ཨ་རྒྱ་གཉིས་ཀྱི་མགོ་ཁྲིད་ཀྱིས་ཁ་པར་བརྒྱུད་གླེང་མོལ་བྱས་ཡོད་འདུག

ཨ་རིའི་སྲིད་འཛིན་བྷའེ་ཌན་དང་ཞི་ཅིན་ཕིན་གཉིས་ཁ་པར་ཐོག་ནས་འབྲེལ་བ་བྱས་ཏེ། རྒྱལ་ཁབ་གཉིས་བར་འགལ་ཟླར་གྱུར་བའི་གནད་དོན་ཁག་གི་ཐོག་གླེང་མོལ་གྱིས། ཨ་རྒྱ་གཉིས་བར་རྩོད་རྙོག་མི་འབྱུང་བར་འབད་བརྩོན་ཞུ་རྒྱུ་ཡིན་སྐོར་གླེང་ཡོད་འདུག

 

ཨ་རི་དང་རྒྱ་ནག་དབར་ཚོང་འབྲེལ་དང་འགྲོ་བ་མིའི་ཐོབ་ཐང་སོགས་གནད་དོན་ཆེ་ཁག་མི་ཉུང་བའི་ཐད་གདོང་ཐུག་འབྱུང་གི་ཡོད་པའི་སྐབས་འདིར། དེ་རིང་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་བར་ཁ་པར་བརྒྱུད་གླེང་མོལ་བྱུང་ཡོད་ཅིང་། དེ་ནི་ཨ་རིའི་སྲིད་འཛིན་གསར་བ་དང་ཞི་ཅིན་ཕིང་དབར་ཁ་པར་བརྒྱུད་གླེང་མོལ་བྱས་པ་ཐེངས་གཉིས་པ་དང་། འདས་པའི་ཟླ་བ་ ༧ ལྷག་རིང་གི་ཐོག་མ་དེ་ཆགས་ཀྱི་ཡོད་འདུག

 

ཨ་རིའི་ཕོ་བྲང་དཀར་པོས་སྤེལ་བའི་གསལ་བཤད་ནང་། མགོ་ཁྲིད་རྣམ་པ་གཉིས་ངོས་ནས་ཨ་རྒྱ་གཉིས་ཀར་ཁེ་ཕན་ཡོད་པའི་གནད་དོན་དང་། དེ་བཞིན་ཕྱོགས་གཉིས་བར་རིན་ཐང་དང་ལྟ་ཚུལ། ཁེ་ཕན་བཅས་པར་འགལ་ཟླར་འགྱུར་བའི་གནད་དོན་ཐད་ལ་གོ་བསྡུར་ལྷུག་པོ་གནང་ཡོད། རྣམ་པ་གཉིས་ཀས་གུ་ཡངས་དང་སྦ་གསང་མེད་པའི་ཐོག་ནས་གནད་དོན་དེ་དག་གི་ཐོག་ཕྱག་ལས་གནང་རྒྱུའི་འདོད་པ་ཡོད་སྐོར་བརྗོད་ཡོད། ཅེས་དང་། སྲིད་འཛིན་བྷའེ་ཌན་ངོས་ནས་ད་ཐེངས་ཞི་ཅིན་ཕིན་དང་ཁ་པར་བརྒྱུད་གླེང་མོལ་བྱས་པ་དེ་ནི་ཨ་རིས་ཕྱོགས་གཉིས་དབར་གྱི་འགྲན་རྩོད་དེ་ཉིད་འགན་འཁུར་ཡོད་པའི་ཐོག་ནས་དོ་དམ་བྱེད་པའི་ཐབས་ཤེས་ཀྱི་ཆ་ཤས་ཤིག་ཡིན་སྐོར་བརྗོད་འདུག དེ་བཞིན་སྲིད་འཛིན་བྷའེ་ཌན་གྱིས་ཁ་པར་གྱི་གླེང་མོལ་ཐོག ཨ་རིའི་ངོས་ནས་རྒྱ་གར་ཞི་བདེ་རྒྱ་མཚོས་གཙོས་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་དང་བརྟན་བརླིང་། ཡར་རྒྱས་བཅས་ཡོང་རྒྱུར་རེ་བ་བྱེད་ཀྱི་ཡོད་སྐོར་གསུངས་ཡོད་པ་དང་། ད་ལྟའི་ཨ་རྒྱའི་དབར་གྱི་འགྲན་རྩོད་དེ་ཉིད་རྩོད་རྙོག་ཅིག་ཏུ་མི་འགྱུར་བར་ཕྱོགས་གཉིས་ཀས་འབད་བརྩོན་ཞུ་རྒྱུ་ཡིན་སྐོར་ཡང་ཁས་ལེན་བྱས་ཡོད་འདུག

