ཐེ་གེ

ཐི་སྤོབས་བཞག་ཅེས་ཀྱང་ཟེར་ཞིང་ཐེ་གེ༼འདི་ལ་ཐི་ག་ཞེས་ཀྱང་འབོད༽གཅིག་བསྐུངས་ནས་སྣ་གང་དུ་གྱུ་མིན་སུས་ཐིག་ཚོད་དཔག་བྱེད་པའི་རྩེད་མོ་ཞིག་ཡིན། རྩེད་མོ་རྩེ་བའི་བློ་སྤོབས་སམ་གདེངས་ཚོད་ལ་རག་ལས་པས་མིང་དེ་ལྟར་ཐོགས་པར་སེམས།

 

རྩེད་ཆས་ནི་བྲེ་སོགས་སྒམ་ཆུང་གྲུ་བཞི་ཞིག་དང་ཐེ་གེ་མང་ཙམ་དགོས། སྤོབས་བདག་ཅེས་རྩེ་མཁན་གཙོ་བོ་དེ་ཐེ་གེ་མང་བའི་མི་ཞིག་སྡོད་པའམ་ཡང་ན་རེས་མོས་ཀྱིས་འདུག །སྤོབས་བདག་རེས་མོས་ཀྱིས་བསྐོས་ན་ཐོག་མར་མགོ་སུ་མཐོ་བལྟ་ཞེས་མི་རེས་ཐེ་གེ་རེ་ས་ལ་འཕེན། མཐོ་དམའ་ནི་རྟ་དང་། བོང་བུ། ལུག ར་བཅས་རིམ་པ་བཞིན་ཡིན། གལ་ཏེ་སྣ་དང་མཇུག་གཉིས་བབ་ན་རྩིས་མེད་དུ་གཏོང་། རྟ་བབ་མཁན་གཉིས་ཡན་ཡོད་ན་གཞན་རྣམས་དོར་ནས་རྟ་བབ་མཁན་དེ་དག་ཡང་བསྐྱར་མགོ་སུ་མཐོ་བལྟ། དེ་ལྟར་སྤོབས་བདག་སྡོད་མཁན་ཨང་དང་པོ་དེ་གཏན་ཁེལ་རྗེས་གཡས་སྐོར་དུ་དེའི་འཕྲོ་ནས་རེས་བསྐོར། བྱིས་པ་བློ་ཆུང་ཞིག་ཡིན་ན་རྒྱན་ཤོར་བའི་ཕྱོགས་སུ་བཞག་གྲབས་ལ་ངོ་ཤོར་བ་དང་རྒྱལ་བའི་ཕྱོགས་སུ་བཞག་གྲགས་ལ་འཛུམ་དོད་པ་སོགས་ཀྱི་རྣམ་འགྱུར་སྟོན་སྲིད་པས་སྤོབས་བདག་ཏུ་མི་འཇོག །མི་མང་ན་སྤོབས་གཡོག་ཅེས་སྒམ་ཆུང་ཡར་བཀྱག་པ་དང་ཐེ་གེ་རྩིས་རྒྱག་པ་སོགས་བྱེད་མཁན་མི་དྲང་མོ་ཞིག་བསྐོ། འོན་ཀྱང་དེ་ལ་གླ་ཆ་སྤྲོས་སྲོལ་མེད། ཐེ་གེ་དུ་འཇོག་གི་གྲངས་ཀ་ཚོད་འཛིན་མེད་པའམ་ཐེངས་མ་གཅིག་ལ་ཐེ་གེ་འདི་ལས་མང་བ་འཇོག་མི་ཆོག་ཅེས་གྲངས་ཀ་ཚོད་འཛིན་བྱེད་པ་དེ་རྩེད་མོ་མགོ་མ་བརྩམས་གོང་གཏན་ཁེལ།

 

