ཨ་ཕ་བོད་དོན་དུ་བོར་ནས་ལོ་གཉིས་ཕྱིན་ཐལ།

དེ་རིང་ཟླ་ ༦ ཚེས་ ༨ ཉིན་ནི་བོད་སྐྱོད་ཞི་བའི་འཐབ་རྩོད་པ་དང་རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་བོར་བརླག་ཏུ་སོང་ནས་ལོ་ཧྲིལ་བོ་ ༢ འཁོར་བའི་ཉིན་མོ་རེད། གསར་འགྱུར་བརྒྱུད་ལམ་ཁག་ཏུ་གླིང་ཚ་ཚེ་བརྟན་རྡོ་རྗེ་གླེང་སློང་ཤུགས་ཆེན་བྱེད་བཞིན་འདུག་ལ། སྤྱི་ཚོགས་བརྡ་འཕྲིན་ཁག་ཏུའང་རྩོམ་ཡིག་སྤེལ་བ་དང་སྙན་ངག་འབྲི་བ། པར་དང་བརྙན་སོགས་བརྒྱུད་འགོད་བྱེད་པ་སོགས་ཀྱི་ལམ་ནས་གླིང་ཚ་འཚོལ་བཞིན་འདུག

ཕྲན་ཡང་དུས་བྲལ་གྱི་བར་གསེང་དང་བསྟུན་ཏེ་དྷ་སའི་རི་ངོགས་སུ་ཤི་སྡུག་གསོན་སྡུག་གཉིས་ཀྱི་ལོ་ཟླའི་རྩེག་རིམ་ན་ལུས་པའི་ཨ་མ་སྡོམ་པོ་སྐྱིད་ཀྱི་གམ་དུ་བཅར་ཏེ། སེམས་གསོ་ཡི་ཞོར་དུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་བྱིས་དུས་ཀྱི་གནས་ཚུལ་དང་། ཞི་བའི་གོམ་བགྲོད་སྔ་ཕྱིའི་བྱེ་བྲག་གི་གནད་དོན་སྐོར་ལ་གླེང་མོལ་བྱས་སྐབས། ཨ་མ་སྡོམ་པོ་སྐྱིད་ཀྱིས་མཚམས་རེར་མགོ་བོ་བྲང་ལ་སྨད་དེ་དབུགས་རིང་འབྱིན་པ་དང་། ལན་རེར་ངོ་གདོང་ལག་པའི་བཀབ་ནས་མིག་ཆུ་གཏོང་བཞིན་ངའི་དྲི་བ་རེ་རེ་བཞིན་ལན་འདེབས་གནང་སོང་།

ཚེ་བརྟན་རྡོ་རྗེ་རང་ལོ་ ༡༦ སྟེང་ཨ་མ་སྡོམ་པོ་སྐྱིད་ཀྱིས་རྒྱ་གར་ལ་མངགས་པའི་སྐོར་བརྗོད་དོན། “ ༡༩༩༥ ལོའི་ཟླ་བརྒྱད་པའི་ནང་ངས་ཚེ་བརྟན་རྡོ་རྗེ་ལྷ་སར་འཁྲིད་ཡོང་སྟེ། ལྷ་ས་སྟག་རྩེའི་ཟམ་པའི་ཁ་ནས་དོས་སྐྱེལ་རླངས་འཁོར་ཞིག་གི་ནང་དུ་བཞག་སྟེ་ཁོ་རང་ལམ་འཇུག་བྱས་པ་ཡིན། རླངས་འཁོར་དེའི་གཞོང་པའི་ནང་མི་བཞི་བཅུ་ལྔ་བཅུ་ཞིག་འདུག་པའི་ཁྲོད་ལོ་ལྔ་དྲུག་ཅན་གྱི་ཕྲུ་གུ་ཡང་འདུག ཁོང་ཚོ་ཚང་མ་རྒྱ་གར་ལ་འགྲོ་མཁན་རེད། རྒྱལ་བ་རིན་པོ་ཆེར་མཇལ་རྗེས་ཕྱིར་ཡུལ་དུ་ཡོང་དགོས་པ་རེད། འུ་ཚང་གི་ཨ་ཁུ་རྒན་འཁོགས་ཆགས་ཡོད་པ་རེད་ཅེས་ལབ་པ་ཡིན། ཚེ་བརྟན་རྡོ་རྗེ་ཡིས་ལག་པ་གཡུག་གཡུག་བྱེད་བཞིན་དོས་སྐྱེལ་རླངས་འཁོར་ས་རྡུལ་གྱིས་བཏུམ་ནས་ཕྱིན་སོང་། ང་རང་ས་ལ་བསྡད་ནས་ཡུན་རིང་ལ་ངུས་པ་ཡིན། དེ་ནི་སྟོན་ཁ་ཞིག་རེད། ལམ་ཟུར་གྱི་སྡོང་བུའི་ལོ་མ་དག་ཀྱང་རླུང་གིས་འཁུར་ནས་ངའི་མགོ་ལ་ཟེགས་ཡོང་གི་འདུག” ཅེས་ཨ་མ་སྡོམ་པོ་སྐྱིད་ཀྱི་མགྲིན་པ་བརྣངས་བཞིན་བརྗོད་བྱུང་།

བླ་བྲང་དགོན་པའི་འདབས་ཀྱི་གྲྭ་ཕྲུག་ཚུབ་པོ།

ཨ་མ་སྡོམ་པོ་སྐྱིད་ལགས་ཀྱིས་བརྗོད་པ་ལྟར་ན། གླིང་ཚ་ཚེ་བརྟན་རྡོ་རྗེ་ནི་ཨ་མདོ་བླ་བྲང་སྔོན་ཆགས་གླིང་ཚང་དུ་ ༡༩༧༩ ལོར་སྐྱེས་ཤིང་། ཁོང་ཚང་གི་ཁྱིམ་རྒྱུད་དེར་གླིང་ཚང་དུ་འབོད་དོན་ནི། མགོ་ལོག་གི་གླིང་ཆེ་རྒྱུད་ཆུང་རྒྱུད་འབྲིང་རྒྱུད་གསུམ་ལས། གླིང་ཆུང་རྒྱུད་ཚང་ནས་འཆད་པའི་མི་རྒྱུད་ཡིན་པའི་བཤད་རྒྱུན་ཡོད་འདུག

གླིང་ཚ་ཚེ་བརྟན་རྡོ་རྗེ་ཆུང་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་གྲྭ་བ་བྱས་ཡོད་པ་དང་། ལོ་བདུན་བརྒྱད་སྐབས་ནས་རྒྱ་གར་དུ་འགྲོ་རྒྱུ་ཡིན་ཞེས་བླ་བྲང་དགོན་པ་ནས་རྐང་པ་བརྒྱབ་ནས་ཧོར་གཙང་ཤང་སྒོ་དང་རེབ་གོང་། ལན་ཀྲུག་སོགས་སུ་ཐེངས་མང་བྲོས་ཡོད་པ་དང་། ལོ་བཅུ་བཞིའི་སྟེང་ལྷ་སར་བྲོས་ཏེ་རྒྱ་གར་ལ་འགྲོ་འཆར་ཡོད་སྐབས་ཨ་མ་སྡོམ་པོ་སྐྱིད་ཆེད་དུ་ལྷ་སར་འཚོལ་དུ་སོང་སྟེ་ཕྱིར་འཁྲིད་ཡོང་ཡོད་འདུག ཕ་ཡུལ་དུ་ལོག་ནས་སླར་ཡང་ཕྱིར་འབྲོ་རྩིས་ཡང་ཡང་བྱས་པར་བརྟེན་ཏེ། ནང་མི་ཚོས་གྲོས་བྱས་ཏེ་ཚེ་བརྟན་རྡོ་རྗེ་རྒྱ་གར་ལ་གཏོང་རྒྱུའི་ཐག་གཅོད་བྱས་འདུག

ཚེ་བརྟན་རྡོ་རྗེ་རང་ལོ་ ༡༦ སྟེང་ཨ་མ་སྡོམ་པོ་སྐྱིད་ཀྱིས་རྒྱ་གར་ལ་མངགས་པའི་སྐོར་བརྗོད་དོན། “ ༡༩༩༥ ལོའི་ཟླ་བརྒྱད་པའི་ནང་ངས་ཚེ་བརྟན་རྡོ་རྗེ་ལྷ་སར་འཁྲིད་ཡོང་སྟེ། ལྷ་ས་སྟག་རྩེའི་ཟམ་པའི་ཁ་ནས་དོས་སྐྱེལ་རླངས་འཁོར་ཞིག་གི་ནང་དུ་བཞག་སྟེ་ཁོ་རང་ལམ་འཇུག་བྱས་པ་ཡིན། རླངས་འཁོར་དེའི་གཞོང་པའི་ནང་མི་བཞི་བཅུ་ལྔ་བཅུ་ཞིག་འདུག་པའི་ཁྲོད་ལོ་ལྔ་དྲུག་ཅན་གྱི་ཕྲུ་གུ་ཡང་འདུག ཁོང་ཚོ་ཚང་མ་རྒྱ་གར་ལ་འགྲོ་མཁན་རེད། རྒྱལ་བ་རིན་པོ་ཆེར་མཇལ་རྗེས་ཕྱིར་ཡུལ་དུ་ཡོང་དགོས་པ་རེད། འུ་ཚང་གི་ཨ་ཁུ་རྒན་འཁོགས་ཆགས་ཡོད་པ་རེད་ཅེས་ལབ་པ་ཡིན། ཚེ་བརྟན་རྡོ་རྗེ་ཡིས་ལག་པ་གཡུག་གཡུག་བྱེད་བཞིན་དོས་སྐྱེལ་རླངས་འཁོར་ས་རྡུལ་གྱིས་བཏུམ་ནས་ཕྱིན་སོང་། ང་རང་ས་ལ་བསྡད་ནས་ཡུན་རིང་ལ་ངུས་པ་ཡིན། དེ་ནི་སྟོན་ཁ་ཞིག་རེད། ལམ་ཟུར་གྱི་སྡོང་བུའི་ལོ་མ་དག་ཀྱང་རླུང་གིས་འཁུར་ནས་ངའི་མགོ་ལ་ཟེགས་ཡོང་གི་འདུག” ཅེས་ཨ་མ་སྡོམ་པོ་སྐྱིད་ཀྱི་མགྲིན་པ་བརྣངས་བཞིན་བརྗོད་བྱུང་།

