེད་མཁན་ཕལ་མོ་ཆེ་གྲངས་ཉུང་མི་རིགས་སུ་ཐོ་འགོད་བྱེད་ཀྱི་ཡོད་ཚོད། ༥། གྲོང་ཁྱེར་ལ་ཕྲུ་གུ་གཅིག་དང་གྲོང་གསེབ་ཏུ་གཉིས་སྐྱེ་ཆོག་པ་བཟོས་པ་དེ་རྒྱ་ནག་གི་གྲོང་ཁྱེར་ཅན་དུ་བསྒྱུར་བའི་སྲིད་ཇུས་དང་མི་མཐུན་པ་དང་། གྲོང་ཁྱེར་གྱི་འབྱོར་ལྡན་ཕྲུ་གུ་ཚོར་སྐྱེ་འཕེལ་ཚོད་འཛིན་དང་། སློབ་གསོ་དང་འཚར་ལོངས་ཀྱི་མཐུན་རྐྱེན་ཚད་ བ་ཀྱི་ཕྲུ་གུ་ཚོར་སྐྱེ་འཕེལ་གུ་བཤངས་བྱེད་པ་འདི་རྒྱ་ནག་གི་སྤྱི་ཚོགས་དབུལ་ཕྱུག་མཐའ་གཉིས་སུ་ལྷུང་བའི་མི་འབོར་གྱི་རྒྱུ་རྐྱེན་ཞིག་ཏུ་བགྲང་གི་ཡོད།

 

About རྩོམ་སྒྲིག་པ།