སྤོབས་བདག་གིས་སྒམ་ཆུང་ནང་དུ་ངོས་བཞིའམ་གྲུ་ཁུག་བཞི་གང་རུང་ཞིག་ཏུ་རྩེ་མཁན་རྣམས་ཀྱིས་མི་མཐོང་བ་བཟོས་ནས་ཐེ་གེ་གཅིག་གི་སྣ་དེ་ཁ་ཕྱོགས་གསལ་པོ་ཡོད་པ་བྱས་ནས་བསྐུངས། ཁ་ཕྱོགས་པོ་མེད་ན་རྩོད་པ་ཡོང་སྲིད་པས་གསལ་པོ་ཡོད་པ་དགོས། བསྐུང་ས་དེ་གྲུ་བཞི་མིན་ན་གདན་སྟེང་དུ་པདྨ་འདབས་བརྒྱད་དམ་རི་མོ་བརྒྱད་གྲམ་དུ་བྲིས་ནས་བསྐུང་སྣོད་ཀྱི་ཕྱི་ལ་ཐོན་པར་བྱེད། སྒམ་ཆུང་གི་མཐིལ་དང་ཡང་ན་གདན་སྟེང་དུ་ཤིང་ཚིལ་སོགས་ཀྱིས་སྦྱར་ནའང་ལེགས། དེ་ལྟར་སྤོབས་བདག་གིས་ཐེ་གེ་བསྐུངས་རྗེས་རྩེ་མཁན་རྣམས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་གང་འདོད་དུ་སོ་སོས་ཐེ་གེ་མང་ཉུང་རང་མོས་ལྟར་འཇོག་པའམ་གྲངས་ཀ་ཚོད་འཛིན་ཡོད་ན་ཚད་ལས་མི་བརྒལ་བར་འཇོག །མི་གཅིག་གིས་གནས་གཉིས་གསུམ་སོགས་ཁག་འགའ་བཞག་ཀྱང་ཆོག་ལ་སྐབས་འགར་རེས་འཁོར་རེ་གཉིས་ལ་མ་བཞག་པར་ངལ་བསོས་ཀྱང་ཆོག །ཐེ་གེ་མང་སྐབས་འཇམ་མའམ་རྡོ་དྲེག་སོགས་ཀྱིས་ཚོས་བཙོས་པའི་ཐེ་གེ་ཞིག་གིས་ལྔ་དང་བཅུ་སོགས་གྲངས་ཀའི་ཚབ་བྱེད། ཚང་མས་བཞག་ཟིན་རྗེས་སྤོབས་བདག་དང་ཡང་ན་སྤོབས་གཡོག་གིས་བསྐུང་སྣོད་དེ་ཐེ་གེ་ལ་མ་ཐུག་པར་བྱས་ནས་ཡར་ལེན། གལ་ཏེ་ཐེ་གེ་ལ་ཐུག་ན་སྣ་གཅུས་མིན་གྱི་རྩོད་པའང་ཡོང་སྲིད། སུས་ཐེ་གེའི་སྣ་ལ་བཞག་ཐུབ་ཡོད་ན་སྤོབས་བདག་གིས་དེ་ལ་རང་གི་ཐེ་གེ་ཕར་སྤྲད་པའི་ཁར་ལོག་པོ་སྟེ་དེས་ཐེ་གེ་བཅུ་བཞག་ཡོད་ན་ད་དུང་ཐེ་གེ་ཉི་ཤུ་ཐམ་པ་སྤྲོད་དགོས། སྣའི་གཡས་གཡོན་གཉིས་གང་རུང་དུ་བཞག་ཡོད་ན་སྤོབས་བདག་གིས་དེ་ལ་རང་གི་ཐེ་ཕར་སྤྲད་པའི་ཁར་དེ་དང་གྲངས་མཉམ་པ་ཞིག་སྤྲོད་དགོས། གཡས་གཡོན་གཉིས་དང་། མཇུག མཇུག་གི་གཡས་གཡོན་གཉིས་བཅས་སུ་བཞག་ཡོད་པ་རྣམས་སྤོབས་བདག་ལ་དབང་བ་ཡིན།

བསེ་མཁར་རྣམ་སྲས།

About རྩོམ་སྒྲིག་པ།