ཚེ་བརྟན་རྡོ་རྗེ་རྒྱ་གར་ལ་འབྱོར་ཏེ་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཏེ་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ཡོད་པ་དང་། རྗེས་སུ་ཕ་མ་གཉིས་ཀྱིས་ཕྱིར་ཕ་ཡུལ་དུ་ལོག་དགོས་སྐོར་བརྗོད་སྟབས། ཚེ་བརྟན་རྡོ་རྗེ་ལ་མོས་མཐུན་མེད་བཞིན་དུ་ཕ་མའི་བཀའ་ལྡོག་མ་ནུས་པར་ཤར་གངས་ལ་བརྒྱུད་དེ་ཕྱིར་ཕ་ཡུལ་དུ་ལོག་ཡོད་འདུག ཨ་མ་སྡོམ་པོ་སྐྱིད་ཀྱིས་དེའི་སྐོར་བརྗོད་དོན་” ཚེ་བརྟན་རྡོ་རྗེ་ལ་ཆུང་དུས་ནས་གཤིས་ཀ་ཅུང་ཁྱད་མཚར་ཞིག་ཡོད། ངེད་ཕ་མ་གཉིས་ཀྱིས་ག་རེ་ལབ་ཀྱང་ཁ་ལེན་ཚིག་བརྩི་བྱེད་ཀྱང་། ཁོ་རང་གི་སེམས་ནས་ཐག་བཅད་ཟིན་པ་དེར་མི་སུས་ཀྱང་གཡོ་འགུལ་གཏོང་ཐབས་མེད། ཁོ་རང་གིས་ཆུང་དུས་ནས་ཤ་སྤངས་ཡོད་པ་དང་། རྒྱ་གར་ལ་ཡོང་བ་ནས་བཟུང་ཞོགས་པ་སྔ་བོ་རྟག་པར་སྒོམ་རྒྱག་གི་རེད། ” ཅེས་བརྗོད་བྱུང་།

ཚེ་བརྟན་རྡོ་རྗེ་ཕྱིར་ཕ་ཡུལ་དུ་ལོག་རྗེས་བླ་བྲང་དགོན་པའི་ནང་དུ་བློ་སེམས་རྩེ་གཅིག་གིས་སློབ་སྦྱོང་ལ་གཞོལ་བཞིན་པའི་སྐབས་ཤིག རྒྱ་ནག་གཞུང་གི་པཎ་ཆེན་རྒྱལ་མཚན་ནོར་བུར་ངོས་ལེན་མིང་རྟགས་འགོད་དགོས་ཞེས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཞིག་སྤེལ་བ་དང་བསྟུན་ཏེ། ཚེ་བརྟན་རྡོ་རྗེ་ཕྱིར་རྒྱ་གར་དུ་མི་འབྲོ་ཐབས་མེད་ཆགས་ཡོད་ཅིང་། དེའི་སྐོར་ལ་ཨ་མ་སྡོམ་པོ་སྐྱིད་ཀྱིས་འདི་ལྟར་བརྗོད་བྱུང་། “སང་ཉིན་དགོན་པའི་ཆོས་རྭའི་ནང་གྲྭ་བ་ཡོངས་རྫོགས་ཀྱིས་མིང་རྟགས་འགོད་དགོས་པ་ཡིན་ན། དོ་ནུབ་ཚེ་བརྟན་རྡོ་རྗེ་ཡིས་ཡི་གེ་ཞིག་བཞག་སྟེ། རྩ་བའི་བླ་མ་གཙུག་གི་ནོར་བུས་ངོས་འཛིན་གནང་བའི་པཎ་ཆེན་རིན་པོ་ཆེ་ཡོད་བཞིན་དུ་ངས་རྒྱ་ནག་གུང་ཁྲན་ཏང་གི་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེ་ཞིག་ལ་ངོས་ལེན་མིང་རྟགས་འགོད་ཐབས་རྩ་བ་ནས་མེད་པས། ང་རང་ཕྱིར་རྒྱ་གར་དུ་མི་འགྲོ་ཐབས་མེད་བྱུང་སོང་ཞེས་བཀོད་འདུག སྐབས་དེར་དངུལ་སོགས་གང་ཡང་མེད་པར་ཤར་ཁུམ་བུ་བརྒྱུད་ནས་རྒྱ་གར་ལ་ཕྱིན་པ་རེད།” ཅེས་བརྗོད་བྱུང་།

གླིང་ཚ་ཚེ་བརྟན་རྡོ་རྗེ་ཐེངས་གཉིས་པར་རྒྱ་གར་དུ་ཡོང་སྟེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཞུགས་ཡོད་པ་དང་། སློབ་གྲྭ་ཐོན་རྗེས་དྷ་རམ་ས་ལ་དང་ལྡི་ལི། ཤི་ལོང་སོགས་སུ་མི་གཞན་གྱི་ཚོང་ཁང་དང་ཟ་ཁང་སོགས་སུ་གཡོག་ལས་བྱས་ཡོད་པ་དང་། གནས་ཚུལ་དེ་ཕ་ཡུལ་ནས་ཐོས་ཏེ་ཕ་མ་གཉིས་ཀྱི་སེམས་ཀྱིས་མ་བཟོད་པར། ཚེ་བརྟན་རྡོ་རྗེ་ཕྱིར་ཕ་ཡུལ་དུ་ལོག་དགོས་པའི་བཀའ་བཏང་ཡོད་སྟབས། ༢༠༠༣ ལོར་ཚེ་རྡོར་འགྲམ་འགག་སྒོ་བརྒྱུད་དེ་ཕྱིར་ཕ་ཡུལ་དུ་ལོག་ཡོད་འདུག ནང་མི་ཚོས་ཚེ་བརྟན་རྡོ་རྗེ་ལ་ཁང་པ་རྒྱག་སའི་ས་ཆ་སོགས་གྲ་སྒྲིག་བྱས་ཏེ། ཕ་ཡུལ་ནས་གཏན་སྡོད་བྱེད་དུ་འཇུག་རྒྱུའི་འཆར་གཞི་ཨང་གསར་ཡོད་ཀྱང་། རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་གསང་བའི་མི་སྣས་སུན་གཙེར་ཡང་ཡང་བྱས་ཤིང་། འཛིན་བཟུང་བྱེད་རྒྱུའི་ཉེན་ཁ་ཤིན་ཏུ་ཆེན་པོ་ཆགས་སྟབས། ནང་མི་ཚོས་བསྐྱར་དུ་གྲོས་བྱས་ཏེ་ཚེ་བརྟན་རྡོ་རྗེ་རྒྱ་ལག་ཏུ་ཤོར་བ་ལས་ཕྱིར་རྒྱ་གར་དུ་གཏང་ན་ལེགས་པའི་ཐག་གཅོད་བྱུང་ཡོད་པ་དང་། སྐབས་དེར་གླིང་ཚ་ལྷ་མོ་སྐྱིད་ཀྱང་ཁོ་དང་མཉམ་དུ་རྒྱ་གར་ལ་སློབ་སྦྱོང་དུ་བཏང་ཡོད་འདུག

༢༠༠༦ ལོའི་ཟླ་ ༡༢ པའི་ནང་ཨ་མ་སྡོམ་པོ་སྐྱིད་དང་ཨ་ཕ་ཚེ་མགོན་གཉིས་ཀྱང་༧རྒྱལ་བ་རིན་པོ་ཆེར་མཇལ་ཁ་དང་། རང་གི་བུ་ཕྲུག་གཉིས་ལ་ཐུག་འཕྲད་བཅས་ཀྱི་ཆེད་དུ་ཕྱི་སྐྱོད་ཡི་གེ་བླངས་ཏེ་རྒྱ་གར་ལ་ཡོང་ཡོད་འདུག སྐབས་དེར་ཚེ་བརྟན་རྡོ་རྗེས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊིར་ཟ་ཁང་ཞིག་བཟུང་ཡོད་པ་དང་། ཕ་མ་གཉིས་ཀྱང་དྷ་རམ་ས་ལར་༧གོང་ས་མཆོག་ལ་མཇལ་རྗེས་ལྷོ་ཕྱོགས་སུ་བསྐྱོད་དེ། ཚེ་བརྟན་རྡོ་རྗེ་ཡི་ཟ་ཁང་དུ་ཁོ་ལ་རོགས་རམ་བྱས་པར་ཚོང་ཧ་ཅང་བྲིན་པོ་བྱུང་ཡོད་འདུག

དེའི་རྗེས་སུ་ཨ་མ་སྡོམ་པོ་སྐྱིད་ཀྱི་གཟུགས་པོ་བདེ་མིན་ལ་བརྟེན་ཏེ་ཁོང་ཚང་གིས་ལྷོ་ཕྱོགས་ཀྱི་ཟ་ཁང་བཙོངས་ཏེ། རྒྱ་གར་བྱང་ཕྱོགས་དྷ་རམ་ས་ལར་མི་ཡོང་ཐབས་མེད་ཆགས་ཡོད་འདུག ཨ་མ་སྡོམ་པོ་སྐྱིད་ཀྱིས་སྐབས་དེའི་ཡ་ང་བའི་དོན་རྐྱེན་ཞིག་དང་འབྲེལ་ཏེ་བརྗོད་དོན། “སྐབས་དེར་ངེད་ཚང་ལ་གནས་ཚུལ་ཞེད་སྣང་ཆེན་པོ་ཞིག་བྱུང་བ་རེད། དེ་གང་རེད་ཟེར་ན། ང་ཚོས་ཟ་ཁང་བཙོངས་ཏེ་ཚུར་ཡོང་ཁར་ཚེ་བརྟན་རྡོ་རྗེ་ཡིས། ཟ་ཁང་འདི་ཐོག་མར་འཛིན་སྐབས་འབྲས་སྤུངས་དགོན་པའི་གྲྭ་བ་ཞིག་ལ་དངུལ་གཡར་ཡོད་པ་དེ་ཕྱིར་སྤྲོད་དགོས་ཟེར། དངོས་གནས་བྱས་ན་གྲྭ་བ་དེས་ཐོག་མ་དངུལ་གཡར་སྐབས། རྗེས་མ་ཟ་ཁང་ཡག་པོ་བྱུང་ན་དངུལ་བུན་ཕྱིར་སློག་རོགས། གལ་སྲིད་ཟ་ཁང་ཡག་པོ་མ་བྱུང་ན་དངུལ་བུན་ཕྱིར་སློག་མི་དགོས་ལབ་ཡོད་ས་རེད། འོན་ཀྱང་ཚེ་བརྟན་རྡོ་རྗེ་ཡིས་ད་ལྟ་ཟ་ཁང་གང་འཚམ་ཡག་པོ་བྱུང་སོང་བས། དངུལ་བུན་དེ་ངེས་པར་དུ་ཕྱིར་སློག་དགོས་ཟེར། ངེད་རྒན་རྒོན་གཉིས་ཀྱིས་ཁོ་ལ། དངུལ་བུན་དེ་གནས་སྐབས་རིང་ཕྱིར་སློག་མ་བྱས་ན་ག་འདྲ་འདུག ང་ཚོ་བཟའ་ཉོག་ཚང་མ་དྷ་རམ་ས་ལར་སོང་ན་འགྲོ་སོང་ཡོད་པ་རེད། དེའི་སྟེང་ལ་ཨ་མ་ཡང་ནད་པ་རེད། དྷ་རམ་ས་ལ་ནས་འཚོ་བ་ཅུང་བརྟན་པོ་ཆགས་རྗེས་དངུལ་བུན་སྤྲད་ཆོག ཅེས་ལབ་པར་ཁོས། ང་སྔོན་ཆད་དཀའ་ངལ་ལ་ཐུག་སྐབས་གྲྭ་བ་དེས་ང་བསྐྱབས་པ་ཡིན། ད་ལྟ་དངུལ་ཅུང་ཡོད་དུས་ཁོ་བརྗེད་མི་ཉན་ཟེར། ངེད་གཉིས་ཁོའི་སྐད་ཆ་སྣང་མེད་བཏང་བ་མ་ཟད། ད་དུང་གདོང་ཡང་ཅུང་ནག་པོ་བསྟན་ཏེ། དངུལ་བུན་དེ་རྗེས་མ་ཕྱིར་སློག་དགོས་ཞེས་ལབ་ནས་ཚུར་ལོག་རྩིས་བྱས་པ་ཡིན། སྐབས་དེར་ཁོས། ཨ་ཕ་ཨ་མ་ཁྱེད་གཉིས་ཅི་འདྲའི་དངུལ་ལ་དགའ་བོ་འདུག ཟ་ཁང་གི་དངུལ་ཡོངས་རྫོགས་ཁྱེད་གཉིས་འཁྱེར། ང་དངུལ་བུན་དེ་མ་སྤྲད་པར་ས་འདི་ལ་ཁ་འབྲལ་ས་མེད། ཅེས་ལབ་ནས་རྩབ་གྲི་མགོ་ལ་འཕྱར་ཏེ་ཁོ་རང་རང་གི་ལག་པའི་སྟེང་ལ་ཤུགས་ཀྱིས་ཐེངས་གཅིག་གཞུས་སོང་། ཁྲག་གནམ་ལ་མཆོད་དེ་ཁང་པའི་ནང་ཡོངས་རྫོགས་དམར་པོ་བྱས་སོང་། གནས་ཚུལ་དེ་དྲན་ན་ད་ལྟའང་ཞེད་སྣང་སྐྱེ་ཡོང་གི་འདུག སྐབས་དེར་ཅུང་ཙམ་མིན་ན། གཅེས་ཕྲུག་གཅིག་པུ་ངེད་ཕ་མ་གཉིས་ཀྱིས་བསད་སོང་། དུས་དེ་ནས་བཟུང་ངས་དངུལ་ལ་བདག་པོ་རྒྱག་རྒྱུ་མིན་ཞེས་ཁས་ལེན་དམ་བཅའ་བྱས་པ་ཡིན།” ཞེས་ཨ་མ་སྡོམ་པོ་སྐྱིད་ཀྱིས་མགོ་བོ་གཡུག་གཡུག་བྱེད་བཞིན་གནོང་འགྱོད་དང་བཅས་བརྗོད་སོང་།

