ཤི་ཀ་གོར་ཡོད་པའི་བོད་མི་ཚོར་བཀའ་སློབ།

ལུང་བསྟན་ནང་ཡང་སྲིད་མདོ་སྨད་དམ་མོན་ནས་ཡོང་གི་རེད་ཅེས་གསལ་ཡོད། ཕལ་ཆེར་མཁར་རྡོ་བཟོད་པ་རྒྱ་མཚོ་ཡིན་ནམ་གང་ལྟར་ངོས་རང་ཆུང་དུས་དེ་འདྲ་ཞིག་གོ་མྱོང་ཡོད། ཨ་ཀ་མ་ཞེས་པའི་མ་འདི་ངོས་ཀྱི་མིང་ནང་དམིགས་བསལ་ལྷ་མོ་ཞེས་པ་དེའི་མིང་གཞི་མ་དེ་མིན་ནམ་སྙམ་པ་དྲན་གྱི་འདུག རང་ངོས་ནས་ྋརྒྱལ་བ་རིན་པོ་ཆེ་ཡིན་ཞེས་བརྗོད་ཀྱི་མེད། དེ་རིང་འདི་གར་དམིགས་བསལ་དང་དཔེ་གསར་ལྟ་བུ་བྱུང་བས་ཐུགས་རྗེ་ཆེ་ཟེར་གྱི་ཡིན།

བོད་མི་ས་གནས་གང་དང་གང་དུ་ཡོད་ཀྱང་སོ་སོའི་མི་རིགས་ཀྱི་རྣམ་པ་འཛིན་རྒྱུ་དང་། དེ་བཞིན་བོད་མི་རིགས་ཀྱི་ཞེན་ཁོག་བྱ་རྒྱུ་དེ་གལ་ཆེན་པོ་རེད། རེ་ཟུང་གི་གནས་ཚུལ་ནི་ཐ་དད་རེད། སྤྱི་ཡོངས་ཀྱི་ཆ་ནས་ང་ཚོ་བོད་པ་ཚང་མ་བོད་མི་རིགས་ཀྱི་ཚབ་བྱེད་ཐུབ་མཁན་ཞིག་བྱས་ནས་བསྡད་ཡོད། ང་ཚོ་བོད་པར་ཆ་བཞག་ན། ལོ་རྒྱུས་དང་སྐད་ཡིག རིག་གཞུང་། ཆོས་བཅས་གང་ཅིའི་ཐོག་ནས་ཕྱུག་པོ་ཡོད། སོ་སོའི་སྐད་དང་རིག་གཞུང་འབུར་ཐོན་དུ་ཡོད་པའི་མི་རིགས་འདི་དེ་རིང་ཁ་སང་ཆགས་འཇིག་གི་མཚམས་སུ་སླེབས་པའི་སྐབས་འདིར། བོད་མི་སྤྱི་བོ་གནམ་བསྟན་ཚང་མས་བོད་སྤྱི་པའི་དོན་དུ་སེམས་ཁུར་བླངས་ཏེ་ས་གནས་གང་དུ་གནས་ཀྱང་རང་ཉིད་བོད་པ་ཡིན་བསམས་པའི་འདུ་ཤེས་དང་། བོད་སྤྱི་པའི་དོན་དག་མ་བརྗེད་པར་སྡོད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཁྱེད་རང་ཚོ་ཚང་མས་རང་ཉིད་བོད་པ་ཡིན་བསམ་པ་དང་བོད་པའི་ལ་རྒྱ་བཟུང་ནས་བསྡད་འདུག་པས་ཧ་ཅང་ཡག་པོ་རེད།

