༸གོང་ས་མཆོག་གིས་འཁྲུངས་སྐར་ཉིན་གྱི་བཀའ་སློབ།

ང་ཚོ་བོད་པས་དེ་ཙམ་བརྩི་གི་མེད་ལ་ལྷག་པར་ངོས་རང་སྒེར་ངོས་ནས་གལ་ཆེན་པོ་གང་ཡང་རྩི་གི་མེད། སྐྱེས་ཚེས་ཤིག་བརྩི་དགོས་བྱུང་ན། ཉི་མ་གསར་པ་རེ་རེ་འཆར་སྐབས་སྔ་དྲོ་ཡར་ལངས་པ་དང་ཉི་མ་གསར་པ་ཆགས་པ་དེ་ཡང་སྐྱེས་སྐར་ཆགས་ཀྱི་ཡོད། ག་རེ་གལ་ཆེན་པོ་རེད་ཅེ་ན། ཉིན་རེའི་མི་ཚེ་འདི་གཞན་ལ་ཕན་ཐོགས་བྱ་རྒྱུ་ཞིག་དང་གལ་ཏེ་དེ་ལྟར་མ་བྱུང་ན།

གནོད་པ་མ་བྱེད་རྒྱུ་ཞིག་ཉིན་རེ་བཞིན་སོ་སོས་དམ་བཅའ་འཇོག་གི་ཡོད། མི་གཞན་ལ་ཡང་དེ་ལྟར་ཤོད་བཞིན་ཡོད། དེ་ལྟ་བུའི་ཐོག་ནས་མི་ཚེ་བསྐྱལ་བ་རེད།

ད་ཆ་ལོ་བདུན་ཅུ་དོན་བདུན་ལ་སླེབས་ཡོད། དེ་སྔོན་ངོས་ཀྱིས་བརྗོད་ཡོད། འདི་གར་བཀལ་པའི་འདྲ་པར་དེ་དག་ལ་ལྟ་སྐབས། ཡ་མཚན་སྐྱེ་རྒྱུ་ལྟ༌བུ་ཞིག་འདུག ཟི་ལིང་གི་སྐུ་འབུམ་ཉེ་འདབས་ཀྱི་གྲོང་གསེབ་པའི་ཕྲུ་གུ་འཚུབ་པོ་དེ་ད་ཆ་ལོ་སླེབས་ཏེ་འདི་འདྲ་ཞིག་ཆགས་ཡོད། དེ་ལྟ་བུ་ཞིག་ཡོང་རྒྱུར་རྒྱུ་རྐྱེན་མེད་པ་མ་རེད། རྒྱུ་དང་རྐྱེན་ལ་མཐོང་ཆོས་ཀྱི་རྒྱུ་དང་རྐྱེན་གཅིག་དང་། སྤྱིར་ང་ཚོའི་མཐོང་ཆོས་སུ་མི་མངོན་པ་དང་མེད་པའི་རྒྱུ་རྐྱེན་ཕལ་ཆེར་རིམ་པ་མང་དག་ཅིག་ཡོད། ནང་པའི་གཞུང་སྦྱངས་ཡོད་པའི་མི་ཞིག་དང་ནང་པའི་གཞུང་ཉམས་ལེན་བྱས་ནས་ཕྲན་བུའི་གོ་རྟོགས་དང་ཚོར་བ་ཡོད་པའི་ཞིག་གི་ངོས་ནས་བཤད་ན། རྒྱུ་རྐྱེན་ཞེས་པ་དེ་མཐོང་བ་མངོན་གྱུར་གྱི་རིམ་པ་གཅིག་དང་ཅུང་ཟད་ལྐོག་གྱུར་གྱི་རིམ་པ་གཅིག ཤིན་ཏུ་ལྐོག་གྱུར་གྱི་རིམ་པ་གཅིག་ཕལ་ཆེར་ཡོད། དེར་བརྟེན་ངོས་ཀྱིས་ཁྱེད་རང་ཚོ་ཕྲུ་གུ་ཚོར་གཅིག་བརྗོད་འདོད་བྱུང། ཨ་མ་ལགས་ཀྱིས་ངོས་ལ་གསུངས་མྱོང་ཡོད། ཀེའུ་ཚང་རིན་པོ་ཆེས་དབུ་ཁྲིད་པའི་ཡང་སྲིད་རྩད་གཅོད་བྱེད་མཁན་གྱི་ཚོགས་པ་དེ་ང་ཚོའི་ཁྱིམ་ཚང་དུ་འབྱོར་བའི་ཉིན་མོ་དེར།

