མདོ་སྨད་ཡུལ་གྱི་རི་རྒྱུད་འགའ་ངོ་སྤྲོད།

མཚེར་བ་རི།

མཚེར་བ་རི་ལ་བྱ་གླིང་ཡང་ཟེར།མཚོ་སྔོན་པོའི་ནུབ་ན་ཡོད། སྔོན་དུས་མཚོ་ནང་དུ་ཡོད་ཅིང་དེང་སྐབས་ཕྱེད་གླིང་དུ་གྱུར། དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༢།༢དང་། མཚོ་ངོས་ལས་ཡར་སྨི་༣༢ཡོད། དེའི་ཤར་ན་བྲག་ཐོ་ཞིག་ཀྱང་ཡོད། དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༠།༢༤དང་། མཚོ་ངོས་ལས་ཡར་སྨི་༧།༦ཡོད། ལོ་རེའི་སྤྱི་ཟླ་༣པ་ནས་༤པའི་བར་ལ་ཨེ་ཤ་ཡའི་ཤར་ལྷོ་ས་ཆ་དང་། ཧིན་རྡུ། ཕ་ཁི་སི་ཐན། ནེ་པ་ལ(བལ་ཡུལ)སོགས་རྒྱལ་ཁབ་དང་ཀྲུང་གོའི་ལྷོ་ཕྱོགས་ཀྱི་བྱ་རྣམས་འཕུར་ཡོང་། བྱ་ཁྲི༡༦ཙམ་ཡོད་ཅུང་། དེ་དུས་གནམ་ལ་འཽར་བ་དང་ཆུར་རྐྱལ་བ། སར་རྒྱུག་པ་ཐམས་ཅད་བྱ་སྣ་ཚོགས་ཡིན། འདི་ན་སོ་བྱ་དང་། བཞད། ཁྲུང་ཁྲུང་། ངང་པ་སོགས་བྱ་རིགས་མང་། ཁྲུང་ཁྲུང་མགོ་ཁྲ་ལ་བཟའ་བརྩེ་ལྷག་པར་ཆེ། ཟླ་བོ་ཤི་ན་ཟླ་མོས་སྒུམ་མི་ཟ་ཞིང་ཟླ་བོ་གཞན་མི་འཚོལ་བར་མྱ་ངན་གྱིས་ཤི་འགྲོ་ཞེས་བརྗོད་སྲོལ་ཡོད་པའོ། །

གློ་བ་རི།

གློ་བ་རི་ནི་རིག་སྨོན་གྲོང་རྡལ་གྱི་ཕག་སྐོར་སྡེ་བའི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ་༣།༥ཙམ་གྱི་མཚམས་ན་ཡོད་ཅིང་། འདིའི་མཐོ་ཚད་ལ་མཚོ་ངོས་ལས་སྨི་༣༧༧༢ཡོད། རིག་སྨོན་ཆུའི་མགོ་ཁུངས་ནི་རི་འདི་ལ་ཐུག་ཡོད། ངག་རྒྱུན་ལ། རི་ཆུང་འདི་ནི་མཚོ་ཁྲི་ཤོར་རྒྱལ་མོའི་གློ་བ་ཡིན་ཟེར་བ་སྟེ། འདིའི་ཆགས་ཚུལ་ནི་གློ་བ་བུབས་ཤིག་ཐང་ལ་བཞག་པ་དང་ཆ་འདྲ་བས་མིང་ཡང་དེ་སྐད་དུ་ཐོགས། མཚོ་སྔོན་པོའི་འཁོར་ལ་གནས་འབྲེལ་འཇོག་མཁན་ཚོས་རི་ཆུང་འདི་ལའང་ཕྱག་སྐོར་བྱེད་སྲོལ་ཡོད་དེ། འདི་ལ་ཕྱག་སྐོར་མ་བྱས་ན་མཚོ་སྐོར་གྱི་གནས་མཇལ་ཆ་ཚང་མིན་པའི་བཤད་རྒྱུན་ཡང་ཡོད་པར་གྲགས།

