གྲངས་ཉུང་མི་རིགས་ལ་འཛིན་པའི་སྲིད་ཇུས།

རྒྱ་ནག་རིམ་པ་དང་པོའི་འཛིན་སྐྱོང་ས་ཁུལ༣༤ཡོད་པའི་ཁོངས།ནང་སོག་དང་ཀོང་ཞི།ཉིན་ཞ།ཤིན་ཅང་།བོད་ལྗོངས་བཅས་རང་སྐྱོང་ལྗོངས་ལྔ་ཡོད་པ་དང་།རང་སྐྱོང་ཁུལ༣༡དང་།རང་སྐྱོང་རྫོང་༡༡༦།མི་རིགས་ཞིང་༡༡༦༠བཅས་ཡོད།

༢༠༠༧ལོར་རྒྱ་རིགས་ཀྱིས་རྒྱ་ནག་སྤྱིའི་མི་འབོར་གྱི་བརྒྱ་ཆའི་༩༠ལྷག་ཟིན་པ་དང་།མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱ་ཡུལ་གྱིས་རྒྱ་ནག་གི་ས་ཁྱོན་གྱི་བརྒྱ་ཆའི་༦༤ཟིན་ཡོད།

 

རྒྱ་ནག་དམར་ཤོག་ཚོགས་པའི་མི་རིགས་སྲིད་ཇུས་ཀྱི་འགྱུར་རིམ།

༡)   མི་རིགས་རང་ཐག་རང་གཅོད་དང་།རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་ཀྱི་ལྟ་གྲུབ་དང་ལེན་གྱི་དུས་སྐབས།༡༩༢༢ནས་༡༩༣༨ལོ་བར།

༡༩༢༢ཟླ༧པར་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་གཅིག་འཁོར་རྗེས་ཀྱི་ཀྲུང་གུང་ཐེངས་གཉིས་པའི་རྒྱལ་ཡོངས་ཚོགས་ཆེན་གྱི་བསྒྲགས་གཏམ་ནང་།རང་དབང་གི་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་ལ་བརྟེན་ནས་རང་ཁོངས་དང་།སོག་པོ།བོད།ཧོས་ཅང་བཅས་གཅིག་གྱུར་གྱིས་ཀྲུང་ཧྭ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ།ཞེས་དང་།

༡༩༢༣ལོའི་ཟླ༦པར་ཀྲུང་གུང་ཐེངས་གཉིས་པའི་རྒྱལ་ཡོངས་ཚོགས་ཆེན་གྱི་བསྒྲགས་གཏམ་ནང་གྲོས་འཆམ་བྱུང་བའི་ཏང་གི་རྩ་འཛིན་ཟིན་བྲིས་སུ།བོད་དང་སོག་པོ།ཤིན་ཅང་།མཚོ་སྔོན་སོགས་ས་ཁུལ་དང་རྒྱ་ནག་རང་ཁོངས་དབར་གྱི་འབྲེལ་ལམ་དེ་ས་གནས་དེ་དག་གི་མི་རིགས་ཚོས་རང་ཐག་རང་གཅོད་བྱ་རྒྱུ།

༡༩༢༨ལོའི་ཀྲུང་གུང་གི་ཚོགས་ཆེན་ཐེངས་དྲུག་པའི་གྲོས་ཆོད་དུ།ཀྲུང་གོ་གཅིག་གྱུར་བྱས་ཏེ།མི་རིགས་རང་ཐག་རང་གཅོད་ཀྱི་དབང་ཆ་ཁས་ལེན་བྱ་རྒྱུ།ཞེས་དང་།

༡༩༣༡ལོའི་ཟླ་༡༡པར་གཏན་འབེབས་བྱས་པའི་ཀྲུང་ཧྭ་སོ་ཝིཡཏ་རྒྱལ་ཕྲན་མཉམ་འབྲེལ་གྱི་རྩ་ཁྲིམས་ཆེན་མོའི་ནང་།རྒྱ་ནག་གི་ས་ཁོངས་སུ་གནས་སྡོད་བྱེད་པའི་སོག་པོ་དང་།ཧོས།བོད།མེའོ།ལི།(ཀོང་ཏུང་ཏུ་གནས་པའི་གྲངས་ཉུང་མི་རིགས་ཤིག)ཀོ་ལི(ཀོ་རི་ཡ།)སོགས་མི་རིགས་རྣམས།ཀྲུང་གོ་སོ་ཝིཡཏ་རྒྱལ་ཕྲན་མཉམ་འབྲེལ་དུ་འཛུལ་ཞུགས་སམ་ཁ་བྲལ་དང་།རང་ཉིད་ཀྱི་རང་སྐྱོང་ས་ཁོངས་འཛུགས་རྒྱུའི་ཐོབ་ཐང་ཡོད།ཅེས་བཀོད་པ་དང་།རྩ་ཁྲིམས་ཆེན་མོའི་དོན་ཚན་བཅུ་བཞི་བའི་ནང་གྲངས་ཉུང་མི་རིགས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཆ་ཚང་ཡོད་པའི་ངོས་ལེན་བྱས་ཡོད།

 

༡༩༣༥ལོའི་ཀྲུང་དབྱང་གི་དམར་དམག་རུ་དཔུང་དང་པོ་དང་བཞི་བ་ཟླ་སྒྲིལ་རྗེས་ཀྱི་ཆབ་སྲིད་གནས་བབ་དང་ལས་འགན་སྐོར་གྱི་གྲོས་ཆོད་ཅེས་པའི་ནང་།ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ཁོ་ཚོར་མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་ཁས་ལེན་བྱེད་དགོས་པ་སྟེ།ཆབ་སྲིད་ཐད་གཉའ་གནོན་བྱེད་མཁན་གྱི་མི་རིགས་ཏེ།རྒྱ་རིགས་ལས་ཅི་དགར་ཁ་བྲལ་ནས་རང་བཙན་སྒྲུབ་རྒྱུའི་རང་དབང་གི་ཐོབ་ཐང་ཡོད།ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སོ་ཝིཡཏ་སྲིད་གཞུང་གིས།དོན་དངོས་ཐོག་ཁོ་ཚོའི་མི་རིགས་རང་བཙན་དང་བཅིངས་འགྲོལ་ལས་འགུལ་ལ་རོགས་རམ་བྱེད་དགོས།ཞེས་དང་།སོག་པོ་དང་ཧོས་རིགས།བོས་རིགས་སོགས་རང་བཙན་གྱི་རྒྱལ་ཁབ་་བཙུགས་རྗེས།ཁོ་ཚོའི་འདོད་བློ་གར་ཡོད་ཀྱི་རྩ་དོན་གཞིར་བཟུང་ཆོག་པའམ་འོས་པའི་སྒོ་ནས།ཀྲུང་ཧྭ་སོ་ཝིཡཏ་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་དོན་ངོ་མའི་མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ་ལྡན་པའི་ཀྲུང་ཧྭ་སོ་ཝིཡཏ་རྒྱལ་ཕྲན་མཉམ་འབྲེལ་འཛུགས་རྒྱུ།