ང་ཚོའི་ཁྱིམ་དང་གྲོང་གསེབ་ཀྱི་མི་སུ་ཞིག་གི་ཤེས་ཀྱི་མེད། ཨ་མ་ལགས་ཀྱིས་གསུངས་བྱུང་། དེ་དུས་ཁྱེད་རང་ཕྲུ་གུ་ཆུང་ཆུང་དེས་དེ་ཉིན་སྔ་པོ་ནས་ལངས་ཏེ་དེ་རིང་མི་གཅིག་ཡོང་གི་རེད། ཅེས་གསུང་མྱོང་བརྗོད་དེ་བསོ་ལྟ་ལྟ་བྱེད་ཀྱི་འདུག དེའི་གྲས་དེ་ང་རང་ཚོའི་མངོན་དུ་མ་གྱུར་བའི་ཐོག་ནས་འབྲེལ་བ་ཞིག་ཡོང་གི་ཡོད་པའི་རྟགས་རེད། དེ་ལྟ་བུ་ཡོད་མུས་ཐོག་ངོས་རང་ཆུང་དུས་སློབ་སྦྱོང་བྱེད་སྐབས་སྒྱིད་ལུག་ཆེན་པོ་ཡོད། རྩེད་མོ་བརྩེ་རྒྱུ་དགའ་པོ་བྱས་པ་མ་གཏོགས་སློབ་སྦྱོང་བྱ་རྒྱུར་སུན་སྣང་སྐྱེ་བཞིན་ཡོད། དེར་བསམ་བློ་བཏང་ན་དེ་འདྲའི་བག་ཆགས་བཟང་པོ་ཞིག་ཨེ་ཡོད་དྲན་གྱི་འདུག གང་ལྟར་མི་ཚེ་དེ་འདྲའི་ཐོག་ན་བསྐྱལ་པ་རེད། གོང་དུ་ཞུས་པ་ལྟར། འཛམ་གླིང་འདིའི་ཐོག་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པའི་ཁྲོད་ཀྱི་ངོས་རང་མི་ཞིག་རེད། མི་ཀུན་ལ་ཕན་པའི་བསམ་པ་ཞེས་པ་དེ་བསྐྱེད་རྒྱུའི་ནུས་པ་ང་ཚོ་ཚང་མར་ཡོད། གང་ལ་ཞེ་ན། ང་ཚོ་ཚང་མ་ཕ་མའི་བྱམས་སྐྱོང་འོག་འཚར་ལོངས་བྱུང་བ་ཞིག་ཡིན་སྟབས། གཞན་གྱིས་ཇི་ཙམ་གྱི་བྱམས་བརྩེས་བསྐྱངས་པ་དེའི་ཚོད་ཀྱིས་རང་ལའང་གཞན་ལ་བྱམས་བརྩེ་སྟོན་རྒྱུའི་ས་བོན་དང་ནུས་པ་ཡོད་མུས་ཆགས་ཡོད། དེར་བརྟེན་མི་ཞིག་ཡིན་པའི་ངོས་ནས་མི་ལ་བྱམས་བརྩེ་དགོས། བྱམས་བརྩེ་ཡོད་ན་བདེ་སྐྱིད་ཡོང་གི་རེད། ཅེས་དུས་རྟག་ཏུ་ཤོད་བཞིན་ཡོད། དེ་རིང་ཁ་སང་ཚན་རིག་གི་ཐོག་ནས་སེམས་ལ་བྱམས་བརྩེ་ཡོད་ན། གཟུགས་པའི་འཕྲོད་བསྟེན་བདེ་ཐང་ལ་ཧ་ཅན་ཕན་ཐོགས་ཡོད་པ་རེད། ཅེས་དངོས་སུ་ཤོད་ཀྱི་འདུག

