ཛཾ་ཐང་དགོན་ཆེན།

འདི་ནི་དེང་སྐབས་ཇོ་ནང་གི་དགོན་པ་ཆེ་ཤོས་ཞིག་ཡིན་ལ། དགོན་པ་འདི་དྲུང་རཏྣ་ཤྲཱི་ཡིས་དུས་རབས་བཅུ་བཞི་པའི་ནང་ཕྱག་བཏབ་པ་ཞིག་ཡིན་ལ། ཀུན་མཁྱེན་དོལ་པོ་སངས་རྒྱས་སྐུ་འདའ་ཁར་ཞལ་ཆེམས་སུ།
“ ང་ནི་འདི་ནས་འགྲོ་བའི་ཞག་འགའ་ན། །ཕྲིན་ལས་རྣམ་བཞིའི་གློག་དཀར་དྲ་བ་ཅན། །འཇམ་དབྱངས་དཔའ་བོ་ཛྙཱ་ན་ཧེ་རུ་ཀ ། ལྟ་ངན་མུན་སེལ་མི་བཟད་དྲག་པོ་ཆེ། །དགེ་སློང་དཔའ་བོ་ཆེན་པོ་ཐུང་ཅན་པ། །ཁ་སྤུ་ལྡན་པའི་རཏྣ་ཤྲཱི་ཞེས་པ། །རི་ཁྲོད་ཆེན་པོ་འདི་ན་འོང་བར་འགྱུར། །བུ་ཁྱོད་ཀྱི་ནི་རྗེས་སུ་འཇུག་གྱུར་ཏེ། །རོ་མཆོག་དམ་ཆོས་བདུད་རྩིས་རྒྱུད་ཚིམས་ནས། །མ་ཀི་འཛི་ཀ་༼ འདི་ནི་ཛཾ་ཐང་དགོན་ཆེན་ཡོད་སའི་ལུང་བའི་མིང་ཡིན༽ ཞེས་པའི་ས་ཕྱོགས་སུ། །ཆུ་བོའི་འགྲམ་ལ་བརྟེན་པའི་ལུང་བ་རུ། །སྐྱེ་བོ་དམུ་རྒོད་དར་བའི་ཡུལ་ས་ན། །ཨ་མི་སྐུ་མཆེད་དག་གི་བསྟན་པ་རྒྱས། །གནོད་སྦྱིན་གཏེར་བདག་མིང་གི་དགོན་པ་རུ། །དུས་ཀྱི་འཁོར་ལོའི་བཤད་སྒྲུབ་གཙོ་བོར་སྟོན། །ཟབ་ལམ་རྡོ་རྗེ་ཐེག་པའི་དགེ་ལེགས་རྒྱས། །ཀུན་ཀྱིས་མཆོད་གནས་བཀུར་བསྟི་བྱ་བའི་གནས། །”

ཞེས་སོགས་གསུང་པ་ལྟར་དྲུང་རཏྣ་ཤྲཱི་ནི་ཤར་རྒྱལ་མོ་ཚ་བ་རོང་དུ་འཁྲུངས། ཇོ་ནང་དཔལ་དུ་བྱོན་ནས་ཕྱོགས་རྒྱལ་བ་ཡབ་སྲས་ཀྱི་དྲུང་ནས། མདོ་སྔགས་ཀྱི་ཟབ་ཆོས་གསན་ཏེ་རྫོགས་པར་ཐུགས་སུ་ཆུད་ནས་ཕྲིན་ལས་རྣམ་བཞི་ལ་མངའ་བརྙེས། ཀུན་མཁྱེན་ཆེན་པོས་ལུང་བསྟན་པ་ལྟར་མདོ་སྨད་འཛམ་ཐང་ཕྱོགས་སུ་ཕེབས། སྐབས་དེར་འཛམ་ཐང་དགོན་པ་འདི་བོན་དགོན་ཞིག་ཡིན་ཀྱང་བོན་པོ་རྣམས་ཀྱིས་དགོན་གཞི་ཕུལ་ཏེ་གནས་གཞན་དུ་སོང་། དྲུང་དཀའ་བཞི་རིན་ཆེན་དཔལ་ཉིད་ཀྱིས་གནས་དེར་ཕྱི་ལོ་ ༡༤༢༥ ༼ རྗེ་ཙོང་ཁ་པ་འདས་ནས་ལོ་ལྔ་ཙམ་ཡིན༽ ཤིང་མོ་སྦྲུལ་གྱི་ལོར་དཔལ་གྱི་འཛམ་ཐང་ཆོས་སྡེ་ཆེན་པོ་བཏབ་སྟེ་ངེས་དོན་གྱི་བསྟན་པའི་ཆོས་གཞི་བཙུགས། ཞི་རྒྱས་དབང་དྲག་གི་མཛད་པ་མཐའ་ཡས་པའི་སྒོ་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དེ་བསྟན་པ་རྒྱས་ཤིང་འགྲོ་བའི་བདེ་སྐྱིད་འཕེལ་བར་བྱས་ལ། དེ་ཉིད་ཀྱི་གདན་ས་འཛིན་པ་མཁན་ཆེན་དཀོན་མཆོག་རྒྱལ་མཚན། ཚེས་བཅུ་རཏྣ་ཀིརྟི། ཨརྒེ་ཉི་མ་འོད་ཟེར་སོགས་བསྟན་པ་འཛིན་པའི་སྐྱེས་ཆེན་མང་དུ་བྱུང་།
ད་སྐབས་དགོན་པ་འདིར་ཆོས་རྗེ་གྲྭ་ཚང་དང་། ཚེས་བཅུ་གྲྭ་ཚང་། གཙང་བ་གྲྭ་ཚང་བཅས་གསུམ་ཡོད་པ་དང་། གྲྭ་ཚང་རེ་རེའི་ནང་དུ་ཀུན་མཁྱེན་སྟོན་པ་བཞི་ལྡན་གྱིས་ལུང་བསྟན་པ་ལྟར་ཟབ་ལམ་སྦྱོར་བ་དྲུག་གི་ལག་ལེན་དང་། གཞན་སྟོང་དབུ་མ་ཆེན་མོ་གཙོས་མདོ་སྔགས་གཞུང་ལུགས་ཀུན་ལ་འཆད་སྙན་གྱི་བྱ་བའི་དུས་འདའ་བཞིན་ཡོད།

About ལས་འབྱེད།