༡༩༣༧ལོའི་ཟླ༨ཚེས༡༥ཉིན་བསྒྲགས་པའི་ཀྲུང་གོ་གུང་ཁྲན་ཏང་གི་རི་འགོག་རྒྱལ་སྐྱོབ་ཀྱི་རྩ་དོན་བཅུ་ཞེས་པའི་ནང་།སོག་པོ་དང་ཧོས་རིགས།གྲངས་ཉུང་མི་རིགས་གཞན་ཡོངས་སུ་རྫོགས་པ་སྐུལ་སློང་བྱས་ཏེ།མི་རིགས་རང་ཐག་རང་གཅོད་དང་མི་རིགས་རང་སྐྱོང་གི་རྩ་དོན་འོག་ཐུན་མོང་གིས་རི་པིན་འགོག་རྒོལ་བྱེད་དགོས།ཞེས་བཀོད་ཡོད།

རྒྱ་དམར་གྱིས་དུས་སྐབས་འདིར་རྒྱལ་ཕྲན་མཉམ་འབྲེལ་འཛུགས་རྒྱུའི་ལངས་ཕྱོགས་བཟུང་དོན་ནི།

༡)   གོ་མིན་ཏང་ལ་ཁ་གཏད་གཞལ་རྒྱུའི་ཆབ་སྲིད་མནའ་མཐུན་འཛུགས་རྒྱུའི་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་ཤིག་དང་།

༢)   སུའུ་ལེན་དང་རྒྱལ་སྤྱི་གསུམ་པའི་གུང་ཁྲན་གྱི་ཤུགས་རྐྱེན།

༣)   གྲངས་ཉུང་མི་རིགས་ཀྱི་གནས་སྟངས་ལ་རྒྱུས་མངའ་མེད་པར་ཚོད་བགམ་གྱི་དུས་རིམ་ཞིག་ཏུ་གནས་ཡོད་ཚུལ་རྒྱུ་མཚན་དུ་འཇོག་གི་ཡོད།

 

རྒྱལ་ཕྲན་མཉམ་འབྲེལ་ནས་མི་རིགས་རང་སྐྱོང་གི་རིགས་པའི་གཞུང་ལུགས་་ཀྱི་འགྱུར་བཅོས།༡༩༣༨།༡༡ནས་༡༩༤༩།

༡༩༣༨ལོའི་ཟླ་༡༡པར།མའོ་ཙེ་ཏུང་གིས།ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙན་ཞུའི་ནང་།སོག་པོ་དང་།ཧོས།བོད།མེའོ།ཡའོ།དབྱི།ཧྥན་བཅས་མི་རིགས་རྣམས་ལ་རྒྱ་རིགས་དང་འདྲ་མཉམ་གྱི་ཐོབ་ཐང་ཡོད་ཆོག་པ་དང་།ཐུན་མོང་ཐོག་ཉི་ཧོང་འགོག་རྒོལ་གྱི་རྩ་དོན་འོག་སོ་སོའི་ལས་དོན་སོ་སོས་དོ་དམ་བྱ་རྒྱུའི་ཐོབ་ཐང་ཡོད་ལ།དེ་མཚུངས་སུ་རྒྱ་རིགས་མཉམ་དུ་གཅིག་གྱུར་གྱི་རྒྱལ་ཁབ་འཛུགས་རྒྱུ།་ཞེས་བཀོད་ཡོད།༡༩༤༧ ལོའི་ཟླ་ ༡༠ བར། མའོ་ཙེ་ཏུང་གིས་ ཀྲུང་གོ་གུང་ཁྲན་ཏང་གི་བསྒྲགས་གཏམ་》 ཞེས་པའི་ནང་།“ཀྲུང་གོའི་ས་ཁོངས་ཀྱི་གྲངས་ཉུང་མི་རིགས་སོ་སོར་འདྲ་མཉམ་རང་སྐྱོང་གི་ཐོབ་ཐང་ཡོད།”ཅེས་བརྗོད་དེ་རང་སྐྱོང་གི་ལྟ་གྲུབ་ཐོག་མར་བཏོན་ཡོད།།

༡༩༤༩ ལོའི་ཟླ་༡ ཚེས་༨ ཉིན། རྒྱ་གར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཧེན་ཌར་སོན་ Ambasador  LHenderson གྱིས་ཨ་རི་གཞུང་ལ་སྙན་ཞུ་ཞིག་ཕུལ་ཏེ། གལ་སྲིད་རྒྱ་ནག་དེ་གུང་ཁྲན་ཏང་གིས་བཟུང་བ་ཡིན་ན། ཨ་རིས་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་ལེན་བྱ་རྒྱུར་གྲ་སྒྲིག་ཡོད་དགོས་ཚུལ་བསྟན།

སྙན་ཞུ་དེ་སྐབས་དེའི་རྒྱལ་སྤྱིའི་དམར་ཤོག་ཚོགས་པའི་ལག་ཏུ་ཐེབས་ཏེ། སི་ཏ་ལིན་གྱིས་བོད་རང་བཙན་ཐོབ་ན་སུའུ་ལན་ལ་དགེ་མཚན་མེད་པར་མཐོང་སྟབས། འཕྲལ་མར་སྐུ་ཚབ་ཆེད་གཏོང་གིས། ཟླ་༢ ཚེས་༡ ནས་༣ བར་ཉིན་གསུམ་རིང་། མའོ་ཙེ་ཏུང་དང་ལིའུ་ཧྲའོ་ཆི་སོགས་ལ་གྲོས་བསྡུར་བྱས། ཚེས་༤ ཉིན། སྐུ་ཚབ་མི་ཀོ་ཡན་(Mikoyan)གྱིས་་ངས་མའོ་ཙེ་ཏུང་ལ། རྒྱ་ནག་དམར་ཤོག་ཚོགས་པས་མི་རིགས་གནད་དོན་ཐོག་ཐལ་དྲགས་པའི་གུ་བཤངས་བྱ་རྒྱུ་མེད་པ་དང་།

གལ་སྲིད་གྲངས་ཉུང་མི་རིགས་རང་བཙན་བྱེད་དུ་བཅུག་ན། དམར་ཤོག་ཚོགས་པས་སྲིད་དབང་བཟུང་རྗེས་རྒྱ་ནག་གི་མངའ་ཁོངས་ཇེ་ཆུང་དུ་འགྲོ་རྒྱུ་རེད། གྲངས་ཉུང་མི་རིགས་ལ་རང་སྐྱོང་བྱེད་དུ་འཇུག་རྒྱུ་ལས། རང་བཙན་བྱེད་དུ་འཇུག་མི་ཉན་པའི་བསམ་ཚུལ་བརྒྱུད་ཞུས་བྱས་པ་ཡིན་”ཞེས་སུའུ་ལན་གཞུང་ལ་སྙན་ཞུ་ཕུལ།)