རྒྱ་ནག་གི་གཞུང་འབྲེལ་གོ་ལའི་དུས་བབ་ (Global Times) ཟེར་བའི་དབྱིན་ཡིག་དྲ་རྒྱའི་སྟེང་། ད་ལན་ཨ་རིའི་གཞུང་གི་མགྲོན་འབོད་ལྟར་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྲིད་འཛིན་བྷའེ་ཌན་ལ་གླེང་མོལ་བྱས་ཡོད་པ་དང་། གླེང་མོལ་ཐོག་སྲིད་འཛིན་ཞི་ཅིན་ཕིན་གྱིས། ཨ་རིའི་རྒྱ་ནག་ཐོག་བཟུང་བའི་སྲིད་ཇུས་ཀྱིས་ཨ་རྒྱའི་འབྲེལ་ལམ་ལ་གནོད་འཚེ་ཚབས་ཆེན་གཏོང་གི་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་མང་ཚོགས་མ་ཚད་འཛམ་གླིང་ཀུན་ལ་དོ་ཕོག་ཆེན་པོ་ཐེབས་ཀྱི་ཡོད་སྐོར་དང་། གལ་ཏེ་ཨ་རྒྱ་གཉིས་མཉམ་འབྲེལ་བྱས་ཚེ་འཛམ་གླིང་ཁྱོན་ཡོངས་ལ་ཁེ་ཕན་ཡོད་པ་དང་། རྒྱལ་ཁབ་གཉིས་ངོས་ནས་འགལ་ཟླ་རྣམས་ཕར་བཞག་སྟེ། གོ་ལའི་གནམ་གཤིས་འགྱུར་ལྡོག་དང་གཉན་རིམས་འགོག་རྒོལ། དཔལ་འབྱོར་བསྐྱར་གསོ། ད་དུང་རྒྱལ་སྤྱིའི་གནད་དོན་བཅས་ཀྱི་ཐོག་ལ་གོ་བསྡུར་དང་མཉམ་ལས་བྱས་པ་བརྒྱུད་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་ཡོད་སྐོར་སོགས་བརྗོད་ཡོད་འདུག

 

ད་བར་ཨ་རིའི་སྲིད་འཛིན་བྷའེ་ཌན་དང་ཞི་ཅིན་ཕིན་དབར་ལ་དངོས་སུ་ཐུག་འཕྲད་བྱུང་མེད་ཅིང་། སྲིད་འཛིན་གཉིས་དབར་ཁ་པར་བརྒྱུད་ནས་འབྲེལ་བ་ཐོག་མ་དེ་འདི་ལོའི་རྒྱ་ནག་གི་ལོ་གསར་གྱི་སྔ་ནུབ་དེར་བྱུང་ཡོད་ནའང་། ད་ལྟའི་ཆར་ཨ་རྒྱའི་འབྲེལ་ལམ་དེ་སྔར་གྱི་སྲིད་འཛིན་ཊོམ་ཕུའི་དུས་སྐབས་ལྟར་ཛ་དྲག་མིན་ནའང་། གནས་ཚུལ་ཡར་རྒྱས་ཕྱིན་མེད་པར་མུ་མཐུད་ཚོང་འབྲེལ་དང་། འཕྲུལ་རིག་བརྐུ་འཁྱེར། འགྲོ་བ་མིའི་ཐོབ་ཐང་། དྲ་ལམ་འཇབ་རྒོལ། ལྷོ་རྒྱ་ནག་རྒྱ་མཚོ་དང་རྒྱ་གར་ཞི་བདེ་རྒྱ་མཚོ་ཁུལ་གྱི་བདེ་འཇགས་སོགས་པའི་གནད་དོན་ཐད་ལ་འགལ་ཟླ་དང་གདོང་ཐུག་འབྱུང་མུས་ཡིན་ཞིང་། ཉེ་ཆར་བྷའེ་ཌན་སྲིད་གཞུང་གིས་སྲིད་འཛིན་གཞོན་པ་ལྕམ་སྐུ་ཀ་མ་ལ་ཧ་རི་སི་ (Kamala Harris) ཡིས་མཚོན་པའི་ཆེས་མཐོའི་མགོ་ཁྲིད་རྣམས་ཨེ་ཤ་ཡའི་ཁུལ་དུ་མངག་གཏོང་བྱས་པ་མ་ཟད། རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར་ཐའེ་ཝན་ལ་གོ་མཚོན་བཙོང་བ་དང་གནད་ཡོད་མགོ་ཁྲིད་ཆེད་གཏོང་བྱས་ཡོད་པ་རེད།