རིམ་པ་གཉིས་པ་དེ། གོང་དུ་ཞུས་པ་ལྟར། ཆུང་དུས་རང་ཉིད་ཀྱིས་དོ་སྣང་དང་འདོད་པ་གང་ཡང་མེད་ཀྱང་དབང་མེད་ལྟ་བུའི་ཐོག་ནས་དཔེ་ཆ་བློ་འཛིན་དང་སྐྱོར་སྦྱང་བྱ་རྒྱུ་དེ་འདྲ་བྱས་ཏེ་འཚར་ལོངས་བྱུང་བ་རེད། རིམ་བཞིན་མི་ཚེའི་འདིའི་ནང་དཀའ་ངལ་ཇི་ཙམ་འཕྲད་ཀྱང་སེམས་ཀྱི་ཞི་བདེར་འགུལ་སྐྱོད་གཏོང་མི་ཐུབ་པ་དེ་སངས་རྒྱས་པའི་ཆོས་ཀྱིས་བྱས་པ་རེད། དེ་ངོས་ཀྱིས་ཐག་བཅད་ནས་བརྗོད་ཐུབ་ཀྱི་འདུག དེ་ལྟ་བུའི་སངས་རྒྱས་ཀྱི་ཆོས་ལ་ཐོས་བསམ་སྒོམ་གསུམ་རྒྱུས་ཡོད་དང་ཉམས་མྱོང་གང་ཡང་མེད་པ་ཞིག་ཡིན་ན། ཡང་ན་སྨྱོན་པ་ཆགས་རྒྱུ་དང་ཡང་ན་རྟག་པར་གཉིད་ཁུག་རྒྱུའི་སྨན་བཟས་ནས་སྡོད་དགོས་རྒྱུ་ཕལ་ཆེར་ཆགས་ཀྱི་རེད། དེ་ལྟར་རྩ་བ་ཉིད་ནས་བྱེད་དགོས་ཀྱི་མི་འདུག དཀའ་ངལ་གྱི་རླུང་འཚུབ་ནང་དུ་ཡོད་ཀྱང་སེམས་ཀྱི་ཞི་བདེ་དཀྲུག་ཐུབ་ཀྱི་མི་འདུག དེ་དག་སངས་རྒྱས་ཀྱི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་པའི་འབྲས་བུ་རེད། འཛམ་གླིང་འདིའི་ཐོག་ཆོས་ལུགས་ཀྱི་མིང་ཁྱེར་ཏེ་གསོད་རེས་བཏང་ནས་ནང་ཁུལ་མི་མཐུན་པ་བྱེད་རྒྱུ་དེ་དག་ཧ་ཅང་ཐབས་སྐྱོ་པོ་རེད། དཔལ་འབྱོར་ཐོག་ནས་གསོད་རེས་གཏོང་རྒྱུ་དང་མི་མཐུན་པ་བྱུང་བ་རེད་ཅེས་བརྗོད་ན། རྒྱུ་མཚན་ཤེས་ཐུབ་རྒྱུ་ཞིག་རེད། ཆབ་སྲིད་ཀྱི་དབང་ཆའི་ཐོག་ནས་འཐབ་རྩོད་ཟེར་བ་དེ་ཡང་ཤེས་ཐུབ་རྒྱུ་ཞིག་རེད། འོན་ཀྱང་ཆོས་ཕྱོགས་ནས་བྱམས་བརྩེ་དང་བཟོད་པ། ཆོག་ཤེས་ཀྱི་བསླབ་བྱ་ཉམས་སུ་བླང་སྟེ་རྗེས་སུ་འཇུག་མཁན་ཞིག་གིས་འཐབ་རྩོད་དང་གསོད་རེས་བཏང་ཞེས་པ་དེ་ཡ་མཚན་སྐྱེ་རྒྱུ་ཞིག་རེད།