༡༩༤༩ ལོའི་ཟླ་ ༤ ཚེས་ ༧ ཉིན་ཤིན་ཧྭ་ཙུང་ཧྲི་ཡིས་ གོ་མིན་ཏང་གི་ལོག་སྤྱོད་དབང་བསྒྱུར་གཞི་རྩའི་ཐོག་

ཕམ་པར་བརྒྱབ་ཟིན་པ་དང་། རང་རེ་ཏང་གིས་མགོ་འཁྲིད་པའི་ཀྲུང་གོ་གསར་པ་དབུ་བརྙེས་ལ་ཉེ། ང་ཚོའི་རྒྱལ་ཁབ་གཅིག་གྱུར་གྱི་རླབས་ཆེན་བྱ་གཞག་མངོན་དུ་འགྱུར་སླད་དང་། བཙན་རྒྱལ་རིང་ལུགས་དང་དེའི་རྒྱུགས་ཁྱིས་ཀྲུང་གོའི་མི་རིགས་མཐུན་སྒྲིལ་ཁ་བྲལ་གཏོང་རྒྱུའི་ལྐོག་གཡོ་ལ་ངོ་རྒོལ་བྱེད་སླད། རྒྱལ་ནང་གི་མི་རིགས་གནད་དོན་ཐད། ཁ་གཡང་འདི་(མི་རིགས་རང་ཐག་རང་གཅོད།)བསྐྱར་དུ་ནན་བཤད་བྱེད་མི་འོས་པ་སྟེ། བཙན་རྒྱལ་རིང་ལུགས་དང་རྒྱལ་ནང་གི་མི་རིགས་སོ་སོའི་ཁྲོད་ཀྱི་ལོག་སྤྱོད་པ་ཚོས་བེད་སྤྱོད་སྔོན་ཟོན་བྱེད་དགོས།”ཞེས་བཀའ་རྒྱ་བཏང་སྟེ། མི་རིགས་རང་ཐག་རང་གཅོད་ཀྱི་ཆབ་སྲིད་ཁ་གཡང་འདོར་དགོས་པའི་ལམ་སྟོན་བྱས་ཡོད།

ཁ༽ མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་གཏན་འབེབས་དང་དེའི་འགྲེལ་བཤད།

༡) མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་ཇུས་གཏན་འབེབས།

༡༩༤༩ ལོའི་ཟླ་ ༩ ཚེས་ ༢༩ ཉིན་གཏན་འབེབས་བྱས་པའི་ “ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་

འདུའི་ཐུན་མོང་རྩ་འཛིན་(གུང་ཐུང་ཀང་ལིན་)ཞེས་པ་ལེའུ་བདུན་དང་དོན་ཚན་ ༦༠ ཅན་དེའི་དོན་ཚན་ ༥༡ ནང་།“གྲངས་ཉུང་མི་རིགས་སོ་སོ་འདུ་སྡོད་ཀྱི་ས་ཁུལ་དུ་མི་རིགས་ཀྱི་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་དགོས་པ་དང༌། མི་རིགས་འདུ་སྡོད་ཀྱི་མི་འབོར་མང་ཉུང་དང་ས་ཁོངས་ཆེ་ཆུང་ལ་གཞིགས་ཏེ། མི་རིགས་རང་སྐྱོང་གི་ཚན་པ་ཁག་གསར་འཛུགས་བྱེད་དགོས། མི་རིགས་སོ་སོ་འདྲེས་སྡོད་ཀྱི་ས་གནས་སམ་མི་རིགས་རང་སྐྱོང་གི་ས་ཁོངས་ཀྱི་སྲིད་གཞུང་ཚན་པར་མི་རིགས་སོ་སོའི་སྐུ་ཚབ་ཀྱི་ས་མིག་གང་འཚམ་ཡོད་དགོས་དང་། མི་རིགས་སོ་སོར་རང་ཉིད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་བའི་རང་དབང་དང་།

རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་སྲུང་འཛིན་ནམ་བཅོས་བསྒྱུར་གྱི་རང་དབང་ཡོད་”ཅེས་བཀོད་ཡོད།

༡༩༥༤ ལོའི་ཟླ་ ༩ ཚེས་ ༢༠ ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་དང་བོའི་ཐོག་ལེའུ་བཞི་དང་དོན་ཚན་ ༡༠༦ ཅན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བོ་གཏན་འབེབས་བྱས་ཤིང་། དེའི་དོན་ཚན་གསུམ་པའི་ནང་ ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན། མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན། མི་རིགས་གང་ཞིག་ལ་མཐོང་ཆུང་དང་གཉའ་གནོན་བྱེད་པ་འགོག་སྡོམ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་འགོག་སྡོམ་བྱ་རྒྱུ། མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་གོང་སྤེལ་གྱི་རང་དབང་ཡོད་པ་དང་། ཚང་མར་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྲུང་འཛིན་ནམ་བཅོས་བསྒྱུར་གྱི་རང་དབང་ཡོད། གྲངས་ཉུང་མི་རིགས་ཁག་འདུ་སྔོད་ཀྱི་ས་གནས་སུ་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱ་རྒྱུ། མི་རིགས་སོ་སོའི་རང་སྐྱོང་ས་གནས་ཡོངས་རྫོགས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་འབྲལ་དུ་མེད་པའི་ཆ་ཤས་ཤིག་ཡིན།། ཞེས་བཀོད་དེ་ཁྲིམས་ཐོག་ནས་ལམ་ལུགས་དེ་གཏན་འབེབས་བྱས་ཡོད།

༢) མི་རིགས་ས་ཁོངས་རང་སྐྱོང་གི་འགྲེལ་བཤད།

མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་ཀྱི་ཁྱད་ཆོས་དང་དམ་བཅའ།

༡༩༥༧ ལོར། ཀྲོའུ་ཨེན་ལེ་ཡིས་ ་རང་རྒྱལ་མི་རིགས་སྲིད་ཇུས་ཀྱི་གནད་དོན་འགའ་ ཞེས་པའི་ནང་བསྟན་དོན། “ང་ཚོས་རང་རྒྱལ་གྱི་དངོས་ཡོད་གནས་སྟངས་གཞིར་བཟུང་སྟེ། དངོས་ཐོག་བདེན་འཚོལ་(དངོས་གནས་དྲང་གནས།)གྱི་སྒོ་ནས་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་དགོས་པ་དང་། མི་རིགས་ས་ཁོངས་རང་སྐྱོང་འདི་རིགས་ནི་མི་རིགས་རང་སྐྱོང་དང་ས་ཁོངས་རང་སྐྱོང་གི་ཡང་དག་པའི་ཟུང་འབྲེལ་ཡིན་ལ། ཆབ་སྲིད་རྒྱུ་རྐྱེན་དང་དཔལ་འབྱོར་རྒྱུ་རྐྱེན་གྱི་ཡང་དག་པའི་ཟུང་འབྲེལ་ཡིན། ཞེས་དང་། “མི་འབོར་མང་བའི་མི་རིགས་ནས་མི་འབོར་ཉུང་བའི་མི་རིགས་བར་དང་། འདུ་སྡོད་ཆེ་བའི་མི་རིགས་ནས་འདུ་སྡོད་ཆུང་བའི་མི་རིགས་བར་ཧ་ལམ་ཡོངས་སུ་རྫོགས་པ་རང་སྐྱོང་ཚན་པ་ཆགས་ཏེ། མི་རིགས་རང་སྐྱོང་གི་ཐོབ་ཐང་འཐུས་ཚང་བ་ལོངས་སུ་སྤྱོད་ཐུབ་ཡོད། ལམ་ལུགས་འདི་ལྟ་བུ་ནི་ལོ་རྒྱུས་སུ་བྱུང་མ་མྱོང་བའི་གསར་གཏོད་ཅིག་རེད་”ཅེས་བརྗོད་ཡོད།