 

ཨ་རིའི་སྲིད་འཛིན་བྷའེ་ཌན་གྱིས་སྲིད་འཛིན་ལས་འཁུར་ཞུས་པ་དང་བསྟུན། འདི་ལོའི་ལོ་མགོར་ཨ་རི་དང་རྒྱ་ནག་གི་ཆེས་མཐོའི་ཚོང་དོན་སྐུ་ཚབ་དབར་དངོས་སུ་ཐུག་འཕྲད་ཀྱིས་གྲོས་མོལ་རིམ་པ་གཉིས་བྱས་ཡོད་ནའང་། གྲོས་མོལ་སྟེང་སྐུ་ཚབ་ཕྱོགས་གཉིས་བར་ཁ་རྩོད་ཤོར་བ་ལྟ་བུའི་གནས་ཚུལ་བྱུང་སྟེ། གྲོས་མོལ་རིམ་པ་གཉིས་ཀར་འདོད་བློ་ཁེངས་པའི་གྲུབ་འབྲས་གང་ཡང་ཐོན་ཐུབ་མེད་པ་རེད།

 

སྲིད་འཛིན་བྷའེ་ཌན་དང་ཞི་ཅིན་ཕིན་དབར་གྱི་འབྲེལ་བ་དེ་ནི། ཨ་རིའི་ནང་ཕྱི་ལོ་ ༢༠༠༡ ལོར་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་བྱས་པའི་དགུ་པའི་བཅུ་གཅིག་(9/11)གི་རྗེས་དྲན་ཉིན་མོ་ཐེངས་ ༢༠ པ་ཞུ་བའི་སྔ་ཉིན་ཏག་ཏག་དེ་ཡིན་པ་མ་ཟད། ཨབ་གྷ་ནི་སི་ཐན་ནང་ཏཱ་ལི་བྷན་དྲག་དམག་གིས་གཞུང་གསར་བ་བཙུགས་པའི་རྗེས་སུ་འཁེལ་ཡོད་པས། དབྱེ་ཞིབ་པ་རྣམས་ཀྱིས་ད་ལྟའི་ཨབ་གྷན་གྱི་གནས་སྟངས་དེ་ནི་ཨ་རི་དང་རྒྱ་ནག་གཉིས་ཀར་བློ་འཚབ་དང་དོ་སྣང་བྱ་སའི་གནད་དོན་གལ་གནད་ཆེ་ཤོས་ཤིག་ཡིན་སྐོར་རྗོད་ཀྱིན་འདུག  འོན་ཀྱང་ཏཱ་ལི་བྷན་གྱིས་ཨབ་གྷན་གྱི་རྒྱལ་ས་ཀ་བྷུལ་གཙོས་པའི་ས་ཁུལ་ཕལ་ཆེ་བ་དབང་དུ་བསྡུས་རྗེས། རྒྱ་ནག་གཞུང་གིས་ཡང་དང་བསྐྱར་དུ་ཨ་རིས་འདས་པའི་ལོ་ངོ་ ༢༠ རིང་ཨབ་གྷན་ནང་ལག་བསྟར་བྱས་པའི་སྲིད་ཇུས་ལ་སྐྱོན་བརྗོད་དྲག་པོ་བྱས་པ་མ་ཟད། མངོན་གསལ་དོད་པོའི་ཐོག་ནས་ཏཱ་ལི་བྷན་དྲག་དམག་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་ཤུགས་ཆེན་པོ་བསྟན་ཡོད་པ་རེད།

བོད་ཀྱི་དུས་བབ་ལས་དྲངས།

About རྩོམ་སྒྲིག་པ།