ཨ་མ་སྡོམ་པོ་སྐྱིད་ཀྱིས་མུ་མཐུད་དུ་བརྗོད་དོན། “ ཚེ་བརྟན་རྡོ་རྗེ་སྨན་ཁང་ནས་དྲག་སྐྱེད་བྱུང་རྗེས་ང་ཚོ་དྷ་རམ་ས་ལར་ཡོང་བ་ཡིན། དེ་ནི་ ༢༠༠༨ ལོའི་ལོ་གསར་སྐབས་ལ་ཁེལ་འདུག དྷ་ས་ཡོངས་གླིང་སློབ་གྲྭའི་འོག་ནས་ཁང་མིག་ཆུང་ཆུང་ཞིག་གླས་ནས་བསྡད་པ་ཡིན། ཉིན་གསུམ་གྱི་རྗེས་ལ་ཚེ་བརྟན་རྡོ་རྗེ་ཡིས་གྲྭ་བ་ཞིག་འཁྲིད་ཡོང་སྟེ། ཁོ་ལ་སྡོད་ས་མི་འདུག འུ་ཚང་ནས་སྡོད་དུ་འཇུག་རོགས་ཟེར། དེ་ནས་ཉིན་ཁ་ཤས་རྗེས་སོག་པོ་རྒན་འཁོགས་ཤིག་འཁྲིད་ཡོང་སྟེ། མི་འདི་ཡང་དཀའ་ངལ་ཅན་ཞིག་རེད། འུ་ཚང་ནས་སྡོད་དུ་འཇུག་རོགས། ང་དགོང་མོ་གཞན་ལ་ཉལ་དུ་འགྲོ་དགོས་ཟེར། དེ་ལྟར་ང་ཚོ་མི་དྲུག་ཙམ་ཁང་མིག་ཆུང་ཆུང་དེའི་ནང་འདུག་ཐབས་བྱས་པ་ཡིན། ཚེ་བརྟན་རྡོ་རྗེ་དགོང་མོ་གྲོགས་པོ་ཚོའི་ནང་ལ་ཉལ་དུ་སོང་བ་རེད།” ཞེས་བརྗོད་སོང་།

རྗེས་སུ་ཨ་ཕ་ཚེ་མགོན་གྱི་ཕ་ཨ་ལོ་ན་ ༨༠ སོན་ཡོད་པ་དེར་ཕ་ཡུལ་ནས་ན་ཚ་ཞིག་བྱུང་སྟེ་ཛ་དྲག་ཆགས་ཡོད་པའི་གནས་ཚུལ་ཞིག་ཐོས་པར་བརྟེན་ཏེ། ཨ་མ་སྡོམ་པོ་སྐྱིད་གཉིས་ཕྱིར་ཕ་ཡུལ་དུ་ལོག་དགོས་བྱུང་ཡོད་ཀྱང་། ཁོང་གཉིས་ཕ་ཡུལ་དུ་ལོག་ནས་ཟླ་ཤས་ལས་མ་འགོར་བར། ཚེ་བརྟན་རྡོ་རྗེ་ཨི་ཛ་རལ་(Israel)གྱི་བུ་མོ་ཞིག་དང་གཉེན་སྒྲིག་བྱས་ཏེ་ཕར་ཨི་ཛ་རལ་རྒྱལ་ཁབ་ཏུ་གཞིས་སྤོར་བྱས་ཡོད་སྟབས། ཨ་མ་སྡོམ་པོ་སྐྱིད་རྒན་རྒོན་གཉིས་ཀྱིས་བུ་མོ་ལྷ་མོ་སྐྱིད་གཅིག་པུ་རྒྱ་གར་ནང་ལྷག་ཡོད་པ་སེམས་ཀྱིས་མ་བཟོད་པར་ ༢༠༠༨ ལོའི་ཕྱི་ཟླ་ ༡༠ པའི་ནང་ཕྱིར་རྒྱ་གར་དུ་ཡོང་ཡོད་འདུག རྗེས་སུ་ ༢༠༡༤ ལོར་ཨ་ཕ་ཚེ་མགོན་ལ་སྙིང་གི་ན་ཚ་ཕོག་པར་བརྟེན་ཏེ་ཁོ་རང་གཅིག་པུ་ཕྱིར་བོད་ནང་མི་ལོག་ཐབས་མེད་བྱུང་ཡོད་འདུག

དེ་རིང་གི་གླེང་གཞི་གཙོ་བོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ནི། བོད་དོན་འཐབ་རྩོད་པ་ཞིག་ཡིན་པ་མ་ཟད། བོད་དབྱིན་གཉིས་ཀྱི་ཤེས་ཚད་ལྡན་པའི་ན་གཞོན་རྩོམ་པ་པོ་ཞིག་ཀྱང་ཡིན། ཁོང་གིས་མི་འགྱུར་གངས་ཕྲུག་དང་། དྲ་མིང་ལ། བོད། ཤ་ཁྲག་རུས་གསུམ་སོགས་ཀྱི་སྨྱུག་མིང་ཐོག་ནས་བོད་ཀྱི་དུས་བབ་གཙོས་པའི་དྲ་ཚིགས་ཁག་ཏུ་རྩོམ་ཡིག་མང་པོ་སྤེལ་ཡོད་ལ། <<བརྩེ་དུང་གི་ཨ་ལོང་ལས་ཤོར་བའི་སེམས་འཕྲིན་དམར་པོ།>> དང་། <<བརྩེ་དུང་། མི་རྐྱང་རི་ལ་ཆས་པའི་གཏམ་རྒྱུད།>> <<རྣམ་ཤེས་ཀྱི་བརྩེ་དུང་།>> <<གྲྭ་བ་མི་བྱེད། སྦྱིན་བདག་མི་དགོས།>> ཞེས་པ་སོགས་ཀྱི་དེབ་ ༤ ཙམ་བཏོན་ཡོད།

བཟའ་ཟླ་བུ་ཕྲུག་དོར་བའི་ཨ་ཕ་ཡིད་བྱུང་བ།

ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣ ཉིན།  གླིང་ཚ་ཚེ་བརྟན་རྡོ་རྗེ་ཡིས་བོད་དོན་ཞི་བའི་འཐབ་རྩོད་གནང་ཆེད་དགོས་འདུན་དོན་ཚན་ལྔ་བསྣམས་ཏེ་བཞུགས་སྒར་དྷ་རམ་ས་ལར་འབྱོར་ཡོད་པ་དང་། སྐབས་དེར་ཁོས་རྒྱ་གར་དྷ་རམ་ས་ལ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་ཞི་བའི་གོམ་བགྲོད་གནང་རྒྱུའི་དམ་བཅའ་བཞག་སྟེ། ཁོ་རང་གི་བཟའ་ཟླ་Yael Pferrer ལགས་དང་། རང་ལོ་ ༣ ལ་སོན་པའི་བུ་མོ་ ‘ཐར་མ་མཚོ’། བཙས་ཏེ་ཟླ་ངོ་ ༦ ལས་ཕྱིན་མེད་པའི་བུ་ ‘ཁ་བའི་ལྷ་སྲས’ བཅས་དང་ཁ་གྱེས་ནས་ཡོང་།