༡༩༨༧ ལོར། ཏིང་ཞའོ་ཕིང་གིས་ཀྲུང་གོའི་སྤྱི་ཚོགས་གནས་བབ་དེ་ད་དུང་“ སྤྱི་ཚོགས་རིང་ལུགས་ཀྱི་དུས་རིམ་ཐོག་མ”ཡིན་པའི་རིགས་པའི་གཞུང་ལུགས་བསྟན་པ་དང༌། ཁོས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད། ཀྲུང་གོས་ལག་བསྟར་བྱེད་པ་ནི་མི་རིགས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཕྲན་མཉམ་འབྲེལ་གྱི་ལམ་ལུགས་མ་ཡིན་པར། མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད། ང་ཚོའི་བསམ་པར་ལམ་ལུགས་འདི་ཡག་པོ་ཞིག་དང་། ཀྲུང་གོའི་གནས་བབ་དང་འཚམས་པ་ཞིག་རེད། ང་ཚོར་ལེགས་ཆ་མང་པོ་ཞིག་ཡོད་པ་དང་། འདི་ནི་ང་ཚོའི་སྤྱི་ཚོགས་ལམ་ལུགས་ཀྱི་ལེགས་ཆ་ཞིག་ཡིན་པས། འདོར་མི་རུང་ཞེས་དང་། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་སྐབས། དཔལ་འབྱོར་ཡར་རྒྱས་གཏོང་མ་ཐུབ་ན། རང་སྐྱོང་དེ་སྟོང་པ་རེད་”ཅེས་བརྗོད་ཡོད།

མི་རིགས་ས་ཁོངས་རང་སྐྱོང་གི་རྒྱབ་ཤ་དཀར་པོའི་དེབ་ནང་། མི་རིགས་ས་ཁོངས་རང་སྐྱོང་ནི་ཀྲུང་གོའི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་སྟེ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་དང་། གུང་ཁྲན་ཏང་གི་མགོ་ཁྲིད་པའི་ཏང་ཁག་མང་པོ་མཉམ་འབྲེལ་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་བཅས་ལས་ཀྲུང་གོའི་ཆབ་སྲིད་ལམ་ལུགས་ཀྱི་རྩ་བའི་སྒྲོམ་གཞི་གྲུབ་ཡོད།

མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་གཏན་འབེབས་ཀྱི་རྒྱབ་རྟེན།

གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཡུན་རིང་གནས་ཡོད་པ་དེ། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་ལོ་རྒྱུས་ཀྱི་རྒྱབ་རྟེན་ཡིན།ཉེ་རབས་ནས་བཟུང་ཕྱི་ནས་ཡོང་བའི་བཙན་འཛུལ་བར་ངོ་རྒོལ་ཁྲོད་གྲུབ་པའི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་ནི།མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞི་ཡིན།མི་རིགས་སོ་སོ་འདྲེས་སྡོད་ཆེན་པོ། འདུ་སྡོད་ཆུང་བའི་མི་འབོར་ཁྱབ་འགྲེམས་བྱེད་སྟངས་དང་། ས་གནས་སོ་སོའི་ཐོན་ཁུངས་ཀྱི་ཆ་རྐྱེན་དང་འཕེལ་རྒྱས་ཀྱི་ཧེ་བག་ནི། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་དངོས་ཡོད་ཀྱི་ཆ་རྐྱེན་ཡིན།།

 

མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་དབང་ཚད།

༡)རང་བདག་གི་སྒོ་ནས་མི་རིགས་རང་ཉིད་དང་། ས་གནས་རང་གི་ནང་ཁུལ་གྱི་ལས་དོན་དོ་དམ།

༢)རང་སྐྱོང་སྲོལ་ཡིག་དང་ཁེར་རྐྱང་སྲོལ་ཡིག་གཏན་འབེབས་ཀྱི་དབང་ཆ།

༣)མི་རིགས་རང་ཉིད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་དང་གོང་སྤེལ།

༤)ཆོས་ལུགས་དད་མོས་རང་དབང་ལ་བརྩི་བཀུར་དང་འགན་ལེན།

༥)མི་རིགས་རང་ཉིད་ཀྱི་ཡུལ་གོམས་གཤིས་ལུགས་རྒྱུན་འཛིན་ནམ་བཅོས་བསྒྱུར།

༦)རང་བདག་གི་སྒོ་ནས་དཔལ་འབྱོར་འཛུགས་སྐྲུན་ལས་དོན་བཀོད་སྒྲིག་དང་དོ་དམ། འཕེལ་རྒྱས།

༧)རང་བདག་གི་སྒོ་ནས་སློབ་གསོ་དང་ཚན་རྩལ། རིག་གནས་སོགས་སྤྱི་ཚོགས་ལས་དོན་གོང་སྤེལ།

 

ག༽ རྒྱ་ནག་གི་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་ཀྱི་ཟིན་ཐོ།

༡) ༡༩༤༩ ནས་ ༡༩༥༦ བར། ་བཅིངས་འགྲོལ་ དང༌། ཁྲིམས་ལུགས་གསར་བཟོ། རང་སྐྱོང་ལས་ཁུངས་གསར་འཛུགས།

༡༩༤༩ ལོའི་“ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན།དང༌། ༡༩༥༢ ལོའི་“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་རྩ་གནད།

༡༩༥༤ལོའི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས།)བཅས་ཁྲིམས་ཡིག་གསུམ་གཏན་འབེབས་བྱས་པ་དང་། ༡༩༥༦ ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་ས་གནས་རང་སྐྱོང་ཁག་ ༨༠ བཙུགས་ཡོད། དེའི་ཁྲོད་རང་སྐྱོང་ལྗོངས་གཉིས་དང་། རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ལྷན་གཅིག རང་སྐྱོང་ཁུལ་ ༢༠ དང༌། རང་སྐྱོང་རྫོང་ ༥༣ བཙུགས་ཡོད།

