ཇོ་ནང་རྔ་བ་བསེ་དགོན་པ།

བསེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་ནི།
ཐོག་མར་བསེ་དབོན་ཀུན་དགའ་ལྷུན་གྲུབ་ཀྱིས་ཕྱི་ལོ་༡༦༡༤ མདོ་སྨད་རྔ་ཡུལ་གྱི་གུར་ནང་དུ་ངེས་དོན་གྱི་ཆོས་གཞིའི་དགོན་སྡེ་གསར་བ་བཏབ། དེ་དང་དུས་མཚུངས་སུ་མཁར་བླ་ཀུན་དགའ་དར་རྒྱས་ཀྱིས་རྟག་བརྟན་བཤད་སྒྲུབ་གླིང་ཞེས་པའི་ཆོས་སྡེ་བཏབ། དེའི་རྗེས་སུ་བསེ་མཁར་གཉིས་དང་ཅ་བ་བླ་མ་ངག་དབང་ཡོན་ཏན་རྣམས་ཀྱིས་ཐུགས་བསྐྱེད་ལས་བསེ་མཁར་གཉིས་དགོན་པ་གཅིག་ཏུ་གྱུར་པའི་སྙན་ཞུ་འབྲོག་དགེ་ཀུན་དགའ་ཡོན་ཏན་རྒྱ་མཚོ་དཔལ་བཟང་པོ་ལ་ཕུལ་བ་དང་ལེན་བྱས་ཏེ། མ་མཁའ་འགྲོ་དང་མཁས་གྲུབ་དུ་མས་ལུང་གིས་ཟིན་པ་དང་དགེ་མཚན་ལྡན་པའི་ལྟས་མང་པོ་དང་བཅས་རྔ་ཆེན་ཞེས་པར་རབ་བྱུང་བཅུ་བཞི་བའི་ཆུ་ཕོ་ཁྱི་ལོར་ཀུན་དགའ་ཡོན་ཏན་རྒྱ་མཚོ་མཆོག་དང་བསེ་མཁར་གཉིས་ཅ་བ་བླ་མ་ཚང་དང༌། དམེ་རྒྱལ་པོ་ལྕགས་ཐར་འབུམ་དང་བཀའ་བློན་མོ་བ་ཚང་སོགས་རྒྱལ་བློན་འཁོར་བཅས་དང༌། གཟའ་སྐར་དགེ་བའི་ཉིན་ལ་ས་འདུལ་སྦྱངས་པ་སོགས་ས་གཟིགས་ཐོག་མའི་རྟེན་འབྲེལ་ལེགས་པར་བསྒྲིགས་ནས་ཆོས་སྡེ་འདི་བཏབ་པ་ཡིན། བསེ་མཁར་གཉིས་ཀྱི་གདུང་རྒྱུད་རིམ་བྱོན་དང༌། ཅ་བ་ཚང་གི་ཁྲི་རབས་དང༌། མཁན་པོ་དང་རྡོ་རྗེ་སློབ་དཔོན་རིམ་བྱོན་རྣམས་ཀྱིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་བསྟན་པ་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཕྱིར་དུ་བྱ་བ་བསྒྲུབས་དང་སྒྲུབ་བཞིན་པར་མཆིས་སོ། །

About ལས་འབྱེད།