དེར་བརྟེན་འཛམ་གླིང་འདིའི་ཐོག་ཆོས་ལུགས་མཐུན་སྒྲིལ་བྱ་རྒྱུ་ཞེས་པ་དེ་ངོས་ཀྱིས་ཕྱི་ལོ་ ༡༩༦༠ ནང་ནས་འགོ་བཙུགས་པ་རེད། དེ་བཞིན་བྱམས་བརྩེ་གཞི་ལ་བཞག་ནས་འཛམ་གླིང་སྤྱི་ལ་སྤྱི་སེམས་འཁྱེར་རྒྱུ་ཞེས་པ་དེ་ཡང་ཕྱི་ལོ་ ༡༩༦༠ དང་ ༧༠ ནང་ནས་འགོ་བཙུགས་པ་རེད། གང་ལྟར་མི་ལ་བདེ་སྐྱིད་ཡོང་རྒྱུའི་རྩ་བ་དེ་ནང་སེམས་ཀྱི་བདེ་སྐྱིད་རེད་མ་གཏོགས་རྒྱུ་དངོས་པོ་མ་རེད། སྟོབས་དང་དབང་ཐང་མ་རེད། ཅེས་འཛམ་གླིང་ས་ཕྱོགས་གང་སར་ཤོད་ཀྱི་ཡོད། དེ་ལྟ་བུ་མི་གཞན་ལ་ཕན་ཐོགས་བྱ་རྒྱུ་དེ་ངོས་རང་མ་འཆི་བར་བྱེད་ཀྱི་རེད། དེ་བཞིན་ནང་པའི་ཆོས་པ་ཞིག་ཡིན་པའི་ངོས་ནས་ཆོས་ལུགས་མཐུན་སྒྲིལ་ལ་ཞབས་འདེགས་བསྒྲུབ་རྒྱུ་དེ་ཡང་ངོས་རང་མ་འཆི་བར་བྱེད་ཀྱི་རེད། ཆབ་སྲིད་ཀྱི་འགན་དབང་དེ་ད་ལྟ་གསུང་བཤད་ནང་ཇི་ལྟར་གསུངས་པ་བཞིན། ངོས་རང་རྒན་ཡོལ་གཙང་མའི་ཐོག་ཕྱིན་པ་རེད། རྒན་ཡོལ་དུ་ཕྱིན་ནས་ད་ལྟ་བར་དུས་ཡུན་གང་ཙམ་ཕྱིན་པའི་རིང་ལ་འབྲེལ་ཡོད་ཁྱེད་རང་ཚོ་ཚང་མས་ཧུར་ཐག་འབད་ཐག་གནང་སོང་བས་ཐུགས་རྗེ་ཆེ་ཞུ་གི་ཡིན། ད་དུང་ཡང་སྔར་བཞིན་ད་ལྟ༌གསུང་བཤད་ནང་གསུངས་པ་ལྟར། ཧུར་སྐྱེད་གནང་རོགས་ཞུ་རྒྱུ་ཡིན། དེ་རིང་འདི་གར་ཁྱེད་རང་ཚོ་དངོས་སུ་འཛོམས་ཡོད་པ་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་ཆབས་ཅིག་འཛམ་གླིང་གི་རང་དབང་ལུང་པའི་ས་ཁུལ་མང་པོ་ཞིག་གི་ནང་དེ་རིང་༸རྒྱལ་བ་རིན་པོ་ཆེའི་སྐྱེས་སྐར་རེད། ཅེས་ཚང་མས་དགའ་སྤྲོའི་རྟེན་འབྲེལ་བྱས་ཏེ་སྡོད་མཁན་ཡོངས་སུ་རྫོགས་པར་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ལྷག་པར་བོད་མི་མིན་པའི་བོད་ཀྱི་གྲོགས་པོ་མང་དག་ཅིག་ཡོད། ད་ལྟ་འདི་གར་བློན་ཆེན་གྱིས་གསུངས་པ་ལྟར། ངོས་རང་ལ་གྲོགས་པོ་མང་པོ་ཡོད།