༢) ༡༩༥༧ ནས་ ༡༩༧༦ བར། དྲག་ཆར་རླུང་འཚུབ་ཀྱི་དུས་རབས།

༡༩༥༧ ལོ་ནས་བཟུང་། མི་རིགས་ཀྱི་གནད་དོན་ཐད་ཐུན་མོང་གི་རང་བཞིན་ནན་བརྗོད་བྱེད་པ་ལས། གྲངས་ཉུང་མི་རིགས་དང་མི་རིགས་རང་སྐྱོང་ས་ཁུལ་ལ་དམིགས་བསལ་གྱི་རང་བཞིན་ལྡན་པ་ཁས་མི་ལེན་པ་དང་། དམངས་གཙོ་བཅོས་བསྒྱུར་དང་། གཡས་ལྷུང་ལ་ངོ་རྒོལ། ལོ་གསུམ་རང་བྱུང་གནོད་འཚེའི་དུས་སྐབས། རིག་གནས་གསར་བརྗེ་ཆེན་པོ་སོགས་གཅིག་རྗེས་གཉིས་མཐུད་ཀྱི་ཆབ་སྲིད་ལས་འགུལ་ཁྲོད། གྲངས་ཉུང་མི་རིགས་ལ་གདུག་རྩུབ་ཀྱི་དྲག་གནོན་དང་མནར་གཅོད་ལོ་རྒྱུས་སུ་མ་གྲགས་པ་ཞིག་བྱུང་ཡོད། དུས་རིམ་དེའི་ནང་གྲངས་ཉུང་མི་རིགས་ཀྱི་གནད་དོན་དེ་གྲལ་རིམ་གྱི་གནད་དོན་དུ་བཟུང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལམ་འཕྲལ་དུ་སྤེལ་ཐུབ་སླད་གྲངས་ཉུང་མི་རིགས་ས་ཁུལ་དུ་ཟིང་འཁྲུག་འབྱུང་བའི་རེ་སྒུག་བྱེད་བཞིན་ཡོད། ༡༩༧༥ ལོའི་རྩ་ཁྲིམས་སུ་“གྲངས་ཉུང་མི་རིགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལག་བསྟར་བྱ་རྒྱུའི་ནང་དོན་བཀོད་ཡོད་པ་དང་། མི་རིགས་རང་སྐྱོང་ལས་ཁུངས་ཀྱི་དོན་ཚན་རང་སོར་བཞག་པ་ཙམ་ལས་རང་སྐྱོང་གི་ཞིབ་ཕྲའི་ཐོབ་ཐང་རྣམས་ཕྱིར་བསྡུ་བྱས་ཡོད།

༢) ལོ་རབས་བརྒྱད་ཅུ་ནས་ད་བར།

ལོའི་ཟླ་ ༦ ཚེས་ ༢༧ ཉིན་ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཚོགས་ཀྱི་ཚང་༡༩༨༡འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གྲོས་འཆམ་བྱུང་བའི“རྒྱལ་ཁབ་བཙུགས་ཚུན་ཆད་ཀྱི་ཏང་གི་ལོ་རྒྱུས་ཀྱི་གནད་དོན་འགའི་ཐད་ཀྱི་གྲོས་ཆོད་དང༌། “ད་ཆ་རང་རྒྱལ་གྱི་མི་རིགས་འབྲེལ་བ་ནི་གཞི་རྩའི་སྟེང་རིགས་སོ་སོའི་ངལ་རྩོལ་མི་དམངས་དབར་གྱི་འབྲེལ་བ་ཡིན། ངེས་པར་དུ་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་རྒྱུན་འཁྱོངས་བྱེད་དགོས་” ཞེས་སོགས་བཀོད་དེ།

རིག་གསར་སྐབས་ཀྱི་མི་རིགས་སྲིད་ཇུས་བཅོས་སྒྲིག་བྱས་པ་དང་། ༡༩༨༤ ལོའི་ཟླ་ ༡༠ ཚེས་ ༡ ཉིན་ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་གཏན་འབེབས་བྱས་པས། ད་ལྟ་ལག་བསྟར་བྱེད་བཞིན་པའི་མི་རིགས་སྲིད་ཇུས་འདིའི་དུས་མཚམས་དེ་ནས་བཟུང་བརྩི་ཆོག་པར་སྣང་།

ང་༽ རང་སྐྱོང་ལྗོངས་ལྔ།

༡) ནང་སོག་རང་སྐྱོང་ལྗོངས།

མན་ཇུའི་སྐབས་ནང་སོག་ཛ་སག་དང་ཕྱི་སོག་ཛ་སག་གཉིས་སུ་བགོས་པ་དེ། སྔ་མ་དེང་སང་གི་ནང་སོག་དང་། ཕྱི་མ་སོག་པོ་སྤྱི་མཐུན་རྒྱལ་ཁབ་ཆགས་ཡོད། སོག་སྐད་དུ་ནང་སོག་ལ་ obur monggol ཟེར་ཞིང་། obur ནི་ལྷོ་རྒྱུད་དམ།ནང་ལོགས། མདུན་ངོས་སོགས་ཀྱི་དོན་ཏེ། ཕྱི་ནང་སོག་པོ་ལ་ལྷོ་བྱང་སོག་པོ་ཞེས་པའི་འབོད་སྲོལ་ཡང་ཡོད། ༡༩༤༧ ལོར་སུའུ་ལན་གྱི་གནོན་ཤུགས་འོག་ཕྱི་སོག་རང་བཙན་ཐོབ་རྗེས། གོ་མིན་ཏང་སྲིད་གཞུང་གིས་ཞིང་ཆེན་ལྔ་ཡི་ས་ཁོངས་དུམ་བུ་གཅིག་ཏུ་བསྡུས་ཏེ། ནང་སོག་རང་སྐྱོང་ལྗོངས་འཛུགས་རྒྱུར་ཆོག་མཆན་སྤྲད་པ་དང་། སྐབས་དེའི་གུང་ཁྲན་ཏང་གིས་ཀྱང་དེར་རྒྱབ་སྐྱོར་བྱས། དེང་སང་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་༡༡༨་༣ ཡོད། ཁུལ་རིམ་པའི་གྲོང་ཁྱེར་དགུ་དང༌། ཁུལ་རིམ་པའི་མེང་གསུམ། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་ཁག་བསྡོམས་༢༡ དང༌། རྫོང་རིམ་པའི་གྲོང་ཁྱེར་༡༡ ། རྫོང་༡༧ ། རྫོང་རིམ་པའི་མི་༤༩ ། རང་སྐྱོང་ཆི་༣ ཡོད་པ་དང༌། ༢༠༠༥ ལོའི་ཟླ་༡༡ ཚེས་༡ ཉིན་བར་མི་འབོར་ཁྲི་ ༢༣༨༦༡ ཡོད། དེའི་ཁྲོད་རྒྱ་རིགས་ཀྱིས་སྤྱིའི་མི་འབོར་གྱི་བརྒྱ་ཆའི་༨༥ དང༌། སོག་རིགས་ཀྱིས་བརྒྱ་ཆའི་༡༠ ཙམ་ཟིན། ལྗོངས་འདིའི་མངའ་ཁོངས་སུ་ཏ་ཝོ་ཨར་དང་ཨེ་ཝུན་ཁེ། ཨེ་ལུན་ཁྲུན། ཁྲའོ་ཞན། ཧོས། མན་ཇུ་སོགས་མི་རིགས་༤༩ ཙམ་ཡོད། རྩྭ་སའི་རྒྱ་ཁྱོན་ཧེཀ་ཊར་ ༨༦༦༦༧ ཡོད་པ་དེ་རྒྱ་ནག་གི་རྩྭ་སའི་ཐོན་ཁུངས་སྤྱིའི་བཞི་ཆའི་གཅིག་ཟིན་པ་དང་། ཞིང་སའི་རྒྱ་ཁྱོན་ཧེཀ་ཊར་ ༥༤༩ ལྷག་ཡོད་ཅིང་། མི་རེར་ཆ་སྙོམས་ཞིང་ས་ཧེཀ་ཊར་ ༠༢༤ ཐོབ་པ་དེའང་རྒྱ་ནག་གི་ཨང་དང་པོ་ཡིན།

