ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་རྣམས་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཀྱི་འོས་མིར་མིང་འདོན་བྱས།

ཕྱི་ལོ་ ༢༠༡༨ ནས་ ༢༠༢༢ བར་འདས་པའི་ལོ་ལྔ་བསྟུད་མར་རྒྱལ་སྤྱིའི་ཚོགས་སྡེ་ཁག་འདྲ་མིན་གྱིས་ཧོང་ཀོང་གི་རང་དབང་དང་མང་གཙོའི་ལས་འགུལ་བ་རྣམས་ལ་ནོ་སྦེལ་ཞི་བདེ་གཟེངས་ཕུལ་དགོས་པའི་སྐུལ་མ་གནང་འདུག

 

ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་འཛམ་གླིང་རྒྱལ་ཁབ་ ༡༠ ཡི་སློབ་གསོ་བ་ ༡༥ ཡིས། ད་ལྟ་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་དང་འགལ་བའི་ཉེས་མིང་བཙུགས་པའི། ཧོང་ཀོང་གི་མང་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་རྗོ་ཤཱུ་ཝོང་(Joshua Wong)དང་། གྷན་ནེ་ཧོ་(Gwyneth Ho)།  ཆའོ་ཧན་ཏཱོན་(Chow Hang-tung)། དེ་བཞིན་ལི་ཆིག་ཡན་(Lee Cheuk-yan) དང་ཀོང་གི་ཀུ་ཤུ་ཉིན་རེའི་གསར་ཁང་འཛུགས་མཁན་ཇི་མི་ལའེ་ (Jimmy Lai) བཅས། ཕྱི་ལོ་ ༢༠༢༢ ལོའི་ནོ་སྦེལ་ཞི་བདེ་གཟེངས་འབུལ་བཞེས་ཀྱི་འོས་མིའི་ཁོངས་སུ་མཚན་འདོན་བྱས་འདུག

 

སློབ་གསོ་བ་དེ་དག་གིས་ནོ་སྦེལ་གཟེངས་ཚོགས་ཆུང་ལ་ཕུལ་བའི་ཞུ་ཡིག་ནང་། ཧོང་ཀོང་གི་ལས་འགུལ་བ་དེ་དག་ནི་དཔྱོད་ཤེས་ཀྱི་བཙོན་པ་ཡིན་པ་དང་། འཛམ་གླིང་ས་ཕྱོགས་གང་སར་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཐེབས་བཞིན་པའི་སྐབས་སུ། ཁོ་ཚོས་རང་རང་གི་རང་དབང་བློས་གཏོང་གིས། འགྲོ་བ་མིའི་ཐོབ་ཐང་དང་རིན་ཐང་སྲུང་སྐྱོབ་བྱས་ཡོད། ཅེས་དང་། ཕྱི་ལོ་ ༢༠༢༢ ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ། ཧོང་ཀོང་གི་རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སླད་དུ་བློས་གཏོང་གནང་མཁན་ལས་འགུལ་བ་དག་ལ་ཕུལ་བ་ཡིན་ན། དེ་ནི་ད་སྔ་བར་འགྲོ་བ་མིའི་རིགས་ཀྱི་ཆེས་ཚད་མཐོའི་རིན་ཐང་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་བ་ཆགས་ཀྱི་ཡོད་སྐོར་བརྗོད་འདུག

 

ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་དང་ཀུ་ཤུ་ཉིན་རེའི་གསར་ཁང་གསར་འཛུགས་གནང་མཁན་ཇི་མི་ལའེ་ལགས། འདས་ལོའི་ཕྱི་ཟླ་ ༦ ནང་ཧོང་ཀོང་ཉེན་རྟོག་པས། ཀུ་ཤུ་ཉིན་རེའི་གསར་ཁང་ལ་སྔོག་བཤེར་བྱས་པ་དང་བསྟུན་འཛིན་བཟུང་གིས། ཟླ་བ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད་དེ་ད་ལྟའང་བཙོན་ཁང་དུ་ཁྲིམས་ཆད་འཁུར་གྱི་ཡོད་པ་དང་། རྗོ་ཤཱུ་ཝོང་དང་གྷན་ནེ་ཧོ་གཉིས་ཀྱིས། ཕྱི་ལོ་ ༢༠༢༠ ལོར་རྒྱལ་ཁབ་མགོ་རྟིང་སློག་རྩིས་བྱས་པའི་ཉེས་མིང་འོག འདས་ལོའི་ཕྱི་ཟླ་ ༢ ནང་འཛིན་བཟུང་གིས་ཟླ་བ་ ༡༣ བཙོན་འཇུག་ཁྲིམས་ཐག་བཅད་ཡོད། དེ་བཞིན། འཐོར་ཞིག་བཏང་བའི་ཧོང་ཀོང་གི་(Hong Kong Alliance in Support of Patriotic Democratic Movements of China) སྲིད་དོན་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཟུར་པ་ཆའོ་ཧན་ཏཱོན་དང་འགན་འཛིན་གཞོན་པ་ཟུར་པ་ལི་ཆིག་ཡན་གཉིས་དང་ལྷན་དུ་འབྲེལ་ཡོད་ལས་འགུལ་བ་ཁག་ཅིག་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་དང་འགལ་ཚུལ་བརྗོད་དེ། ད་ལྟའི་ཆར་འཛིན་བཟུང་གིས་བཀག་ཉར་འོག་བཅུག་ཡོད་པ་རེད།

 

ད་རེས་ནི་ཧོང་ཀོང་གི་ལས་འགུལ་བ་རྣམས་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཀྱི་འོས་མིའི་ཁོངས་སུ་མིང་འདོན་བྱས་པ་ཐོག་མ་མིན་པར། ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས། ཧོང་ཀོང་གི་ཉི་གདུགས་གསར་བརྗེའི་ལས་འགུལ་བ་རྗོ་ཤཱུ་ཝོང་དང་ན་ཐན་ལཱོ་(Nathan Law)།  ཨེ་ལེག་སི་ཆའོ་(Alex Chow) བཅས་ནོ་སྦེལ་གཟེངས་རྟགས་ཀྱི་འོས་མིར་མིང་འདོན་བྱས་པ་དང་། ཡང་ཕྱི་ལོ་ ༢༠༡༩ ལོར་ནོར་ཝེའི་གྲོས་ཚོགས་འཐུས་མི་ཞིག་གིས་ཧོང་ཀོང་གི་མང་གཙོའི་ལས་འགུལ་ལ་ནོ་སྦེལ་ཞི་བདེ་གཟེངས་རྟོགས་སྤྲོད་དགོས་པའི་མིང་འདོན་བྱས། དེ་བཞིན། ཕྱི་ལོ་ ༢༠༢༠ དང་ ༢༠༢༡ བཅས་བསྟུད་མར་ཧོང་ཀོང་གི་མང་གཙོའི་ལས་འགུལ་དང་ལས་འགུལ་བ་རྣམས་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་དགོས་པའི་མིང་འདོན་བྱས་ཡོད།

བོད་ཀྱི་དུས་བབ་ལས་དྲངས།

About རྩོམ་སྒྲིག་པ།