རྒྱ་གར་ལ་ཆ་བཞག་ན། ངོས་ཀྱིས་རྟག་པར་ལོ་རྒྱུས་ཐོག་ནས་བཤད་ན། ཁྱེད་རང་ང་ཚོའི་བླ༌མ་རེད། ང་ཚོ་ཁྱེད་རང་ཚོའི་དགེ་ཕྲུག་རེད་ཅེས་ཤོད་ཀྱི་ཡོད། རྒྱ་གར་ནང་ཆོས་ལུགས་ཀྱི་དབྱེ་བ་མེད་པ། རྒྱ་གར་བ་མང་པོ་ཞིག་གིས་ཤ་ཚ་དང་གྲོགས་པོ་བྱས་ཏེ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། ཁྱེད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡིན། དེ་བཞིན་རྒྱ་རིགས་གྲོགས་པོ་མང་པོ་ཞིག་ཡོད། ན་ནིང་དེ་འདྲ་ཞིག་རེད། སྙིང་རྗེ། རྒྱ་ནག་ནང་ནས་རྒྱ་རིགས་གྲོགས་པོ་དེ་འདྲས་ངོས་ཀྱི་སྐྱེས་སྐར་ལ་ཁོང་རང་ཚོས་སྨོན་ལམ་རྒྱག་གི་ཡོད། ཅེས་ངོས་ལ་ལན་དེ་འདྲ་འབྱོར་བྱུང་། ཁོང་རྣམ་པ་ཚོ་ལའང་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ཡང་སྒོས་བོད་གངས་ཅན་ལྗོངས་ལ་ཡོད་པའི་ལུས་པོ་བཙན་དབང་འོག་ནས་ཕྱིའི་རྣམ་འགྱུར་བཟང་ངན་ཙམ་ཡིན་རུང་། ལམ་སེང་ཉེས་པ་ཕོག་རྒྱུ་དང་བཙོན་དུ་འཇུག་རྒྱུ། དེ་བཞིན་ཉེས་རྡུང་གཏོང་རྒྱུའི་དཀའ་ངལ་འོག་ནས་ནང་སེམས་ཀྱི་ལྷག་བསམ་དང་དད་པ། དམ་ཚིག་ནམ་ཡང་གཡོ་བ་མེད་པའི་གཞིས་ལུས་རྒྱ་ཆེའི་མི་མང་ནས་དེ་རིང་ངོས་ཀྱི་སྐྱེས་སྐར་རེད། ཅེས་སེེམས་ནང་ཚོར་ཤུགས་ཆེན་པོ་ཞིག་ཡོད་པ་རེད། དེེར་བརྟེན་ཁྱེད་རང་ཚོ་ཚང་མར་དམིགས་བསལ་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ཧ་ཅང་དཀའ་ངལ་འོག་ལ་སོ་སོའི་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་ལྷག་བསམ་རི་བོ་ལྟར་གཡོ་བ་མེད་པར་བསྡད་པ་རེད། བསྔགས་བརྗོད་དང་རྗེས་སུ་ཡི་རང་ཡོད། གཞན་ཞུ་རྒྱུ་གང་ཡང་མེད། བཀྲ་ཤིས་ལེགས།ཞེས་དང་མཇུག་ཏུ། དེ་རིང་བཀྲ་ཤིས་པའི་མཛད་སྒོའི་ཆ་ཤས་ལ་ཁྱེད་རང་ཚོ་མང་པོ་ཞིག་གིས་གཞས་སྣ་གྲ་སྒྲིག་དང་སྦྱང་བརྡར་མང་པོ་བྱས་ཡོད་པ་ཐག་ཆོད་པ་རེད། དེར་བརྟེན་ངོས་རང་འདི་གར་བསྡད་ནས་ལྟ་འདོད་ཡོད་ཀྱང་ངོས་རང་ཚགས་པར་རྒྱག་མཁན་གྱི་མི་ཞིག་ཐུག་རྒྱུ་བྱས་ཡོད་སྟབས་འགྲོ་དགོས་ཐུག་སོང་།

འོན་ཀྱང་ཁྱེད་རང་ཚོས་ངོས་རང་འདི་གར་ཡོད་པ་གཞིར་བཞག་ཐོག་ནས་དགའ་སྤྲོའི་ངང་ནས་འཁྲབ་རོགས་གནང་། དེ་བཞིན་སྐུ་མགྲོན་རྣམ་པས་འདི་གར་གཟིགས་རྟོགས་གནང་རོགས།ཞེས་བཀའ་སློབ་སྩལ་ཡོད།

བོད་མའི་སྒྲིག་འཛུགས་དྲ་རྒྱ་ལས་དྲངས།

About ལས་འབྱེད།