༧གོང་ས་མཆོག་དབུས་པའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ ༡༦ གིས་ཡུ་ཀེ་རེན་ནང་དམག་འཁྲུག་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་།

༧གོང་ས་མཆོག་དང་འཛམ་གླིང་གི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་བཅུ་དྲུག་གིས་འཛམ་གླིང་ཞི་བདེ་དང་རྡུལ་མཚོན་མེད་པ་ཞིག་ཏུ་ཡོང་སླད། ད་ལྟ་ཡུ་ཀེ་རེན་གྱི་དམག་འཁྲུག་སྐབས་རྡུལ་མཚོན་བཀོལ་སྤྱོད་མི་བྱེད་པ་དང་དམག་འཁྲུག་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

 

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་རྒྱལ་སྤྱིའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ ༡༦ གིས། ད་ལྟའི་ཆར་ཡུ་ཀེ་རེན་ནང་བྱུང་བཞིན་པའི་དམག་འཁྲུག་མཚམས་འཇོག་དགོས་པ་དང་། ནུབ་གླིང་རྒྱ་མཚོ་བྱང་མའི་དམག་དོན་སྒྲིག་འཛུགས་དང་ཨུ་རུ་སུ་གཉིས་ནས། འཐབ་འཁྲུག་འདིའི་སྐབས་རྡུལ་ཕྲན་མཚོན་ཆའི་རིགས་གང་ཡང་བེད་སྤྱོད་མི་གཏོང་བའི་འབོད་སྐུལ་ཞུས་གནང་འདུག

 

༧གོང་ས་མཆོག་དབུས་པའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ ༡༦ གི་ཞུ་སྐུལ་ཕྱག་ཡིག་ནང་། ང་ཚོས་རྡུལ་ཕྲན་མཚོན་ཆ་དང་དམག་འཁྲུག་ལ་ངོས་ལེན་བྱེད་ཀྱི་མེད། གོ་ལ་འདིའི་སྟེང་གི་མི་སེར་ཡོངས་ཀྱིས་ང་ཚོ་དང་ལྷན་དུ། ང་ཚོའི་གཞི་ཁྱིམ་ཡིན་པའི་སའི་གོ་ལ་འདི་གཏོར་བཤིག་གི་ཉེན་ཁ་ནས་སྲུང་སྐྱོབ་བྱ་བར་སྐུལ་མ་གཏོང་གི་ཡོད།

 

ཡུ་ཀེ་རེན་ལ་བཙན་འཛུལ་བྱས་པ་དེས་ཡུ་ཀེ་རེན་གྱི་མི་མང་གི་བདེ་སྡུག་ལ་རྐྱེན་ངན་བཟོས་པ་མ་ཟད། རྡུལ་ཕྲན་མཚོན་ཆའི་འཐབ་འཁྲུག་གིས་ང་ཚོའི་སྲིད་པའི་དཔལ་ཡོན་དང་སའི་གོ་ལའི་སྣོད་བཅུད་ཡོངས་ལ་གཏོར་སྐྱོན་གཏོང་གི་ཡོད་སྟབས། ད་ལྟ་འཛམ་གླིང་འདི་ལ་སྔར་ལོ་རྒྱུས་ནང་བྱུང་མ་མྱོང་བའི་འཇིགས་སྐུལ་གྱི་དཀའ་ངལ་ཕྲད་ཀྱི་ཡོད། ཅེས་གསུངས་པ་དང་སྦྲགས།  ད་ལྟ་ཨུ་རུ་སུ་དང་ཡུ་ཀེ་རེན་དམག་འཁྲུག་མཚམས་འཇོག་གི་གྲོས་ཡིག་འཇོག་དགོས་པ་དང་། ཨུ་རུ་སུས་རང་གི་དམག་མི་རྣམས་ཡུ་ཀེ་རེན་ནས་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་ཡང་ཞུས་འདུག

 

ད་དུང་ཡི་གེའི་ནང་། ཨུ་རུ་སུ་དང་ནུབ་གླིང་རྒྱ་མཚོ་བྱང་མའི་དམག་དོན་སྒྲིག་འཛུགས་ (NATO) གཉིས་ཀྱིས་རྩོད་རྙོག་འདིའི་ནང་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱ་རྒྱུར་ཁས་མི་ལེན་པ་དང་། འཛམ་གླིང་རྒྱལ་ཁབ་ཡོངས་ཀྱིས་རྡུལ་ཕྲན་མཚོན་ཆའི་གནོད་སྐྱོན་སླར་ཡང་མི་ཡོང་བའི་སླད་དུ་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་དགོས་པའི་ཆིངས་ཡིག་ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། གོ་ལ་འདིའི་སྟེང་གནས་སྡོད་བྱེད་བཞིན་པ་རྣམས་ཀྱི་བདེ་འཇགས་སླད། ད་ལྟའི་ཆར་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་དགོས་པའི་དུས་ལ་བསླེབས་ཡོད་པ། འཇིགས་སྐུལ་དང་མགོ་སྐོར་གཏོང་བའི་ཐོག་ནས་དབང་སྒྱུར་བྱེད་པར་ངོས་ལེན་མེད་པ་དང་། གྲོས་མོལ་དང་དྲང་བདེན་གྱི་སྒོ་ནས་ཞུ་གཏུགས་བྱེད་པར་ངོས་ལེན་དང་། རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་དགོས་ངེས་ཡིན་པ་ལྟར་རྡུལ་ཕྲན་མཚོན་ཆ་མེད་པ་ཞིག་བྱུང་སྲིད་པར་ཡིད་ཆེས་དང་འཛམ་གླིང་ཞི་བདེ་ཅན་དུ་བསྐྲུན་རྒྱུ་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་སྐོར་སོགས་བཀོད་འདུག

 

ད་ལྟའི་ཆར་རྩོད་རྙོག་འདིའི་ནང་་ཨུ་རུ་སུའི་སྲིད་འཛིན་གྱིས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་གཏོང་སྲིད་པའི་ཉེན་ཁའི་འོག ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ ༡༦ གིས་ཡུ་ཀེ་རེན་ནང་བྱུང་བཞིན་པའི་དམག་འཁྲུག་མཚམས་འཇོག་བྱ་རྒྱུ་དང་ཡུ་ཀེ་རེན་ནང་རྩོད་རྙོག་བྱུང་བཞིན་ཡོད་པ་དེར་རྡུལ་མཚོན་བེད་སྤྱོད་མི་གཏོང་བའི་ཁས་ལེན་བྱ་ཆེད་དུ་ཡི་གེ་བཏང་བ་ཞིག་ཡིན་པ་དང་། འཛམ་གླིང་རྒྱལ་ཁབ་སྤྱི་ཡོངས་ཀྱིས་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་དགོས་པའི་ཆིངས་ཡིག་ལ་རྒྱབ་སྐྱོར་བྱ་དགོས་པའི་ནན་སྐུལ་གནང་འདུག

 

བོད་ཀྱི་དུས་བབ་ལས་དྲངས།

About རྩོམ་སྒྲིག་པ།