འདྲེ་མོ་བྲག་དཀར།

འདྲེ་མོ་བྲག་དཀར་ནི་རྟ་ནག་མ་ཡུལ་ཚོའི་སྲིད་གཞུང་གི་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་༨ཙམ་གྱིས་ཆོད་པའི་མཚོ་སྔོན་པོའི་ལྷོ་ནུབ་ཕྱོགས་ན་ཡོད་ཅིང་མཚོ་སྔོན་པོའི་ནང་གི་བྲག་རྡོ་ཞིག་ཡིན། འདིའི་མཐོ་ཚད་ལ་མཚོ་ངོས་ལས་སྨི་༣༢༡༡ཡོད། ངག་རྒྱུན་དུ་མཚོ་སྔོན་པོ་མ་གྲུབ་གོང་ལ། ད་ལྟའི་གནས་འདིར་ཆུ་མིག་ཅིག་ལས་མཚོ་འཕྱུར་བཞིན་པའི་སྐབས་སུ། ཨུ་རྒྱན་སློབ་དཔོན་ཆེན་པོས་རྒྱ་གར་གྱི་རི་མ་ཧཱ་དེ་ཝའི་རྩེ་མོ་བཅད་ནས་འཕྱུར་བཞིན་པའི་ཆུ་མིག་དེའི་ཁ་བཅད། དེ་ནི་ད་ལྟའི་མཚོ་སྙིང་མ་ཧཱ་དེ་ཝ་ཡིན་པར་གྲགས། སྐབས་དེར་འདྲེ་མོ་ཞིག་གིས་བྲག་དཀར་ཏེམ་ཆེན་གྱི་རྩེ་མོ་བཅད་དེ་ཆུ་མིག་གི་ཁ་གཅོད་བྱེད་ཀྱི་མཚོ་སྙིང་མ་ཧཱ་དེ་ཝ་གཏོར་འདོད་ནས་འཕངས་ཀྱང་།། གནས་དེར་མ་ཐོན་པར་ད་ལྟའི་གནས་འདིར་ལྷུང་བས་མིང་ལ་འདྲེ་མོ་བྲག་དཀར་དུ་ཐོགས།

འབྲུག་རང་སྐྱེས།

འབྲུག་རང་སྐྱེས་ནི་སྒང་རྒྱུད་ཅིག་སྟེ། ཐང་སྐར་མ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ་༡༢ཙམ་གྱི་མཚམས་ན་ཡོད། སྒང་རྒྱུད་འདིའི་ཆགས་ཚུལ་ནི་རང་བྱུང་ལྷུན་གྱིས་གྲུབ་པའི་འབྲུག་ཅིག་གི་དབྱིབས་དང་མཚུངས་གཤིས་མིང་ཡང་དེ་སྐད་དུ་ཐོགས།

དེ་ཡང་སྔོན་བྱོན་དམ་པ་དུ་མའི་ཞལ་རྒྱུན་ལ། སྒང་རྒྱུད་འདི་ནི་ཞིན་ཧེ་རྫོང་(བྲག་དཀར་རྫོང་)གི་དཔལ་ཁ་གྲོང་རྡལ་དང་། གུང་ཧོ་རྫོང་(གསེར་ཆེན་རྫོང་)གི་ཐང་སྐར་མ་གྲོང་རྡལ་གཉིས་ཀྱི་ཁོངས་རོལ་དུ་སོ་སོར་རླུང་རྟ་སྡེ་བཞིའི་མིང་ཅན་ནམ་སྟག་སེང་ཁྱུང་འབྲུག་གི་མིང་ཅན་གྱི་རི་བཞི་ཡོད་པའི་ནང་གི་འབྲུག་མཚོན་བྱེད་ཀྱི་རི་(དོན་གྱིས་སྒང་རྒྱུད་དམའ་མོ་ཞིག་ཡིན།)ཡིན་པར་གསུངས་ཤིང་། སྒང་རྒྱུད་འདིའི་རྩེ་རུ་ཡུལ་འདི་གའི་མང་ཚོགས་ཀྱིས་དར་ལྕོག་འཐེན་པ་དང་གཏེར་རྒྱག་པའི་སྲོལ་མ་ཉམས་པར་ཡོད།

ཆོས་ལུང་སྒང་། ཆོས་ལུང་སྒང་ནི་ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ལྷོ་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ་༤༦གི་མཚམས་ན་ཡོད། འདིའི་མཐོ་ཚད་ལ་མཚོ་ངོས་ལས་སྨི་༥༢༩༠ཡོད། ལྷོ་ཕྱོགས་ནི་ཞིན་ཧེ་རྫོང་(བྲག་དཀར་རྫོང་)དང་འབྲེལ་ཡོད། འདི་ནི་གུང་ཧོ་རྫོང་(གསེར་ཆེན་རྫོང་)ཁོངས་ཀྱི་རི་བོ་རྣམས་ལས་ཆེས་མཐོ་བའི་རི་བོ་ཡིན་པས། འདི་ལ་ཆོས་ལུང་སྒང་རྒན་ཡང་ཟེར། སྒང་འདི་དང་འབྲེལ་བའི་ལུང་པ་ཞིག་ཡོད་པ་དེ་ནི། གནའ་ནས་བཟུང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་དུ་མས་ཆོས་སྦྱིན་སྩོལ་ས་ཞིག་ཡིན་པར་གྲགས་པས་མིང་ཡང་དེ་སྐད་དུ་ཐོགས།

About རྩོམ་སྒྲིག་པ།