༄༅།།སྤྱི་ནོར་༸ གོང་ས་ ༸ སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགོངས་གྲངས་ ༨༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།

འགྲོ་བ་ལྷ་དང་བཅས་པའི་མགོན་༸སྐྱབས་བླ་ན་མ་མཆིས་པ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག གངས་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འཕགས་མཆོག་ཕྱག་ན་པདྨོའི་རྣམ་སྤྲུལ་ངུར་སྨྲིག་གར་དུ་བསྒྱུར་བ། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། བོད་འབངས་ཡོངས་ཀྱི་བླ་ན་མ་མཆིས་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་བཀྲ་ཤིས་རྫོགས་ལྡན་གྱི་ཉིན་མོ་འདིར་གཞིས་བྱེས་མདོ་སྨད་རྒྱ་ཆེའི་ཡོངས་ཀྱི་ཚབ་ཞུས་ཏེ་སྒོ་གསུམ་མི་ཕྱེད་དད་པས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་སྦྲགས། མགོན་པོ་གང་ཉིད་ཀྱི་ ༸ སྐུ་ཚེ་ ༸ ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་བསྐྱེད་དམ་བཅའ་བཞིས་གཙོས་འཛམ་གླིང་སྐྱེ་འགྲོ་སྤྱི་ལ་སྨན་པའི་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་འགྲུབ་ཡོང་བ་དང་། བོད་མི་ཡོངས་ཀྱིས་ཡུན་རིང་ཡིད་ལ་བརྣག་པའི་འདོད་དོན། བོད་དོན་བདེན་མཐའ་མྱུར་དུ་གསལ་སྟེ། གངས་ལྗོངས་ཆོས་ལྡན་གྱི་ཞིང་ལ་རྫོགས་ལྡན་དུས་སྟོན་མྱུར་དུ་ཤར་ཞིང་། ཟབ་གསུང་ཆོས་ཀྱི་བདུད་རྩི་རྒྱུན་མི་འཆད་པར་བབས་ཏེ། འཛམ་གླིང་སྐྱེ་འགྲོ་མཐའ་དག་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཐུབ་པ་དང་། བདག་ཅག་སྐྱེ་འབངས་ཡོངས་ ༧ སྐུ་ཡི་ཕྲེང་བ་རྒྱུན་མི་འཆད་པར་རྗེས་སུ་འཛིན་པའི་སྐྱབས་འཇུག་མཆོག་གསུམ་ཞིང་མཆོག་དམ་པར་གསོལ་བ་རྩེ་གཅིག་ཏུ་བཏབས་པ་ལགས་ན། མཆོག་གསུམ་བསླུ་བ་མེད་པའི་ནུས་མཐུ་དང་། ཆོས་ཉིད་འགྱུར་བ་མེད་པའི་བདེན་སྟོབས། ངེད་གུས་འབངས་ཡོངས་ཀྱི་དད་དམ་གཙང་མ་བཅས་རྒྱུ་ཚོགས་གྲངས་ཚང་བའི་གནད་ཀྱིས་སྨོན་འདུན་མཐའ་དག་གེགས་མེད་ལྷུན་འགྲུབ་ཡོང་བའི་སྨོན་འདུན་དང་བཅས།
བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།
ཕྱི་ལོ་ ༢༠༢༡ ཟླ་ ༠༧ ཚེས་ ༠༦ ཉིན།

About རྩོམ་སྒྲིག་པ།