སྤྱི་ནོར་༧ གོང་ས་༧ སྐྱབས་མཆོག་རྒྱལ་བའི་དབང་བོ་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་འཁོར་ ༣༡ འཁོར་བའི་དུས་བཟང་ཁྱད་པར་ཅན་བསུ།

མཁྱེན་པ་ཡེ་ཤེས་འོད་དཀར་དྲ་བས་ཤེས་བྱའི་དཀྱིལ་འཁོར་ཡོངས་ལ་ཁྱབ།།
མཐའ་བྲལ་བརྩེ་ཆེན་ཟད་མེད་ཆར་བས་སྣ་ཚོགས་འགྲོ་བའི་གདུང་བ་ཞུ།
ཁྱེད་ནི་གངས་རིའི་སྙིང་ན་འཚེར་བའི་འཛམ་གླིང་གཅེས་ནོར་ཉི་མ་སྟེ།།
མཛད་པའི་ཟེར་བརྒྱས་གླིང་ཆེན་བརྒལ་ཏེ་མཐའ་དག་སྐྱེ་དགུའི་ཡིད་སེམས་འཕྲོག།

ཅེས་བསྟོད་ཚིག་མེ་ཏོག་ཕྲེང་བས་སྔུན་བསུས་ཏེ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༧ གོང་ས་༧ སྐྱབས་མཆོག་རྒྱལ་བའི་དབང་བོ་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་འཁོར་ ༣༡ འཁོར་བའི་དུས་བཟང་ཁྱད་པར་ཅན་བསུ་བ་དང་ཆབས་ཅིག བོད་ལྗོངས་མདོ་སྨད་ཆོལ་ཁའི་གཞིས་བྱེས་རྒྱ་ཆེའི་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ། སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་རྒྱལ་བ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་འགྲུབ་ཡོང་བ་དང་། རང་ཅག་གཞིས་བྱེས་བོད་མི་ཡོངས་ཀྱིས་ཡུན་རིང་ཡིད་ལ་བསྣག་པའི་འདོད་དོན། བོད་དོན་བདེན་མཐའ་མྱུར་དུ་གསལ་ཞིང་། གཞིས་བྱེས་མཉམ་འཛོམས་ཀྱི་རྫོགས་ལྡན་དུས་སྟོན་ཤར་བའི་སྨོན་འདུན་དང་བཅས།

བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།

སྤྱི་ལོ༢༠༢༠ལོའི་ཟླ༡༢ཚེས༡༠ཉིན།

About རྩོམ་སྒྲིག་པ།