བཀྲ་ཤིས་སྒང་དགོན་ངོ་སྤྲོད།

བཀྲ་ཤིས་སྒང་ངམ་དཔལ་ལྡན་བཀྲ་ཤིས་སྒང་ངེས་དོན་དམ་ཆོས་ནོར་བུའི་གླིང་ནི་མདོ་སྨད་རྔ་པ་ཁུལ་རྒྱལ་རོང་ཡུལ་དུ་ཡོད་པའི་ཇོ་ནང་པའི་དགོན་པ་ཞིག་ཡིན་ལ།དཔལ་ལྡན་ཇོ་ནང་པའི་བསྟན་པ་ལ་ཕྱག་རྗེས་བླ་ལྷག་ཏུ་ཆེ་བ་ཆོས་རྗེ་རྒྱལ་བ་བཟང་གིས་ཐོག་མར་ཕྱག་བཏབ་པའི་ལོ་ཚིགས་གསལ་བོ་ཞིག་མ་ངེས་ཀྱང་།ཡུལ་དེའི་རྒན་རབས་པའི་ཟེར་སྒྲོས་སུ་ཆོས་རྗེ་ཁོང་དགུང་ལོ་ལྔ་བཅུ་ཡས་མས་སུ་ཕྱི་ལོ་༡༥༡༣ལོར་ཕྱག་བཏབ་གནང་བ་ཡིན་པའི་ཤོད་སྲོལ་ཡོད།དགོན་དེར་བཀྲ་ཤིས་སྒང་ཞེས་ཐོགས་དོན་ནི།ཆོས་རྗེ་རྒྱལ་བ་བཟང་གིས་དགོན་པ་བརྒྱ་རྩ་བརྒྱད་བཞེངས་གྲུབ་པའི་མཇུག་མཐའི་དགོན་ཏེ།བཀྲ་ཤིས་པའི་མཐའ་རྒྱན་དུ་གྱུར་པས་ན་དེ་ལྟར་བཏགས་པར་བཤད།

དེ་ནས་རྒྱལ་བ་བཟང་གིས་དགོན་དེའི་བསྟན་པའི་བདག་པོར་བསྐོས་པའི་སྙིང་པོ་སྣང་མཛད་ལྷ་བཙུན་གྱིས་དགོན་པའི་ལུགས་གཉིས་ཀྱི་ཕྱག་སྲོལ་མ་མཉམ་པར་བསྐྱངས་ཤིང་།ཁྱད་པར་དུ་རྒྱུད་སྡེ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དང་དུས་འཁོར་རྒྱུད་འགྲེལ་གྱི་དཔར་ཤིང་གསར་བཞེངས།ཐུན་མིན་ཇོ་ནང་པའི་དུས་འཁོར་རྫོགས་རིམ་ཡན་ལག་དྲུག་གི་སྒྲུབ་ཁང་གསར་བཞེངས་སོགས་དགོན་དེར་བཀའ་དྲིན་ཤིན་ཏུ་ཆེ།

བར་སྐབས་ཤིག་དགོན་པར་ཆག་འཇིག་བྱུང་ཡང་།རྫོང་འགག་རྒྱལ་པོ་དང་།ཅོག་ཙེ་རྒྱལ་པོ།སོ་མང་རྒྱལ་པོ་བཅས་རྒྱལ་ཁག་གསུམ་གྱིས་གཟིགས་སྐྱོང་འོག་མཐུ་སྟོབས་ཀྱི་བདག་པོ་བླ་མ་ཤིང་ཐར་ཞུ་བས་བསྐྱངས་ཏེ།རྒྱ་ནག་གིས་གཏོར་བཅོམ་མ་བྱས་བར་དུ་ལུགས་གཉིས་ཀྱི་བགྱི་བ་མ་ཉམས་པར་རྒྱུན་བསྐྱངས།

རིག་གསར་སྐབས་དགོན་དེར་ཉམས་ཉེས་གོད་ཆག་བྱུང་ཡོད་ནའང་།ཆོས་བྱེད་ཀྱི་སྒོ་མོ་བསྐྱར་དུ་ཕྱེས་པ་དང་བླ་མ་གྲོལ་མཆོག་དང་བླ་མ་ཆོས་འཕེལ་རྣམ་གཉིས་ཀྱི་འགན་བཞེས་ཏེ།བསྟན་པའི་རྒྱུན་མཐུད་པའི་ཕྱག་རྗེས་རླབས་ཆེན་མཛད་ཅིང་།དེང་ནའང་བཤད་སྒྲུབ་ཀྱི་བྱ་བ་གོང་ནས་གོང་དུ་འཕེལ་བཞིན་ཡོད།

དགོན་དེར་ཆོས་རྗེ་རྒྱལ་བ་བཟང་ནས་ད་ལྟའི་བར་སྦྱོར་དྲུག་གི་ཉམས་ལེན་རྒྱུན་མ་ཆད་པའི་ཁར།དུས་འཁོར་བསྐྱེད་རིམ་དང་།སྔོན་འགྲོ།འབྱུང་འདུལ།འཇིགས་བྱེད།མགོན་པོ་བྲག་རྫོང་མ།རྟ་མགྲིན་སོགས་ཀྱི་བཅད་རྒྱར་བཞུགས་སྲོལ་དང་།ལོ་ལྟར་སྒྲུབ་མཆོད་ཁག་ཆག་མེད་སྨིན་སྒྲུབ་གནང་ཞིང་།ལྷག་པར་ཚད་མ་རིག་པ་དང་བརྡ་སྤྲོད་སྙན་ངག    གསོ་བ་རིག་པ་སོགས་ལ་ཐོས་བསམ་སློབ་གཉེར་བྱེད་བཞིན་ཕྱོགས་གང་ཐད་ནས་ཡར་ལྡན་གྱི་སྐབས་སོ།

About རྩོམ་སྒྲིག་པ།