ཁྱུང་དགོན་མི་འགྱུར་རྡོ་རྗེ་གླིང་ངོ་སྤྲོད་མདོར་བསྡུས།

སྔ་འགྱུར་སྔགས་འཆང་རིག་པ་འཛིན་པའི་སྡེ་ཆེན་པོ་རེབ་གོང་སྔགས་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་གདན་ས་ཁྱུང་དགོན་མི་འགྱུར་རྡོ་རྗེ་གླིང་ནི། ཨོ་རྒྱན་ཆེན་པོས། མ་འོངས་མདོ་སྨད་ཁམས་ཞེས་བྱ་བ་ཡི།། ཆུ་བོ་རྒྱ་གྲམ་རྭ་མཚམས་ལྷ་འདུ་རུ།། པདྨ་ང་ཡི་བྱིན་གྱིས་བརླབས་པའི་བུ།། སྣ་ནམ་སྤྲུལ་པ་ནམ་མཁའི་མིང་ཅན་འབྱུང་།། ཞེས་རྡོ་རྗེའི་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ་གྲུབ་དབང་དཔལ་ཆེན་ནམ་མཁའ་འཇིགས་མེད་ཀྱིས་ཕྱག་བཏབ་ཅིང༌། རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱིས། བླ་མ་དགེ་བཤེས་དགོན་པའི་གནས།། ཀླུ་ཡི་མིག་དང་སྙན་ལ་གདབས།། ཞེས་གསུངས་པའི་ལུང་ལྟར། ཁྱུང་དགོན་གྱི་གནས་རི་འདི་བྱ་ཁྱུང་གི་དབྱིབས་ལྟ་བུ་ཡོད་ཅིང་། ཞབས་འོག་གི་ཀླུའི་སྙན་དང་མིག་ལྟ་བུའི་ས་ན་ཆུ་མིག་སོགས་ཡོད་པ་དང༌། ཁྱུང་གི་རྭ་བ་ལྟ་བུའི་རི་རྩེ་ན་རྡོ་རིང་ཆེན་པོ་ཞིག་ཡོད་པ་དམ་ཅན་གྱི་བླ་རི་ཡིན་པ་སོགས་ཀྱི་ལུང་དང་མཐུན་པར་སྒར་གཞི་བཏབ། རིམ་བཞིན་འདུ་ཁང་སོགས་ཕྱི་ནང་གི་རྟེན་དང་བརྟེན་པ་ཐམས་ཅད་ལེགས་གྲུབ་བྱུང་རྗེས། དམ་པ་གང་ཉིད་ཆོས་ཀྱི་ཁྲི་ལ་འཁོད་དེ་གྲུབ་དབང་པདྨ་རང་གྲོལ། ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ། ཀུན་བཟང་སྟོབས་ལྡན་དབང་པོ། གྲུབ་དབང་སྐལ་ལྡན་རང་གྲོལ་སོགས་གཙོས་པའི་རེབ་གོང་སྔགས་མང་ལ་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཟབ་དབང་ཉིན་བཅོ་ལྔའི་བར་དུ་གནང་བའི་རྗེས་ཐོག་ལ། བསྙེན་ཕུར་རེ་རྟེན་སྐལ་དུ་གནང་བའི་ཚེ་ཕུར་བུ་སྟོང་དང་དགུ་བརྒྱ་སོང་བས། དེ་ནས་བཟུང་རེབ་གོང་སྔགས་མང་ཕུར་ཐོགས་སྟོང་དང་དགུ་བརྒྱ་ཞེས་མཚན་སྙན་བོད་ཁམས་ཡོངས་ལ་ཁྱབ་པ་འདི་བྱུང་།ཆོ་འཕྲུལ་ཟླ་བའི་ཚེས་གསུམ་ནས་བཅུ་གསུམ་བར་དགོན་འདིར་ཟབ་ལམ་འཁོར་བ་དབྱངས་སྒྲོལ་གྱི་སྒྲུབ་ཆེན་བཙུགས་ཏེ་སྒྲིག་ལམ་ཀུན་སྤྱོད་སོགས་ཞིབ་རྒྱས་སུ་བཏང་།འཆམ་དང་སེར་སྦྲེང་སོགས་དགོན་སྡེ་ཆེན་པོ་ཞིག་གི་ཆ་རྐྱེན་འཐས་ཚང་དུ་ཡོད་པ་དང་།ཚོགས་གྲལ་དུ་ཚོགས་དུས་དབུ་སྐྲ་ཕབ་ཅིང་།ཕྱག་འཚལ་བ།ཚོགས་བཞུགས་སྐྱབས་སེམས་སྐབས་ཐལ་སྦྱར་དང་མཉམ་བཞག དབང་བཞི་ལེན་དུས་རལ་པ་ཕབ་པ།ལུང་དྲང་པོར་བསྲིངས་ནས་བགྲང་ཕྲེང་སྙིང་ཀའི་ཐད་ནས་འདྲེན་པ་སོགས་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་དུ་གྱུར།དེ་ལྟར་རྗེ་འདིའི་སྐུ་ཕྲེང་རིམ་བྱོན་དང་བུ་སློབ་སློབ་ཞལ་ཚབ་པ་རྣམས་ཀྱིས་ཁྲི་བསྐྱངས་ཏེ་བཀའ་གཏེར་གཉིས་ཀྱི་ཆོས་རྒྱུན་མ་ཉམས་པར་བཞུགས་ཤིང་།གནས་འདིར་སྔ་གཞུག་ཅི་རིགས་སུ་ཨ་ལྕགས་གཡའ་མ་མེ་འབུད་དང་།སྨད་ཁམས་ཉི་མ་ཐག་རྟོད།ཆུ་སྟོད་ཉི་མའི་འཁོར་ལོ།སྐྱི་སྐྱིད་སྟོང་འཁོར་ལོ།ངོ་མོ་ཡེ་ཤེས་མཚོ་རྒྱལ།ཁྱུང་པོ་ཁྱུང་དཀར་ཚངས་པ།ཨ་མགྲོན་མཐུ་པ་སོགས་ཡོངས་ལ་གྲགས་པའི་གྲུབ་བརྙེས་ཀྱི་རིག་འཛིན་མང་དུ་བྱོན་ཚུལ་ལོ་རྒྱུས་རྣམས་སུ་གསལ་ལོ།

About རྩོམ་སྒྲིག་པ།