༢) ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས།

འདི་ནི་རྒྱ་ནག་གི་ས་ཁྱོན་ཆུང་ཤོས་ཀྱི་རིམ་པ་དང་པོའི་འཛིན་སྐྱོང་ས་ཁུལ་ཞིག་སྟེ། ལྗོངས་ཧྲིལ་པོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་༦༦༤ ལས་མེད། ལོ་རྒྱུས་སྟེང་རྒྱ་ནག་དང་བོད་ཐེ་བའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཚོང་ལམ་འཁེལ་བ་དང་།ཕྱི་ལོ༡༠༣༨ལོར་མི་ཉག་(ཞི་ཞ)རྒྱལ་ཁབ་བཙུགས།དུས་རབས་བཅུ་གསུམ་པའི་སྨད་དུ་སོག་པོས་དབང་དུ་བསྡུས་རྗེས།ཉིན་ཞ་ཞེས་པའི་མིང་ཐོགས།དེ་ནི་རྒྱ་སྐད་དུ་ཞ་ཡི་ཡུལ་ཁམས་བདེ་ལ་འཁོད་པའི་ཚིག་སྡུད་ཡིན།༢༠༠༤ལོར་སྤྱིའི་མི་འབོར་ཁྲི་༥༨༧༧༡ཡོད་ཁོངས།རྒྱ་རིགས་ཁྲི་༣༧༧༤༢དང་།ཧོས་རིགས་ཁྲི་༢༠༦༤༩ཡོད།ཧོས་རིགས་འདི་དག་ནི་སོག་དམག་ཤར་དུ་དཔུང་འཇུག་སྐབས་དམག་རྗེས་སུ་འབྲངས་པའི་རྒྱ་ནག་ནུབ་རྒྱུད་མི་རིགས་ཀྱི་མི་རྒྱུད་ཡིན་ཞིང་།ས་འདིར་གནས་ཆགས་ཏེ་ལོ་ངོ་༧༠༠ལྷག་ཟིན།དེང་སང་ས་ཁུལ་རིམ་པའི་གྲོང་ཁྱེར་གསུམ་དང་།གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་༨།རྫོང་རིམ་པའི་གྲོང་ཁྱེར་༢དང་།རྫོང་༡༡ཡོད།ལྗོངས་ཁོངས་སུ་ཁ་ཆེའི་ལྷ་ཁང་༣༠༠༠ལྷག་ཡོད་པ་དང་།ནང་པའི་གྲྭ་བཙུན་ཉིས་བརྒྱ་ཙམ་ཡོད་སྐད།ལྗོངས་ཡོངས་སུ་ཞིང་ས་ཧེཀ་ཊར་ཁླི་༡༢༨ཡོད་པ་དང་།དེའི་ཁྲོད་ཆུ་མ་ཧེཀ་ཊར་ཁྲི་༣༣ལྷག་ཡོད།རྩ་སའི་རྒྱ་ཁྲོན་ཧེཀ་ཊར་ས་ཡ་ལས་དང་གཏེར་ཁའི་ཐོན་ཁུངས་འཛོམས་པོ་ཡོད།

 

༣)   ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས།

ལོ་ངོ་གཅིག་སྟོང་ལྷག་གོང་རོལ་གྱི་ཡུའེ་དང་ཞི་ཨོའུ་གཉིས་ནི་ཀྲོང་རིགས་ཀྱི་གྲུབ་ཆ་གཙོ་བོ་ཡིན་ཞིང་།འབྲས་ཞིང་འདེབས་ལས་ཀྱི་ལག་རྩལ་ནི་མི་རིགས་འདིས་ཐོག་མར་སྲོལ་བཏོད་པར་གྲགས་པ་དང་།ལོ་རྒྱུས་སྟེང་ཟངས་མགར་གྱི་ལག་རྩལ་ཧ་ཅང་མཐོ་ལ།ཟངས་ཀྱི་སྦུག་ཆལ་གྱི་བཟོ་རྩལ་དེ་བས་གྲགས་ཆེ།དེ་བཞིན་སྟ་རེ་དང་འཇོར་སོགས་ཐོན་སྐྱེད་ཡོ་ཆས་དབྱིབས་བཀོད་མཛེས་ཤིང་སྤྱོད་སྒོ་ཆེ་བ་ཡོད་ལ།ལྡེབས་རིས་ཀྱི་སྒྱུ་རྩལ་ཡང་ཕྱོགས་ཀུན་ཏུ་སྙན་གྲགས་ཁྱབ་ཡོད།ཀྲོང་རིགས་ལ་ཡུལ་སྐད་ཆེན་པོ་གསུམ་ཡོད་པ་དང་།དེ་དག་སྤྱོད་མཁན་མི་འབོར་བྱེ་བ་གཉིས་ལྷག་ཟིན།རྒྱ་ཡིག་ལ་དཔེ་བལྟས་ནས་ཡིག་འབྲུ་ལྔ་སྟོང་མ་ཟིན་གྱི་འདྲ་གཟུགས་ཡི་གེ་ཞིག་ཡི་གེ་ཞིག་ལོ་ཆིག་སྟོང་གོང་ནས་ཡོད་ནའང་།ཀྲོང་རིགས་ལ་གཅིག་གྱུར་གྱི་སྲིད་དབང་ཞིག་བྱུང་མྱོང་མེད་པ་དང་།ཡི་གེ་དེ་དག་སྒྲུང་གཏམ་དང་གླུ་གཞས་ཐོ་འགོད་ཙམ་ལས་གཞུང་འབྲེལ་ཡིག་ཆ་དང་སློབ་གསོའི་སྐད་ཡིག་ཏུ་བཀོལ་སྤྱོད་བྱས་པ་མེད་པས་དར་ཁྱབ་ཆེ་བ་བྱུང་མེད།དུས་རབས་སྔོན་མའི་ལོ་རབས་ལྔ་བཅུའི་ནང་།རྒྱ་གཞུང་གི་ཆོག་མཆན་འོག་ལ་ཏིན་དང་སི་ལོ་ཝེ་ཡའི་གསལ་བྱེད་ལ་བརྟེན་ནས་སྒྲ་སྦྱོར་ཡི་གེ་ཞིག་བཟོས་པ་དང་།ལོ་རབས་བརྒྱད་ཅུའི་ནང་ཀྲོང་སྐད་ཡོངས་རྫོགས་ལ་ཏིན་གྱི་གསལ་བྱེད་༢༦ལ་བསྒྱུར་ཐུབ་ཡོད་ཀྱང་།