ཨ་མ་སྡོམ་པོ་སྐྱིད་ཀྱིས་ཞི་བའི་འཐབ་རྩོད་ཐོག་མར་མགོ་འཛུགས་སྟངས་སྐོར་ངོ་སྤྲོད་གནང་དོན། “ཐེངས་ཤིག་ཨི་ཛ་རལ་ནས་ཚེ་བརྟན་རྡོ་རྗེ་ཡི་སྐྱེས་དམན་གྱིས་ལྷ་མོ་སྐྱིད་ལ་ཁ་པར་ཡོང་སྟེ། ཚེ་བརྟན་རྡོ་རྗེ་ཡིས་བོད་དོན་ལས་འགུལ་སྤེལ་དུ་འགྲོ་རྒྱུ་ཡིན་ལབ་ཀྱིན་འདུག འདི་ཁྱོད་ཀྱིས་ཕ་མ་གཉིས་ལ་ལབ་རོགས། ངས་ཇི་ལྟར་བཀག་ཀྱང་ཁ་ལ་ཉན་གྱི་མི་འདུག ལས་དོན་འདི་ཕྲུ་གུའི་ཕ་མ་ཞིག་གི་ལས་ཀ་ཞིག་མ་རེད། ཅེས་ལབ་སོང་ཟེར་ནས་ངེད་གཉིས་ལ་བཤད་སོང་། དེ་ནི་ ༢༠༡༢ ལོའི་ཟླ་ ༢ པའི་ནང་ཞིག་རེད། དེའི་སྔོན་ལ་ཚེ་བརྟན་རྡོ་རྗེས་ང་ལ་ཁ་པར་ཡོང་ཐེངས་རེ་ལ་ཡང་། ཨི་ཛ་རལ་གྱི་བརྙན་འཕྲིན་ནང་དུ། ཁོ་རང་ཚོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་ཤོར་བ་དང་། ཁྲིམས་ཁང་ལ་སོང་ནས་ཕྱིར་ཀློད་ནས་ཡོང་བཞིན་པ་སོགས་ལ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་བཞིན་འདུག ང་ཚོ་བོད་པར་འདི་འདྲ་ཞིག་མེད་དོན་གང་ཡིན་ནམ་ཟེར་བ་སོགས་མང་པོ་ལབ་ཡོང་གི་འདུག ད་དུང་ཐེངས་གཅིག་ཁོས། ངས་རང་གི་ཕྲུ་གུ་གཉིས་ཀྱི་གདོང་ལ་བལྟས་ཏེ་ཁྱོད་རང་གི་ཨ་ཕས་བོད་མི་རིགས་ཀྱི་ཆེད་དུ་ཅི་ཞིག་བསྒྲུབ་དགོས་པ་རེད་ཅེས་དྲི་བ་བཏོན་པ་ཡིན་ཟེར། སྐད་ཆ་དེ་དག་གིས་ང་ལ་སེམས་ཁྲལ་ཆེན་པོ་ཞིག་བསླངས་སོང་ཡང་། ཁོ་རང་ས་མཐའ་ཞིག་ཏུ་ཡོད་སྟབས་སྐད་ཆ་དེ་དག་ལ་ཉན་འདོད་མེད་ཀྱང་ཡོད་ཁུལ་བྱས་ཏེ། འུ་ཅག་བོད་པ་ཚང་ལའང་སྐྱིད་གི་ཉི་མ་འཆར་རྒྱུ་ཞིག་ཡོད་པ་རེད་ལབ་པ་ཡིན།

ཉིན་ཞིག་ཞོགས་པ་སྔ་པོ་ཁ་པར་ཞིག་བསླེབས་སོང་། ཁ་པར་བཀྱགས་སྐབས་ཚེ་བརྟན་རྡོ་རྗེ་རེད་འདུག ཨ་མ། ང་དྷ་ཤོད་ན་ཡོང་གི་ཡོད་ཟེར། སྐད་ཆ་དེས་ངའི་ཀླད་པའི་ནང་ཙག་ཤད་ཅིག་བརྒྱབ་སོང་། ང་ཚབ་བི་ཚུབ་བིར་མེག་གྷན་རླངས་འཁོར་འབབ་ཚིགས་སུ་རྒྱུག་པ་ཡིན། ཅུང་ཙམ་རྗེས་ཁོ་རང་རླངས་འཁོར་ཞིག་ལས་མར་འབབ་སྐབས། ལུས་ན་ལ་བ་སྲབ་པོ་ཞིག་དང་། རྒྱབ་ན་རྒྱབ་ཁུག་ཆུང་ཆུང་ཞིག་མ་གཏོགས་གང་ཡང་མི་འདུག ངས་དེ་མཐོང་མ་ཐག་བུ་འདིས་རང་ལུས་མེར་བསྲེགས་གཏོང་རྒྱུ་ཡིན་ས་རེད་སྙམ་ནས་འཇིགས་སུ་རུང་བ་ཞིག་དྲན་སོང་། ང་ཁོ་རང་གི་སྐེ་ལ་འཇུས་ཏེ་འགྲམ་པའི་སྟེང་ལ་འོ་ཞིག་བྱས་པ་ལས་སྐད་ཆ་ཚིག་གཅིག་ཀྱང་ཐོན་མ་སོང་། ངས་མིག་ཆུ་གཏོང་གིན་གཏོང་གིན་ཚེ་བརྟན་རྡོ་རྗེ་ཡི་ལག་མགོར་འཇུས་ཏེ་ནང་ལ་ཡོང་བ་ཡིན།

ངེད་གཉིས་ནང་དུ་བསླེབས་མ་ཐག ཚེ་མགོན་གྱིས་ཁྱོད་ད་རེས་ཡོང་དོན་ཅི་ཡིན་ཞེས་དྲིས་སོང་། ཚེ་བརྟན་རྡོ་རྗེ་མར་ཙོག་ཞོར་དུ། ཨ་ཕ། ད་རེས་ང་ཁྱེད་གཉིས་ལ་དངུལ་དང་ཅ་དངོས་གང་ཡང་འཁྱེར་ཡོང་རྒྱུ་མེད། ལག་པ་སྟོང་པ་དང་ལུས་པོ་གཅེར་བུར་བོད་དོན་ལ་ལས་ཀ་བྱེད་དུ་ཡོང་བ་ཡིན། ཞེས་ཞི་བའི་འཐབ་རྩོད་སྐོར་འགྲེལ་བཤད་བརྒྱབ་སོང་། སྐབས་དེར་ཁོའི་རྒྱབ་ཁུག་ནང་དུ་ཧིན་སྒོར་ ༣༠༠ མ་གཏོགས་མི་འདུག ཚེ་མགོན་གྱི་ཁ་ནས་ཚིག་གཅིག་ཀྱང་ཐོན་མ་ཐུབ་པར་གདོང་པ་ནག་པོར་གྱུར་སོང་། ཁོ་ལ་སྙིང་གི་ནད་ཚའང་སྐབས་དེ་ནས་བྱུང་བ་རེད།

ངས་གཅེས་ཕྲུག་ལོ་ལོ་ཁྱོད་ཀྱིས་དེ་འདྲ་མ་ལབ་རོགས། བོད་དོན་ལ་ལས་ཀ་བྱེད་ན། དྷ་རམ་ས་ལ་ན་ལས་ཀ་མང་པོ་འདུག ཁྱོད་ཀྱིས་ལས་ཀ་བྱོས་དང་ངེད་རྒན་རྒོན་གཉིས་ཀྱིས་བག་ལེབ་བཙོང་སྟེ་ཁྱོད་ལ་རྒྱབ་སྐྱོར་བྱ། ཞེས་ལབ་པ་ཡིན། ཁོ་རང་གིས་དེ་ཡོང་གི་མ་རེད། ངས་དམ་བཅའ་བཞག་ཡོད། བཟའ་ཟླ་བུ་ཕྲུག་དང་ཕ་མ་གཉེན་ཉེ་སུས་ཀྱང་འགོག་ཐབས་མེད། ཅེས་ལབ་སོང་། སྐབས་དེར་ང་རང་གི་སེམས་ལ། སོ་སོས་སོ་སོའི་བུ་ཕྲུག་སེམས་ཀྱིས་མ་བཟོད་པར་རྒྱ་གར་ལ་ཡོང་ནས་དཀའ་ངལ་ཅི་ཙམ་མྱོང་གི་ཡོད་པ་རེད། ཁོས་སོ་སོའི་བུ་ཕྲུག་ཀྱང་བློས་གཏོང་ཐུབ་ཀྱི་ཡོད་ན། ངེད་ཕ་མ་གཉིས་ཀྱིས་འགོག་ཐབས་མེད་པ་བཤད་མ་དགོས་པ་རེད། དེ་བས་ངེད་རྒན་རྒོན་གཉིས་ཀྱིས་ཁོའི་ལས་ཀ་དེར་གཞོག་འདེགས་ག་རེ་ཐུབ་ཀྱི་འདུག དེའི་ཕྱོགས་ལ་བསམ་བློ་བཏང་ན་ཡག་གི་རེད་བསམ་སོང་། ཚེ་བརྟན་རྡོ་རྗེ་ཨི་ཛ་རལ་ནས་ཡོང་སྐབས། བུ་སྐྱེས་ཏེ་ཟླ་བ་ ༦ དང་བུ་མོ་ལོ་ ༣ ཟིན་ཙམ་རེད། རྗེས་སུ་ཁོ་རང་གིས་བཤད་ན་ཚུར་ཡོང་མཁན་སྐྱེན་དམན་བུ་ཕྲུག་སོགས་དང་ཁྲིམས་ཐོག་ནས་ཁ་ཁ་སོ་སོ་བྱས་ཏེ། ཨ་ཕ་བོད་དོན་ལ་ཤི་སོང་ཡང་རྙོག་གྲ་གང་ཡང་མེད་པ་བཟོས་ཏེ་ཡོང་བ་ཡིན་ཟེར་གྱི་འདུག

དེ་ནས་ང་རང་ཡང་ཚེ་བརྟན་རྡོ་རྗེ་དང་མཉམ་དུ་གོམ་བགྲོད་ནང་འགྲོ་རྒྱུ་ཡིན་ཞེས་ལབ་སྐབས། ལྷ་མོ་སྐྱིད་ཀྱིས་ཀྱང་ཇོ་ཇོ་དང་མཉམ་དུ་འགྲོ་རྒྱུ་ཡིན་ཟེར། ཚེ་བརྟན་རྡོ་རྗེས་དེ་རྩ་བ་ནས་ཡོང་གི་མ་རེད། ང་རང་གིས་ཚེ་སྲོག་གཏའ་མར་བཞག་ནས་འགྲོ་བཞིན་ཡོད། གློ་བུར་དུ་ཤི་འགྲོ་བ་དང་མིས་བསད་སོང་བ་དེ་འདྲ་བྱུང་ན། ད་དུང་ཐབས་སྡུག་ཤོས་དེ་མ་རེད། བཙོན་ཁང་སོགས་ནས་རྡུང་རྡེག་མནར་གཅོད་ཚད་མེད་མྱོང་དགོས་པ་དང་། ལོ་དང་ཟླ་བར་ཚ་གྲང་ལྟོགས་སྐོམ་མྱོང་དགོས་པ་སོགས་ཀྱང་ཡོང་སྲིད་སྟབས། རྗེས་མ་འགྱོད་པ་སྐྱེས་ཡོང་གི་རེད། ངའི་ལས་འགུལ་འདི་ལ་སེམས་ཤུགས་གཅིག་པུས་ཡོང་གི་མ་རེད། ངེས་འབྱུང་ལྟ་བུའི་ཡིད་ཆེས་བརྟན་པོ་ཞིག་དགོས་པ་རེད། ཅེས་ལབ་སོང་། ཡིན་ནའང་ངས་གསོན་ན་མཉམ་གསོན་དང་ཤི་ན་མཉམ་ཤི་བྱེད་རྒྱུ་ཡིན་ཞེས་ཨུ་ཚུགས་མཐར་སྐྱེལ་བྱས་པ་ཡིན་ལ། ལྷ་མོ་སྐྱིད་ཀྱིས་ཀྱང་ཇོ་ཇོ་དང་མཉམ་འགྲོ་རྒྱུ་ཡིན་ཟེར་ནས་འགོག་ཐུབ་ཀྱི་མི་འདུག དེ་ལྟར་ང་ཚོས་ཡར་བཤད་མར་བཤད་མང་པོ་བྱས་པའི་མཐའ་མར་ཁོ་རང་གིས་ངེད་གཉིས་འཁྲིད་རྒྱུ་ཁས་ལེན་བྱས་སོང་། ཚེ་མགོན་ནད་པ་ཡིན་སྟབས་ཁོ་ལ་དེ་ལྟ་བུའི་སྤོབས་པ་མི་འདུག་ལབ་སོང་།