དེ་བཞིན་གཞོན་སྐྱེས་ཚོས་བོད་སྐད་ཤེས་པ་བྱ་རྒྱུ་གལ་ཆེན་པོ་ཡིན། ཁྱིམ་ཚང་ཁག་གཅིག་གི་ནང་སྟབས་ཁྱད་ཀྱིས་ཁྱིམ་ཚང་ནང་དབྱིན་སྐད་ཁོ་ན་བེད་སྤྱོད་བྱེད་རྒྱག་མཁན་ཡོང་གི་འདུག དེས་འཕྲལ་སྒང་སྟབས་བདེ་ལ་ཕྲུ་གུ་ཚོར་ཞར་དང་ཞོར་ལ་དབྱིན་སྐད་ལ་སྦྱོང་བརྡར་གྱི་དགེ་མཚན་ཡོད་ཀྱང་། ཕུགས་རྒྱང་རིང་པོའི་ཆ་ནས་ཕྲུ་གུ་ཚོར་སོ་སོའི་ཕ་སྐད་ཆུང་ཆུང་དུས་ནས་གོམས་འདྲིས་མ་བྱུང་བར་བརྟེན། རྗེས་སུ་ལོ་ན་གང་ཙམ་སོན་སྐབས་བོད་སྐད་སློབ་དགོས་བྱུང་ན་དེ་ནི་དཀའ་ངལ་གྱི་རྒྱུ་ཡིན་པས་དུས་རྒྱུན་ནས་ཁྱིམ་ཚང་ནང་བོད་སྐད་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།

ཁ་སང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ཚོགས་ཆེན་ཡག་པོ་བྱུང་སོང་། ངོས་ཀྱི་ལོ་རྒྱུས་ངོ་སྤྲོད་བྱེད་སྐབས་ཕྲན་བུ་སེམས་སྐྱོ་པོ་བྱུང་། ངོས་རང་ལོ་བཅུ་དྲུག་ལ་སླེབས་དུས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཆབ་སྲིད་ཀྱི་འགན་དབང་རྩིས་ལེན་ཞུས་པ་ཡིན། ད་ཆ་ངོས་རང་ལོ་བདུན་ཅུ་དོན་བདུན་གྱི་མཚམས་སུ་སླེབས་ཡོད། ལོ་དྲུག་ཅུ་སོང་བའི་རྗེས་ལ་ངོས་ཀྱིས་ཆབ་སྲིད་ཀྱི་འགན་དབང་དོན་དམ་མང་གཙོའི་འོས་བསྡུའི་ཐོག་ནས་སླེབས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྩིས་སྤྲོད་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་བརྗོད་པ་ཡིན། སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་བླ་མ་རེད། ྋརྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་བཀའ་ཤག་གསར་པ་བཙུགས་གནང་བ་ཡོད། དེ་དུས་བཀའ་ཤག་གི་བཀའ་ཐམ་བདེ་སྐྱིད་མ་ཞེས་པ་དེ་བཀའ་ཁྲི་ལས་འཁྱུར་འགྲོ་མཁན་ཟམ་གདོང་རིན་པོ་ཆེས་བློ་བཟང་སེང་གེ་ལ་རྩིས་སྤྲོད་གནང་ཡོད། བློ་བཟང་སེང་གེ་ནི་བླ་མ་དང་དགེ་འདུན་པ་གང་ཡང་མིན་པར། དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པའི་མི་ཞིག་རེད། གང་ལྟར་རྒྱལ་རབས་ལ་འགྱུར་བ་འགྲོ་གི་ཡོད། འགྱུར་བ་དེ་ཡང་བཀྲ་མི་ཤིས་པའི་ཐོག་ནས་བྱུང་བ་ཞིག་མིན་པར། དངོས་གནས་ང་ཚོ་ཚང་མ་དམ་ཚིག་གཙང་མ་དང་བློ་མཐུན་པའི་ཐོག་དགའ་བཞིན་སྤྲོ་བཞིན་དང་བས་ཀུན་ནས་བླངས་ཏེ་སྤོབས་པའི་ངང་ནས་མཚམས་འཇོག་བྱས་པ་ཧ་ཅང་ཡག་པོ་བྱུང་། ལོ་རྒྱུས་ཐོག་བསམ་བློ་གཏོང་སྐབས་ཕྲན་བུ་སེམས་པ་སྐྱོ་བོ་འདྲ་ཞིག་འདུག་རུང་། དངོས་ཡོད་གནས་ཚུལ་ལ་བསམ་བློ་གཏོང་སྐབས་སྤོབས་པ་སྐྱེ་བ་ཞིག་ཡོང་གི་འདུག

About ལས་འབྱེད།