དེང་སང་གྲོང་གསེབ་ཁག་ཏུ་སྲོལ་རྒྱུན་གྱི་ཡུལ་སྐད་ཏོག་ཙམ་སྤྱོད་པ་ལས།རྒྱའི་སྐད་ཡིག་དེ་ཧ་ལམ་རྒྱ་ཁ‚བ་ཏུ་བཀོལ་སྤྱོད་བམེད་བཞིན་ཡོད།ཀོས་ཀྲོའུ་ཞིང་ཆེན་ཁོངས་ཀྱི་པུའུ་དབྱི་རིགས་ནི་སྐད་ཡིག་དང་།ཡུལ་སྲོལ་གོམས་གཤིས་ཐད་ཀྲོང་དང་གཅིག་གྱུར་ཡིན་པ་དང་།ཝེ་ཏི་ནམ་བྱང་རྒྱུད་ཀྱི་ཡུལ་མི་ས་ཡ་གཉིས་ཙམ་གྱིས་ཀྱང་ཀྲོང་སྐད་སྤྱོད་ཀྱི་ཡོད་ཚོད།     ༡༩༤༩ལོར་ཀོང་ཞི་ཞིང་ཆེན་བཙུགས་པ་དང་།རང་སྐྱོང་ལྗོངས་འཛུགས་འོས་མིན་རྩོད་གླེང་བྱུང་བའི་མུར།ཀྲོའུ་ཨིན་ལེ་ཡིས་ལམ་སྟོན་ལྟར།༡༩༥༨ཟླ༣ཚེས༥ཉིན།རང་སྐྱོང་ལྗོངས་སུ་མིང་བསྒྱུར་བྱས།ལྗོངས་འདིའི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་༢༣དང་ཚགས་༦༧ཡོད་པ་དང་།༢༠༠༥ལོའི་མི་འབོར་བསྡོམས་ཁྲི་༤༩༢༥ ཡོད་པའི་ཁོངས། རྒྱ་རིགས་ཁྲི་༢༠༢༧ ལྷག་དང་། ཀྲོང་རིགས་ཁྲི་༡༦༥༠ ལྷག་ཡོད། དེ་བཞིན་ཡའོ་དང་། མེའོ། ཏུང༌། མེ་ལོ། མའོ་ནན། ཧོས། དབྱིས། (རྒྱ་ལོ་ལོ།) བྲོས། ཆི་ལའོ་སོགས་གདོད་མའི་མི་རིགས་༡༢ ཡོད། ས་ཁུལ་རིམ་པའི་གྲོང་ཁྱེར་༡༤ དང༌། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་༣༤ ། རྫོང་རིམ་པའི་གྲོང་ཁྱེར་༧ །རྫོང་༥༡ དང༌། རང་སྐྱོང་རྫོང་༡༢ ཡོད།

 

༤) ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས།

༡༩༣༣ ལོར། ཧྲ་པི་ཐི་ཏ་མོ་ལ་ཡིས་སྣེ་ཁྲིད་དེ་ཤིན་ཅང་ལྷོ་རྒྱུད་ཀྱི་ཁ་ཧྲི་འོས་ལངས་ཀྱིས། ཤར་ཏུར་ཀེ་སི་ཐན་

དབྱི་སི་ལམ་སྤྱི་མཐུན་རྒྱལ་ཁབ་ཅེས་པ་བཙུགས་ཤིང་། ཟླ་གསུམ་རྗེས་གོ་མིན་ཏང་གི་དམག་ཤེད་ཅན་ཧྲིན་ཧྲི་ཚའི་ཡིས་གཏོར་ཕམ་བཏང་། ༡༩༩༤ ཟླ་༡༡ ཚེས་༡༢ ཉིན། ཤིན་ཅང་བྱང་རྒྱུད་ཀྱི་དབྱི་ལི་རུ་གྱེན་ལངས་ཀྱིས། ཤར་ཏུར་ཀེ་སི་ཐན་སྤྱི་མཐུན་རྒྱལ་ཁབ་”ཅེས་པ་བཙུགས་ཏེ། ལོ་གཅིག་དང་ཟླ་བརྒྱད་ཙམ་གནས་ཀྱང་། ༡༩༤༩ ཟླ་༩ ནང་ཝང་ཀྲིན་གྱིས་འཁྲིད་པའི་“བཅིངས་འགྲོལ་དམག་ཤིན་ཅང་དུ་སླེབས་པ་དང་། ཝང་ཀྲིན་གྱིས་ཤིན་ཅང་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་རེད། ད་ལྟ་ང་ཚོ་མཉམ་འབྲེལ་གྱིས་གོ་མིན་ཏང་གཏོར་ཕམ་གཏོང་དགོས། མ་འོངས་པར་ཁྱོད་ཚོ་རང་སྐྱོང་ངམ་རང་བཙན་གང་ཞིག་བྱེད་འདོད་ན། ང་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡིན་”ཞེས་མགོ་སྐོར་བཏང་སྟེ། སྤྱི་མཐུན་རྒྱལ་ཁབ་དེ་མགོ་རྟིང་བསློགས།༡༩༥༥ལོའི་ཟླ་༡༠ ཚེས་༡ ཉིན་ཡུ་གུར་རིགས་རང་སྐྱོང་ལྗོངས་སུ་མིང་བསྒྱུར་བྱས། ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་༡༦༦ ལྷག་ཡོད་པས། རྒྱ་ནག་གི་རིམ་པ་དང་པོའི་འཛིན་སྐྱོང་ས་ཁོངས་ཆེ་ཤོས་ཡིན། ད་ལྟའི་ཆར་ས་ཁུལ་རིམ་པའི་གྲོང་ཁྱེར་༢ དང༌། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་༡༡ ། ས་ཁུལ་༧། རང་སྐྱོང་ཁུལ་༥ ། རྫོང་རིམ་པའི་གྲོང་ཁྱེར་༢༠ ། རྫོང་༦ དང་། རང་སྐྱོང་རྫོང་༦ ཡོད། ༢༠༠༤ ལོར། མི་འབོར་བསྡོམས་ཁྲི་༡༩༦༣་༡༡ ཡོད་པའི་ཁོངས། ཡུ་གུར་ཁྲི་༨༩༧་༦༧ དང༌། རྒྱ་རིགས་ཁྲི་༧༨༠་༢༥ ། ཧ་སག་ཁྲི་༡༣༨་༡༦ ། ཧོས་རིགས་༨༧༩༦༣ ། ཁེར་ཁེ་ཙི་ཁྲི་༡༧་༡༢ ། སོག་པོ་ཁྲི་༡༦་༩༦ ཡོད།དེ་མིན་ཐ་ཅིཀ་དང༌། ཞི་པོ། མན་ཇུ། ཨུ་ཚི་པེཀ ཨུ་རུ་སི། ཏ་ཏོ་ཨར། ཐ་ཐར་སོགས་མི་རིགས་ཀྱི་མི་འབོར་ཁྲི་༢༥༣༢ཡོད། ལྗོངས་འདིའི་ཁོངས་སུ་“འཛུགས་སྐྲུན་དམག་སྡེ་ཟེར་བའི་སྒྲིག་འཛུགས་ཤིག་ཡོད་ལ། རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་ཐེངས་༤༦ བྱས་པ་ཚང་མ་ཤིན་ཅང་ས་ཐོག་ཏུ་འཁེལ་ཡོད།ས་ཁུལ་འདིར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། རྒྱ་གཞུང་གིས་ཕྱི་ལོ་༢༠༠༠ ནས་བཟུང་ཨ་སྒོར་དུང་ཕྱུར་༡༠༠༠ ལྷག་བཏང་སྟེ། འཛུགས་སྐྲུན་རྣམ་གྲངས་ཆེ་ཁག་༦༠ འཆར་འགོད་བྱས་ཡོད་ལ། ༢༠༠༦ ཟླ་༦ བར་དུ་རྣམ་གྲངས་༣༩ གྲུབ་ཡོད།