བདེན་པའི་ལམ་ལ་ཞུགས་པའི་སེམས་དཔའ་ཆུང་ཆུང་།

གླིང་ཚ་ཚེ་བརྟན་རྡོ་རྗེ་དང་ཨ་མ་སྡོམ་པོ་སྐྱིད། སྲིང་མོ་གླིང་ཚ་ལྷ་མོ་སྐྱིད་གསུམ་ཀྱིས་ ༢༠༡༢ ཟླ་ ༣ ཚེས་ ༡༠ ཉིན། བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། གསུམ་བཅུའི་དུས་དྲན་ཐེངས་ ༥༣ པའི་མཛད་སྒོ་གྲུབ་པ་དང་བསྟུན་ཏེ། བོད་སྐྱོད་ཞི་བའི་གོམ་བགྲོད་དངོས་སུ་མགོ་འཛུགས་གནང་ཡོད་ཅིང་། སྐབས་དེར་ཉིན་ ༦༠ རིང་རྒྱ་གར་གྱི་མངའ་སྡེ་ ༦ བརྒྱུད་དེ་སྤྱི་ལེ་ ༡༣༠༠ གོམ་བགྲོད་གནང་མཐར། ལོ་དེའི་ཕྱི་ཟླ་ ༥ ཚེས་ ༡༣ གྱི་མཚན་མོར་རྒྱ་གར་དང་བལ་ཡུལ་ས་མཚམས་གྷོ་རག་པུར་དུ་བལ་བོའི་མཐའ་སྲུང་དམག་གིས་བཀག་འགོག་བྱས་པར་བརྟན་ཏེ།  ཚེ་བརྟན་རྡོ་རྗེ་ཡིས་ཨ་མ་སྲིང་མོ་གཉིས་བཞག་སྟེ་མཚན་མོ་ཞིག་ལ་ཁོ་རང་གཅིག་པུ་ཕྱིན་ཡོད།

ཨ་མ་སྡོམ་པོ་སྐྱིད་ཀྱིས་ཁོང་མ་བུ་གཉིས་ཁ་གྱེས་ཁའི་གནས་ཚུལ་ཞིབ་ཚགས་སུ་བརྗོད་དོན། “ཕྱི་ཟླ་ ༥ ཚེས་ ༡༠  ཉིན་ང་ཚོ་རྒྱ་གར་དང་བལ་ཡུལ་ས་མཚམས་གྷོ་རག་པུར་ལ་འབྱོར་སོང་། རྒྱ་གར་གྱི་དམག་མི་ཚོས་ང་ཚོ་འགོག་རྒྱུའི་ཚབ་ལ་ལག་པ་ཐལ་མོ་སྦྱར་ཏེ་གུས་ཞབས་བྱེད་ཀྱི་འདུག རྒྱལ་མཚམས་བརྒལ་ནས་འགྲོ་སྐབས་ཐོག་མ་བལ་ཡུལ་གྱི་དམག་མི་ཚོ་ཧལ་ནས་ཅེར་འདུག་ཀྱང་། ཅུང་ཙམ་རྗེས་ང་ཚོའི་རྗེས་ལ་རྒྱུག་ཡོང་ནས་བཀག་སོང་། ང་ཚོ་ཕ་ཡུལ་དུ་ལོག་པའི་ལམ་ཁ་སྤྲོད་རོགས་ཞེས་ཞུ་བ་བྱས་ཀྱང་གཏོང་གི་མི་འདུག སྐབས་དེར་རྒྱ་གར་དམག་མིས་ང་ཚོ་མར་གཏོང་རོགས་ལབ་ནས་བལ་ཡུལ་དམག་མི་དང་ཁ་རྩོད་ཡང་ཤོར་སོང་།
ང་ཚོས་ཞུ་བ་ཇི་ལྟར་བྱས་ཀྱང་གཏོང་གི་མི་འདུག་སྟབས། ཐབས་ཟད་དེ་ང་ཚོ་གཞུང་ལམ་དཀྱིལ་ནས་སར་ཙོག་སྟེ་ཞི་བའི་ངག་བཅད་བྱས་པ་ཡིན། ཚེ་བརྟན་རྡོ་རྗེ་དང་ལྷ་མོ་སྐྱིད་གཉིས་ཀྱི་ལག་ཏུ་ “ ང་ཚོ་ཕ་ཡུལ་དུ་ལོག་པའི་ལམ་ཁ་སྤྲོད་རོགས། ” ཞེས་འཁོད་པའི་ཡི་གེ་རེ་བཟུང་ནས་བསྡད་ཡོད་པ་རེད། སྐབས་དེར་རྒྱ་གར་གྱི་གསར་འགོད་པ་དང་མང་ཚོགས་མང་པོ་འཛོམས་སོང་། བལ་བོའི་དམག་མི་ཚོས་གསར་འགོད་པར་བཀག་སྡོམ་བྱེད་ཀྱི་འདུག་ཀྱང་། གསར་འགོད་པ་དང་མང་ཚོགས་ཀྱིས་ང་ཚོར་རྒྱབ་སྐྱོར་བྱེད་ཀྱི་འདུག དེ་ནི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཙམ་ཡིན་ས་ཡོད། ཉིན་དེར་ཚ་བ་ཧ་ཅང་ཆེན་པོ་འདུག ཉིན་དེའི་ང་ཚོའི་སྐོར་གྱི་གསར་འགྱུར་ནང་ཐོན་པར་ཚ་གྲང་ ༤༧ ཟིན་འདུག་ཟེར།

མཚམས་ཤིག་ལ། ཚེ་བརྟན་རྡོ་རྗེའི་ཁ་སྤུའི་ནང་ནས་དངུལ་ཆུའི་ཐིགས་པ་ཏིག་ཏིག་བྱེད་ཀྱིན་འདུག་ལ། ལྷ་མོ་སྐྱིད་ཀྱི་འགྲམ་རྩ་ནས་ཀྱང་ཚིལ་དྲེག་འདྲེས་པའི་དངུལ་ནག་བཞུར་བཞིན་པ་མཐོང་ན། ངའི་སེམས་ནས་བཟོད་ཀྱི་མི་འདུག་ཀྱང་ཨམ་གཙིགས་བསྡམས་ཏེ་མིག་ཆུ་ཕྱི་ལ་འཐོན་དུ་བཅུག་མེད། སྐབས་དེར་བལ་བོའི་བུད་མེད་དམག་མི་ཞིག་གིས་འགྱིག་དམ་ཆེན་པོ་ཞིག་གི་ནང་ཆུ་འཁྱེར་ཡོང་སྐབས། ལྷ་མོ་སྐྱིད་ཀྱིས་ལག་པ་བརྐྱངས་ཙམ་བྱས་སྐབས། ཆུ་དེ་ང་ཚོར་སྤྲོད་རྒྱུ་གང་ནས་ཡིན། ཚེ་བརྟན་རྡོ་རྗེ་དང་ལྷ་མོ་སྐྱིད་གཉིས་ལག་པའི་ནང་ཡི་གེ་ཞིག་བཟུང་ཡོད་པ་དེ་སྟེང་བླུགས་ཏེ་ཤོག་བུ་ལྡུར་དུ་བཅུག་སོང་། བལ་ཡུལ་གྱི་དམག་མི་དེ་ཚོར་སེམས་ཟེར་བ་ཞིག་མི་འདུག

ང་ཚོ་རྒྱལ་མཚམས་ལ་མ་བསླེབས་སྔོན་ཙམ་ལ། ངས་རྒྱ་གར་ཆོས་པ་རྩེ་གསུམ་འཛིན་མཁན་ཞིག་ལ་སྒོར་མོ་ ༡༠ སྤྲད་པ་དེ་གང་ཞིག་ནས་ཡོང་སྟེ། ང་ཚོའི་མཐའ་རུ་རྩེ་གསུམ་གྱིས་གོར་ཐིག་ཅིག་བྲིས་ཏེ་མི་སུས་ཀྱང་ཁོང་ཚོར་གནོད་པ་བྱེད་མི་ཆོག་ཅེས་སྐད་ཆེན་པོ་རྒྱག་གི་འདུག ཕྲུ་གུ་ཆུང་ཆུང་ཞིག་ཡོང་ནས་ང་ཚོའི་མཉམ་དུ་ཆུ་ཚོད་ཕྱེད་ཙམ་ལ་བསྡད་སོང་། ངས་སྒོར་མོ་སྤྲད་ན་ཁྱོད་ཚོ་གཏོང་གི་རེད་དམ་ཞེས་ལབ་སོང་། ལམ་འགྲོ་བ་མང་པོ་ཞིག་གིས་ཟ་མ་དང་ཆུ་སོགས་ང་ཚོའི་མདུན་དུ་བཞག་སོང་ཡང་། ང་ཚོས་ཞི་བའི་ངག་བཅད་བྱས་བསྡད་ཡོད་པ་མ་ཟད་ཟས་སྐོམ་ཡང་བཅད་ཡོད་སྟབས། དེ་མ་ཐག་སྤྲང་པོ་ཚོས་འཕྲོག་རེས་བརྒྱབ་ནས་འཁྱེར་འགྲོ་ཡི་འདུག་ལ། ལམ་ཟུར་དུ་ང་ཚོའི་ཤིང་རྟ་བཞག་ཡོད་པའི་སྟེང་གི་ཅ་དངོས་དག་ཀྱང་འཁྱེར་སོང་།

ཕྱི་དྲོའི་ཆུ་ཚོད་ ༦ ཡས་མས་ལ་གློ་བུར་དུ་གནམ་ངོ་རུབ་སྟེ་རླུང་ཆེན་གཡུགས་སོང་ལ། ཆུ་ཚོད་ཕྱེད་ཙམ་རྗེས་དྲག་ཆར་བབས་ཏེ་ཆུ་ལོག་རྒྱུག་སོང་། མཚམས་ཤིག་ལ་གཞུང་ལམ་སྟེང་ཆུ་ལོག་རྒྱུག་སྟེ་ང་ཚོའི་སྐེད་པའི་མཚམས་ན་ལྷོག་ལྷོག་བྱེད་ཀྱི་འདུག བལ་ཡུལ་དམག་མི་ཚོས་ཁང་པའི་ནང་ནས་ལྟད་མོར་ལྟ་སྡོད་པ་ལས་ཁ་ཡ་བྱེད་ཀྱི་མི་འདུག་ཀྱང་། རྒྱ་གར་དམག་མི་ཚོ་ཐེངས་ཁ་ཤས་ལ་ཡོང་ནས་ང་ཚོར་ཞི་བའི་ངག་བཅད་མཚམས་འཇོག་རོགས་ཟེར་ནས་ཞུ་བ་བྱས་སོང་། དེ་ནས་རིམ་གྱིས་ཆར་བ་མཚམས་ཆད་དེ་དགོང་མོའི་ཆུ་ཚོད་ ༡༠ ཟིན་སོང་། ཆར་བ་ཤུགས་ཆེན་བབས་པའི་དབང་གིས་དགོང་མོ་དེར་ས་མཚམས་ལ་གློག་ཀྱང་མི་འདུག