རྒྱ་གཞུང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ཀྱི་གནོན་བཙིར་འོག ཤར་ཏུར་ཀེ་སི་ཐན་རང་བཙན་གྱི་ལས་འགུལ་མཚམས་མ་ཆད་པར་འབྱུང་བཞིན་པ་དང་། ཁ་ཤས་ཀྱིས་དྲག་པོའི་ཐབས་ལམ་བསྟེན་པའང་ཡོད། དེ་བཞིན་རྒྱལ་ཁབ་ཕྱི་ལོགས་སུ་ཚོགས་པ་ཁ་ཤས་ཤིག་ཡོད་པ་སྟེ། ༡། ༡༩༩༦ ལོར་ཇར་མན་གྱི་གྲོང་ཁྱེར་མུ་ནེ་ཧེ་རུ་ཤར་ཏུར་ཀེ་སི་ཐན་ཆ་འཕྲིན་ལྟེ་གནས་)དང་། (East Turkistan Information Centre)༢། ༡༩༩༨ ལོར་ཏུར་ཀེའི་རྒྱལ་ས་ཨན་ཀ་ལ་རུ་“ཤར་ཏུར་ཀེ་སི་ཐན་མི་རིགས་ལྟེ་གནས།། ཚོགས་པ་འདིས། རང་བཙན་རྩོད་ཀྱི་མེད། རྒྱལ་ཁབ་སླར་གསོ་བྱེད་ཀྱི་ཡོད་ཅེས་སྒྲོགས།

ན། ཅི་ཨར་ཅི་སི་རུ་ཤར་ཏུར་ཀེ་སི་ཐན་བཅིངས་འགྲོལ་སྒྲིག་འཛུགས། (East Turkistan Liberation Organization)འདིས་རྒྱ་ནག་ཏུ་སྤྱི་སྤྱོད་རླངས་འཁོར་གས་གཏོར་དང༌། དམག་མིའི་གོ་མཚོན་འཕྲོག་ལེན། བཙོན་ཁང་གཏོར་བཅོམ། མེ་ཤུགས་འཕུར་མདེལ་གྱི་རྟེན་གཞིར་ཕར་རྒོལ་སོགས་ཁོ་ཚོས་བྱས་ཚུལ་ཁས་ལེན་བྱེད་ཀྱི་ཡོད། ༤། ཏུར་ཀེའི་གྲོང་ཁྱེར་ཨི་སི་ཐན་པོར་དུ་ཡོད་པའི་“གཞོན་ནུའི་ཁྱིམ་ཚང་། འདིར་ཚོགས་མི་ཉིས་སྟོང་ལྷག་ཡོད་པ་མང་དག་ཅིག་ཏུར་ཀེའི་དམག་དཔུང་ནང་དུ་སྦྱོང་བརྡར་ཐོབ་ཡོད། ༥། ཨ་རིར་ཤར་ཏུར་ཀེའི་བཙན་བྱོལ་གཞུང་ཞིག་ཀྱང་བཙུགས་ཡོད།

༥) བོད་རང་སྐྱོང་ལྗོངས།

༡༩༥༠ ལོའི་ཟླ་༡༠ ཚེས་༧ ཉིན་ཆབ་མདོ་གཡུལ་འཁྲུག་མགོ་ཚུགས། ཚེས་༡༩ ཉིན་བཅིངས་འགྲོལ་དམག་

ཆབ་མདོར་འབྱོར། ལོ་དེའི་ཟླ་༡༢ ཚེས་༢༧ ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས།

༡༩༥༡ ལོའི་ཟླ་༥ ཚེས་༢༣ ཉིན་པེ་ཅིང་དུ་རྒྱ་བོད་སྐུ་ཚབ་དབར་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་བོད་ཞི་བའི་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་(དོན་ཚན་བཅུ་བདུན་》ལ་མིང་རྟགས་བཀོད། ༡༩༥༡ལོའི་ཟླ་༡༠ ཚེས་༢༦ ཉིན་རྒྱ་དམག་ལྷ་སར་འབྱོར། ༡༩༥༦ ཟླ་༤ ཚེས་༢༢ ཉིན། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ལྷན་བཙུགས་པ་དང་། ༡༩༥༩ ཟླ་༣ ནང་། ལྷ་སར་གཞི་རྒྱ་ཆེ་བའི་རྒྱ་རྒོལ་ལས་འགུལ་ལངས་ཏེ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་ཁྲི་བདུན་བརྒྱད་ཙམ་བཙན་བྱོལ་དུ་གྱུར། ༡༩༦༥ ལོའི་ཟླ་༩ ཚེས་༡ བོད་རང་སྐྱོང་ལྗོངས་དངོས་སུ་བཙུགས།

ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་༡༢༢ ལྷག་ཡོད་(རྒྱ་གར་ཁོངས་ཀྱི་ཨ་རུ་ན་ཅལ་བཙུད་ཡོད་པ་འདྲ།)པ་དང༌། ས་ཁུལ་རིམ་པའི་གྲོང་ཁྱེར་གཅིག་དང་། ས་ཁུལ་༦ ། རྫོང་རིམ་པའི་གྲོང་ཁྱེར་༡ ། རྫོང་རིམ་པའི་གྲོང་ཁྱེར་ཐད་གཏོགས་ཆུས་༡ །རྫོང་༧༡ ཡོད། ༢༠༠༧ ལོ་མཇུག་ཏུ་མི་འབོར་ཁྲི་༢༨༤༡༥ ལ་སླེབས་འདུག །

 

About རྩོམ་སྒྲིག་པ།