ས་རུབ་སྟེ་ནག་ཁུང་ཆགས་མ་ཐག་བལ་ཡུལ་གྱི་དམག་མི་མང་པོ་ཞིག་ཡོང་ནས་ང་ཚོ་ས་འདྲུད་རྡོ་འདྲུད་བྱས་ཏེ་གཞན་དུ་འཁྲིད་རྩིས་བྱས་སོང་། ང་ཚོས་མུ་མཐུད་ངག་བཅད་ལས་འགུལ་མཚམས་མ་བཞག་པར་ཕན་ཚུན་ལ་འཐམ་ནས་བསྡད་པར། དམག་མི་གཟིགས་སྟོབས་ཅན་ཞིག་གིས་ཚེ་བརྟན་རྡོ་རྗེ་ཡར་བཀྱགས་ཏེ་ཆུ་འདམ་ནང་ཐེངས་ཁ་ཤས་ལ་བརྡབ་སོང་། ཚེ་བརྟན་རྡོ་རྗེ་ཅི་ཙམ་བརྡབ་ཀྱང་ཨ་མའི་ཁོག་པ་ནས་བཙེས་མ་ཐག་པའི་རྟོལ་ལེ་ཞིག་དང་འདྲ་བར། བོད་ལ་དང་སྐྲ་རིང་པོའི་གསེང་ནས་ཆུ་རྙོག་འཛར་འཛར་ཡར་ཙོག་ཡོང་གི་འདུག ཉིན་དེའི་གནས་ཚུལ་ད་ལྟ་དྲན་ན་རུས་གསེང་ལ་ཟུག་གཟེར་རྒྱག་གི

མཚམས་ཤིག་ལ་དམག་མི་བུད་མེད་གཉིས་ཀྱིས་ང་ལ་འཐམ་ནས་ཤུགས་ཀྱིས་ཕར་དྲུད་དེ་ངའི་སྐེད་པའི་ཤ་ཡང་བསྣུར་སོང་། སྐབས་དེར་ཚེ་བརྟན་རྡོ་རྗེ་ཡིས་ངག་སྒོ་ཕྱེ་ནས་སྐད་ཤུགས་ཆེན་པོས་མང་པོ་ཞིག་བཤད་སོང་ཡང་། རྗེས་སུ་ལྷ་མོ་སྐྱིད་ཀྱིས་བཤད་པར། ཁྱེད་ཅག་ལའང་ཨ་མ་རེ་ཡོད་པ་རེད། ངའི་ཨ་མར་དཀའ་སྡུག་པོ་གཏོང་བའི་ཚབ་ཏུ་ང་རང་ལ་ཉེས་རྡུང་གཏོང་རོགས། ཞེས་ལབ་སོང་ཟེར། ང་ཚོས་སྐད་ཅོར་རྒྱག་གི་ཡོད་པ་ཐོས་མ་ཐག རྒྱ་གར་གྱི་དམག་མི་མང་པོ་ཞིག་རྒྱུག་ཡོང་སྟེ། ང་ཚོ་བལ་དམག་ལག་ནས་འཕྲོག་སྟེ་ཁོ་རང་ཚོའི་ལས་ཁུངས་ནང་འཁྲིད་སོང་། སྐབས་དེར་ང་ཡར་ལངས་ཐུབ་ཀྱི་མི་འདུག རྒྱ་གར་གྱི་བུད་མེད་དམག་མི་ཆུང་ཆུང་ཞིག་གིས་ངའི་ལག་པ་མོ་རང་གི་ཐོད་པར་གཏུག་ནས་མིག་ཆུ་ཤར་ཤར་བཞུར་ཡོང་གི་འདུག དེ་ནི་དགོང་མོའི་ཆུ་ཚོད་ ༡༠ ཡས་མས་རེད།

རྒྱ་གར་གྱི་དམག་དཔོན་ཞིག་གིས་ང་ཚོ་ཁོ་རང་སྒེར་གྱི་ལས་ཁུངས་ནང་ཁྲིད་དེ། ཚེ་བརྟན་རྡོ་རྗེ་ལ། ཁྱོད་རང་གི་ལས་འགུལ་འདིར་རྒྱབ་སྐྱོར་ཡོད། འོན་ཀྱང་ཁྱོད་ཀྱི་ཨ་མར་སྡུག་པོ་མྱོང་དུ་འཇུག་མི་རུང་། ཅེས་འོ་མ་ཇ་ཕོར་འགའ་བསྐོལ་ཡོང་ནས་འདི་ངེས་པར་དུ་འཐུང་རོགས་ཞེས་ཨུ་ཚུགས་བསྐྱོན་སོང་། སྐབས་དེར་ཚེ་བརྟན་རྡོ་རྗེ་ཡིས་ངའི་སྟེང་ལ་བལྟས་ཏེ་ཅུང་ཙམ་བསྡད་རྗེས་གཞི་ནས་ཞི་བའི་ངག་བཅད་གྲོལ་ཏེ། ཨ་མ། འོ་མ་དེ་འཐུང་རོགས་ཟེར་ནས་ཁོ་རང་གིས་ཀྱང་ཧུབ་འགའ་འཐུང་སོང་། དེ་ནས་དམག་དཔོན་དེས་ཚེ་བརྟན་རྡོ་རྗེ་ལ། ཁྱེད་རང་ཚོའི་ལས་ཀ་འདི་ཧ་ཅང་རླབས་ཆེན་རེད། ཡིན་ནའང་ས་མཚམས་འདི་ནས་རེ་བ་མི་འདུག དེ་བས་ལམ་ཁ་གཞན་ཞིག་བསྐོར་ནས་སོང་ན་ཡག་གི་ལབ་སོང་།

དམག་དཔོན་དེའི་ང་ཚོ་ཁོ་རང་གི་རླངས་འཁོར་ནང་བཞག་སྟེ་ཡར་མར་མགྲོན་ཁང་མང་པོ་ཞིག་ཏུ་སོང་ཡང་ང་ཚོ་སྡོད་དུ་འཇུག་མཁན་མི་འདུག ནང་པའི་དགོན་པ་ཞིག་ཏུ་ཕྱིན་པར་སྔ་མོ་ནས་སྒོ་བརྒྱབ་ཚར་འདུག སྐབས་དེར་དགོང་མོའི་ཆུ་ཚོད་ ༡༢ ཙམ་རེད། ཐབས་ཤེས་གང་ཡང་མེད་པ་ཆགས་སྟབས་ཚེ་བརྟན་རྡོ་རྗེ་ཡིས་དམག་དཔོན་དེར། ཁྱེད་རང་ཕྱིར་ཕེབས་རོགས་ང་ཚོ་དགོན་པ་འདིའི་སྒོ་ཁ་ནས་ཞག་སྡོད་བྱེད་རྒྱུ་ཡིན་ཞེས་ལབ་སོང་། དམག་དཔོན་དེས་ཀྱང་ཁྱེད་ཅག་འདིར་སྡོད་རྒྱུ་ལས་ཐབས་ཤེས་གཞན་མི་འདུག ངའི་ནང་དུ་འཁྲིད་ཆོག་གི་མ་རེད། ཅེས་ཚེ་བརྟན་རྡོ་རྗེ་ལ་མགོ་ཞིག་གཏུགས་ཏེ་ཕྱིན་སོང་། ང་ཚོའི་ལ་བ་ཡོངས་རྫོགས་འདམ་རྫབ་བྱས་ཡོད་པ་མ་ཟད། མགོའི་སྐྲའི་ནང་དུའང་བྱེ་མ་ཁེངས་འདུག དགོང་མོ་དེར་ལྷ་མོ་སྐྱིད་ངེད་གཉིས་ཀྱི་བར་དུ་བཟུང་སྟེ་ང་ཚོ་ཕན་ཚུན་ལ་འཐམ་ནས་ནམ་ཁ་གསལ་རེག་བར་བསྡད་པ་ཡིན།

ཕྱི་ཉིན་ང་ལ་སྨན་བཅོས་ཤིག་མ་བྱས་པར་འགྲོ་ཐུབ་ཀྱི་མི་འདུག་སྟབས། ཉིན་ཁ་ཤས་བསྡད་དེ་སྨན་བཅོས་བྱེད་རྒྱུ་བྱས་ཏེ་མགྲོན་ཁང་ཞིག་གླས་པ་ཡིན། དེ་ནས་ངས་ཚེ་བརྟན་རྡོ་རྗེ་ལ། ལྷ་མོ་སྐྱིད་ཕྱིར་བཏང་སྟེ་ངེད་གཉིས་གཅིག་པུ་ཕྱིན་ན་ཡག་པོ་འདུག ཅེས་ལབ་པར་ཁོས་ང་ལ། ཁྱོད་ཡང་ཡང་འདི་ནས་ཕྱིར་ལོག་རོགས། དྷ་རམ་ས་ལ་ནས་ས་འདི་བར་དཀའ་ངལ་ག་ཚོད་མྱངས་སོང་། འདི་ནས་མར་སོང་ན་འདི་ལས་སྡབ་འགྱུར་གྱི་དཀའ་ངལ་ཡོང་གི་རེད་ཟེར། ཡིན་ནའང་ངས་ང་རང་མུ་མཐུད་འགྲོ་རྒྱུར་ཨུ་ཚུགས་བརྒྱབ་པའི་མཐའ་མར་འཁྲིད་རྒྱུ་ཁས་ལེན་བྱས་སོང་། མཐའ་མར་ངེད་གཉིས་ལྷ་མོ་སྐྱིད་ས་དེ་ནས་བཞག་སྟེ་ངེད་གཉིས་ལྐོག་ནས་འགྲོ་རྒྱུ་བྱས་པ་ཡིན། སྐབས་དེར་སྤྱི་འཐུས་རྨོག་རུ་བསྟན་པ་དང་ལྡི་ལི་ནས་ཡོང་བའི་རྒྱ་མཚོ་གཉིས་ཀྱང་ཡོད་པ་རེད། ལྷ་མོ་སྐྱིད་ཁོ་གཉིས་ཀྱིས་ཕྱིར་འཁྲིད་འགྲོ་བ་རེད་བསམ་སོང་།

ཉིན་གསུམ་ལ་བསྡད་རྗེས་ང་རང་ཅུང་དྲག་སྐྱེད་བྱུང་སོང་བས་ཚེ་བརྟེན་རྡོ་རྗེ་ཡིས། ཨ་མ། ད་ང་ཚོ་འགྲོ་རན་སོང་། དེ་རིང་ཟ་ཁང་ཡག་པོ་ཞིག་ཏུ་སོང་ནས་ཟ་མ་བརྒྱགས་ཚད་ཟ་དགོས་ཟེར། དགོང་མོ་དེར་ཁོས་ངའི་ཨམ་ཅོག་ནང་། ཨ་མ།དོ་ནུབ་སྔ་བོ་ཉོལ། སང་ཉིན་ངེད་གཉིས་འགྲོ་དགོས་པ་རེད་ཟེར། དེ་ནས་ངས་ལྷ་མོ་སྐྱིད་དང་ང་ཚོའི་གྱོན་ཆས་སོ་སོར་བསྡུ་གསོག་བརྒྱབ་པ་ཡིན། དགོང་མོ་དེར་ངའི་སེམས་ལ། གལ་སྲིད་ངེད་གཉིས་ལམ་བར་ནས་ཤི་བ་དང་། ཡང་ན་བཙོན་ཁང་ཞིག་ཏུ་ལོ་དང་ལོ་ལ་ལྷག་ན། ཤུལ་དུ་ལྷ་མོ་སྐྱིད་དང་ཨ་ཕ་ཚེ་མགོན་གཉིས་ཀྱིས་ཅི་ཞིག་བྱ། དེ་འདྲ་རྐྱང་རྐྱང་ལ་བསམ་བློ་བཏང་སྟེ་ཐོ་རངས་བར་གཉིད་ཁུག་མ་སོང་།

ཕྱི་ཉིན་ཞོགས་པར་ཨ་ཁུ་བསྟན་པ་རྒྱུག་ཡོང་སྟེ། ཚེ་བརྟན་རྡོ་རྗེ་མི་འདུག་ཟེར། ངའི་མགོའི་སྐྲ་ཞོགས་ཏེ་སྙིང་ཁ་ནང་ལ་སླེབས་སོང་། གཟུགས་པོའི་ལྭ་གཤགས་ཏེ་མགོའི་སྐྲ་ལ་འཐམ་ནས་ངུས་པ་ཡིན། ཨ་ཁུ་བསྟན་པ་དང་རྒྱ་མཚོ་གཉིས་ཀྱིས་ཀྱང་མིག་ཆུ་འདོན་བཞིན་ང་ལ་འཇུས་ཏེ་ཞུ་བ་བྱེད་བཞིན་འདུག སྐབས་དེར་ངའི་སེམས་ནང་ད་ནི་ངུས་ནས་ཕན་ཐོགས་མི་འདུག་བསམ་སྟེ། ཨ་ཁུ་བསྟན་པ་དང་རྒྱ་མཚོ་གཉིས་ལ། ང་ལ་སེམས་ཁྲལ་བྱེད་མི་དགོས། ཁྱོད་གཉིས་མགྱོགས་པོར་ཚེ་བརྟན་རྡོ་རྗེ་འཚོལ་དུ་སོང་། ཞེས་ལབ་ནས་ཁོང་གཉིས་ལག་ཏུ་ཕོར་བ་དང་བ་མ། གྱོན་ཆས། ངེད་མ་བུ་གཉིས་སླར་ངོ་ཐུག་རྒྱུའི་རྟེན་འབྲེལ་དུ་ཁ་བཏགས་ཤིག་བཅས་བཞག་སྟེ་བཏང་བ་ཡིན།

ཉིན་གོང་ཞིག་ལ་ཚེ་བརྟན་རྡོ་རྗེ་ཡིས་ལྡི་ལིར་ཁ་པར་འབྱོར་ཏེ། ང་མདང་ནུབ་ས་མཚམས་བརྒལ་ཏེ་ད་ལྟ་བལ་ཡུལ་ལུམ་བི་ནིར་འབྱོར་རྒྱུར་སྤྱི་ལེ་ ༨ ཙམ་ལས་མི་འདུག ཨ་མ་དང་སྲིང་མོ་གཉིས་ཕྱིར་དྷ་རམ་ས་ལར་འཁྲིད་དེ་ངའི་ཚབ་ཏུ་བདག་པོ་ཡག་པོ་ཞིག་རྒྱག་རོགས་ཞེས་ལབ་འདུག དགོང་མོ་དེར་ཚེ་བརྟན་རྡོ་རྗེས་རྐང་ཐུང་ཞིག་དང་སྟོད་ཐུང་སྲབ་སྲབ་ཅིག་ལས་གཞན་ཅ་དངོས་ཡོངས་རྫོགས་བཞག་སྟེ་ཕྱིན་འདུག དངུལ་ཉུང་ངུ་ཞིག་ཡོད་པ་དེའང་ངའི་རྒྱབ་ཁུག་ནང་བཞག་ཡོད་པ་རྗེས་སུ་དྷ་རམ་ས་ལར་བསླེབས་ནས་ཧ་གོ་སོང་།” ཞེས་ཨ་མ་སྡོམ་པོ་སྐྱིད་ཀྱིས་ངོ་གདོང་ལག་པས་བཀབ་ནས་ངུ་བཞིན་དངངས་བཞིན་བརྗོད་བྱུང་།
གླིང་ཚ་ཚེ་བརྟན་རྡོ་རྗེ་གཅིག་པུ་གོམ་བགྲོད་གནང་སྟེ་བལ་ཡུལ་རྒྱལ་སར་བསླེབ་ལ་ཉེ་སྐབས། ཕྱི་ཟླ་ ༥ ཚེས་ ༢༡ ཉིན་བལ་ཡུལ་ཐཱེང་ཀོ་ཊི་འགག་སྒོ་ནས་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་བཙོན་འཇུག་བྱས་ཡོད་པ་དང་། ཕྱི་ཟླ་ ༦ ཚེས་ ༡༥ ཉིན་བལ་གཞུང་ཁྲིམས་ཁང་གིས་བལ་ལོ་ལྔ་དང་ཕྱེད་ཀྱི་ཁྲིམས་ཐག་བཅད་རྗེས། ཁོ་རང་གིས་བཙོན་ཁང་ནས་ཞི་བའི་ངག་བཅད་ངོ་རྒོལ་གནང་ཡོད་པ་དང་། རྗེས་སུ་བཙོན་གྲོལ་ཐོབ་སྟེ་ ༢༠༡༣ ཟླ་ ༢ ཚེས་ ༡༤ ཉིན་རྒྱ་གར་དྷ་རམ་ས་ལར་འབྱོར་ཏེ་༧གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་ཐོབ་སྟེ། ཞི་བའི་ངག་བཅད་མཚམས་འཇོག་གནང་ཡོད་པ་དང་། དེའི་རྗེས་སུ་བསྐྱར་དུ་བོད་སྐྱོད་གོམ་བགྲོད་ཐེངས་གཉིས་པར་སྟ་གོན་བྱས།

མིག་ཆུའི་ཀླུང་དུ་བསྐུར་བའི་ཨ་མའི་རེ་འདུན།

༢༠༡༣ ཟླ་ ༣ ཚེས་ ༡༠ ཉིན་དྷ་རམ་ས་ལའི་གཙུག་ལག་ཁང་དུ། གསུམ་བཅུའི་དུས་དྲན་ཐེངས་ ༥༤ པའི་མཛད་སྒོ་གྲུབ་པ་དང་བསྟུན་ཏེ། གླིང་ཚ་ཚེ་བརྟན་རྡོ་རྗེ་ཡིས་བོད་སྐྱོད་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་མགོ་འཛུགས་བྱས་ཡོད། སྐབས་དེར་ཁོས་ཉིན་ ༨༩ རིང་རྒྱ་གར་གྱི་མངའ་སྡེ་ ༦ ཙམ་བརྒྱུད་དེ་སྤྱི་ལེ་ ༢༡༤༨ ལ་གོམ་བགྲོད་གནང་མཐར་ལོ་དེའི་ཕྱི་ཟླ་ ༦ ཚེས་ ༨ ཉིན་རྒྱ་གར་གྱི་ནུབ་བྷང་གྷིལ་མངའ་སྡེའི་ཀ་ལོན་སྦུག་སད་རྒྱུད་གྲྭ་ཚང་ནས་རྐང་འཁོར་དང་ཅ་དངོས་བཞག་སྟེ་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད།

ཨ་མ་སྡོམ་པོ་སྐྱིད་ཀྱིས་ཁོང་ཚང་གི་བོད་དོན་འཐབ་རྩོད་ཁྲོད་རོགས་རམ་རྒྱབ་སྐྱོར་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་དོན། “གོམ་བགྲོད་སྔ་ཕྱིའི་ཐོག་དྷ་རམ་ས་ལའི་མདོ་སྨད་རྒྱུན་ལས་གཙོ་བྱས་ཏེ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། དབུ་མའི་ལམ་ལས་འགུལ་ཁང་། ཚོགས་སྐྱིད་བཅུ་གཅིག་སོགས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་གནང་བ་ཚེ་གང་བོར་མི་བརྗེད། ཐུགས་རྗེ་ཆེ་ཞུ་བཞིན་ཡོད། དེ་ཙམ་མ་ཟད་དྷ་རམ་ས་ལ་དང་ལྡི་ལི། བལ་ཡུལ་སོགས་ནས་མི་སྒེར་བ་མང་པོ་ཞིག་གིས་ཀྱང་རོགས་རམ་ཧང་སང་བ་གནང་སོང་། ང་ཚོས་རྒྱལ་དར་འཁྱེར་བའི་ཐོག་ཤེད་ཤེད་གཏོང་མཁན་མང་པོ་བྱུང་ཡོད་ཀྱང་། ང་ཚོ་ཁོང་ཁྲོ་ལངས་ཀྱི་མེད་ལ། སེམས་ཤུགས་ཀྱང་ཆགས་ཀྱི་མེད། ལས་འགུལ་འདི་ཐོག་མ་མགོ་འཛུགས་སྐབས་ནས་ཚེ་བརྟན་རྡོ་རྗེ་ཡིས། གནས་ཚུལ་ག་རེ་ཡིན་ནའང་འབྱུང་སྲིད་པ་རེད། རྒྱ་ནག་གི་བཙོན་ཁང་ནས་མནར་གཅོད་མྱོང་དགོས་སྲིད་པ་མ་ཟད། བོད་པ་རང་གི་སྤྱི་ཚོགས་ནང་ནས་ཀྱང་ངོ་རྒོལ་རྒྱག་མཁན་ཡོང་སྲིད་པ་རེད་ལབ་སོང་། ལྷག་པར་དུ་གོམ་བགྲོད་ཐེངས་གཉིས་པ་མགོ་འཛུགས་མ་བྱས་སྔོན་ལ། ད་རེས་གོམ་བགྲོད་སྐབས་ང་ལ་ངོ་རྒོལ་རྒྱག་མཁན་དང་། རྡོ་དང་དབྱུག་པས་གཞུ་མཁན་ཡང་ཡོང་སྲིད་པ་རེད། ཨ་ཕ་ཨ་མ་ཁྱེད་གཉིས་ཀྱི་བསམ་བློའི་ནང་གྲ་སྒྲིག་ཅིག་དགོས་པ་རེད། གནས་ཚུལ་ཆེ་ཆུང་ག་རེ་བྱུང་ཡང་། ཁྱེད་གཉིས་ང་ལ་གནོད་པ་བྱེད་མཁན་མི་དེའི་སྟེང་ལ་ཁོང་ཁྲོ་ཟ་རྒྱུ་ཕར་ཞོག རྣམ་འགྱུར་མི་ལེགས་པ་ཞིག་བསྟན་ཡང་ངའི་ཞི་བའི་ལས་འགུལ་གྱི་དམིགས་ཡུལ་དང་འགལ་ཡོད་པ་མ་ཟད། ད་བར་དཀའ་ལས་བརྒྱབ་པ་ཡོངས་རྫོགས་འཕྲོ་བརླག་ཏུ་ཕྱིན་པ་རེད། ཅེས་ངེད་གཉིས་ལ་ཁས་ལེན་དམ་བཅའ་བྱེད་དུ་བཅུག་སོང་བས། ངེད་གཉིས་གང་ཐུབ་ཐུབ་ཀྱིས་ཁོ་རང་གི་དམིགས་ཡུལ་འགྲུབ་ཐུབ་ལ་ཤུགས་རྒྱག་གི་ཡོད།” ཅེས་བརྗོད་བྱུང་།

མཇུག་ཏུ་ཨ་མ་སྡོམ་པོ་སྐྱིད་མོ་རང་གི་ད་ལྟའི་འཚོ་བའི་གནས་སྟངས་དང་། མ་འོངས་པར་རེ་འདུན་ཅི་ཞིག་ཡོད་མེད་དྲིས་པའི་ལན་དུ་ཁོང་མོས་འདི་ལྟར་བརྗོད་བྱུང་། “ངས་ད་ལྟ་དྷ་རམ་ས་ལའི་ལས་ཁུངས་ཤིག་ཏུ་མ་ཆེན་གྱི་ལས་ཀ་བྱེད་ཀྱིན་ཡོད་ལ། ཟླ་ཕོགས་ཉུང་ངུ་རེའང་ཡོད་སྟབས་དཀའ་ངལ་དམིགས་བསལ་མི་འདུག ངའི་རེ་བ་གཙོ་བོ་བུ་ཚེ་བརྟན་རྡོ་རྗེ་གསོན་པོར་ཡོད་ན་གནས་ཚུལ་ཞིག་དང་། གྲོངས་ཚར་ཡོད་ན་རོ་ཞིག་འཚོལ་ཐབས་བྱེད་རྒྱུ་དང་། ཁོ་རང་གི་ཆེད་དུ་ལས་འགུལ་རེ་སྤེལ་རྒྱུ་དེ་ཡིན། ང་རང་གིས་ཟས་བཅད་སྨྱུང་གནས་ལ་བསྡད་པ་ཡིན་ལ་བརྐྱངས་ཕྱག་ཀྱང་འཚལ་བ་ཡིན། འོན་ཀྱང་ང་གཅིག་པུའི་ལས་འགུལ་འདིར་ནུས་པ་གང་ཡང་ཡོད་པ་མ་རེད། ངའི་རེ་བ་གཉིས་པ་དེ་ཚེ་བརྟན་རྡོ་རྗེ་ཡི་སྐྱེས་དམན་དང་ཕྲུ་གུ་གཉིས་ལ་རོགས་པ་རེ་བྱ་རྒྱུ་དེ་ཡིན། ཕྲུ་གུ་དེ་གཉིས་མ་འོངས་པར་ཤ་རུས་ཁྲག་གསུམ་བོད་རིགས་ཡིན་པ་ངོ་ཤེས་པ་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད། ངས་ཐེངས་ཤིག་བྱིས་པ་གཉིས་ཀ་གློག་ཀླད་ནང་ནས་མཐོང་སྐབས། བུས་བོད་པའི་ས་ཆ་དང་བོད་པའི་ནོར་ལུག་ཡིན་ཟེར་བ་ཞིག་བཟོས་ཏེ་ང་ལ་བསྟན་སོང་ལ། བུ་མོས་ཀྱང་ཨ་ཕ་ཨ་མ་གཉིས་ཡིན་ཟེར་ནས་རླངས་འཁོར་ཞིག་གི་ནང་ལ་བཞག་སྟེ་ང་ལ་བསྟན་སོང་། དངོས་གནས་ཕྲུ་གུ་དེ་གཉིས་སྙིང་རྗེ་ཡི་འདུག  ང་རང་གི་རེ་བ་གསུམ་པ་ཚེ་བརྟན་རྡོ་རྗེ་ཁོ་རང་གི་རེ་འདུན་ལྟར་དགོས་འདུན་དོན་ཚན་ལྔ་དེ་ཁྱབ་བསྒྲགས་དང་ཞི་བའི་འཐབ་རྩོད་སྐོར་གྱི་ལས་འགུལ་རེ་སྤེལ་རྒྱུ། ཁོ་རང་གི་རྩོམ་ཡིག་འབོད་སྐུལ་སོགས་ལ་བདག་པོ་རེ་རྒྱག་རྒྱུ་དེ་ཡིན། དེ་མ་གཏོགས་ང་རང་སྒེར་ལ་དཀའ་ངལ་གང་ཡང་ཞུ་རྒྱུ་མེད། ལོ་རྗེས་མ་ལྷ་མོ་སྐྱིད་མཐོ་སློབ་ཏུ་འགྲོ་དགོས་ཀྱི་ཡོད་ཀྱང་། དངུལ་གྱི་དཀའ་ངལ་འཕྲད་ན་ཕ་ཡུལ་ནས་བསྐུར་ཤོག་ལབ་དགོས་བསམ་ཡོད། ད་བར་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན་དང་ཞལ་འདེབས་གནང་མཁན་ཚང་མར་ཐུགས་རྗེ་ཆེ། སྔོན་མ་ཚེ་བརྟན་རྡོ་རྗེ་ཡོད་དུས་ཞལ་འདེབས་མང་པོ་བླངས་ཡོད་པ་མ་རེད། གོམ་བགྲོད་དང་པོའི་སྐབས་དྷ་རམ་ས་ལ་ནས་ལྡི་ལི་བར་ཞལ་འདེབས་འབྱོར་པ་རྣམས་ལྡི་ལི་ནས་བཟོད་པ་དང་རྟ་མགྲིན་གཉིས་ཀྱི་ལག་ཏུ་བཞག་སྟེ། ཞི་བའི་འཐབ་རྩོད་སྐོར་ལ་ལས་འགུལ་རེ་སྤེལ་རྒྱུ་དང་། དགོས་འདུན་དོན་ཚན་ལྔ་དེ་སྟོད་ཐུང་(T shirt)སྟེང་དཔར་ཏེ་བཀྲམ་རྒྱུར་མངགས་པ་རེད། ལྡི་ལི་བརྒལ་ནས་འགྲོ་སྐབས་ཝ་ར་ན་སིའི་སློབ་ཕྲུག་ཚོ་དང་། བོད་པའི་ཁྲོམ་ས་ཞིག་བཅས་ནས་ཞལ་འདེབས་འབྱོར་སོང་ཡང་། ཚེ་བརྟན་རྡོ་རྗེ་ཡིས་དངུལ་དེས་ཁྱོད་རང་ཚོས་བོད་དོན་ལ་བགྲོ་གླེང་དང་ལས་འགུལ་རེ་སྤེལ་རོགས་ལབ་སྟེ་ཕྱིར་སློག་སོང་།” ཞེས་བརྗོད་སོང་།

གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་འབོད་ཚིག་ ༥ ནི། ༡། ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། ༢། ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས། ༣། བོད་མིར་རང་གི་སྐད་དང་ཡི་གེ་སྦྱོང་རྒྱུའི་རང་དབང་སྤྲོད་དགོས། ༤། བོད་མིར་རང་ཡུལ་ནས་ཆས་གོས་དང་གོམས་གཤིས་སོགས་ཀྱི་དབང་ཆ་ཚང་མ་སྤྲོད་དགོས། ༥། ད་ལྟ་བོད་ནང་སྡུག་སྦྱོང་མནར་གཅོད་གཏོང་མཁན་དམག་མི་ཡོངས་རྫོགས་བོད་ས་ནས་ཕྱིར་འཐེན་བྱ་དགོས་པ་བཅས་རེད།

བོད་སྐྱོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ ༢༠༡༣ ཟླ་ ༦ ཚེས་ ༦ ཉིན་ཆེས་མཐའ་མཇུག་ཏུ་གནས་ཚུལ་ཞིག་དྲ་ལམ་དུ་བཀྲམས་པའི་ནང་། “ང་དེ་རིང་བར་དུ་ཞི་བའི་གོམ་བགྲོད་ལ་གས་ཆག་མ་ཤོར་བར་སྤྱི་ལེ་ ༢༡༤༨ དང་ཉིན་གྲངས་ ༨༩ ། མངའ་སྡེ་ ༦ ཙམ་སོང་ཚར་ནས་མི་རིང་བར་མངའ་སྡེ་བདུན་པ་ཞིག་བརྒྱུད་ནས་རང་ཡུལ་གངས་ཅན་ལྗོངས་སུ་རང་ལུས་འདི་འཕེན་ཐུབ་བྱེད་དགོས་པ་དེ་ཡིན། རང་ལུས་འདི་བོད་ཡུལ་ལ་སླེབས་ཉིན་ནས་ནམ་ཞིག་ང་རང་ལ་མཇུག་འབྲས་གསུམ་མ་གཏོགས་གང་ཡང་མེད། གཅིག་གར་སོང་ཆ་མེད། གཉིས་སྡུག་སྦྱོང་མནར་གཅོད་ཁྲོད་ནས་ཤི་རྒྱུ། གསུམ་ལོ་ངོ་མི་ཉུང་བ་ཞིག་ལ་ཁྲིམས་བཅད་ཀྱིས་སྡུག་ལས་སྣ་དགུ་མྱངས་ནས་རྒྱའི་བཙོན་འོག་ནས་ལུས་རྒྱུ་དེ་ཡིན།” ཞེས་བཀོད་འདུག

ད་དུང་གནས་ཚུལ་དེའི་ནང་། “ང་མ་ཤི་བར་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་དང་༧གོང་ས་རྒྱལ་བའི་དབང་བོ་བོད་དུ་གནད་འདྲེན་ཞུ་ཆེད། ཤི་བོ་ཚོའི་ཁ་ཆེམས་ལ་རང་ནུས་གང་ཡོད་ཀྱིས་འབད་འབུངས་བྱེད་ཀྱི་ཡོད་ལ། མུ་མཐུད་དུ་བྱེད་ངེས་པ་མ་ཟད། ང་རང་སྟབས་མ་ལེགས་པར་གང་ཞིག་ནས་ཤི་སོང་བ་ཡིན་ཡང་། སྐྱེ་བ་རྗེས་མར་རང་ཡུལ་བོད་དུ་སྐྱེས་ནས་བསྟུད་མར་བོད་མི་རིགས་ཀྱི་བདེན་དོན་རྩོད་མཁན་ཞིག་གི་སྐྱེ་བ་ལེན་པར་སྨོན་ལམ་ད་ལྟ་ནས་རྒྱག་གི་ཡོད་ལ། རྒྱ་བོད་ཞི་འགྲིག་གིས་འཛམ་གླིང་གི་ཁྱིམ་གཞི་ཆེན་པོའི་ནང་དུ་ཞི་བདེའི་གླིང་ཕྲན་གསར་པ་ཞིག་གང་མྱུར་ཡོང་རྒྱུར་རེ་བ་ཆེན་པོ་བཅངས་ཡོད།” ཅེས་སོགས་བཀོད་འདུག

སྤྱི་འཐུས་དོན་འགྲུབ་བཀྲ་ཤིས།

About རྩོམ་སྒྲིག་པ།