ད་ཀྱི་རི་དྭགས་གཙོད་ངོ་སྤྲོད།

མདོ་དབུས་མཐོ་སྒང་དུ་གནས་པའི་བོད་ཀྱི་རི་དྭགས་གཙོད་ནི་བོད་ཀྱི་ས་ཁུལ་མཐོ་ཚད་ལ་མི་ཊར་ ༣༠༠༠ ནས་ ༦༠༠༠ བར་ཡོད་པའི་ཁུ་ནུ་རི་བོ་དང༌། གཉན་ཆེན་ཐང་ལྷ། གདང་ལ་རི་བོ། གངས་རིན་པོ་ཆེ་སོགས་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ཨ་ཆེན་ཐང་དང༌། བྱང་ཐང༌། སྤང་ལྗོངས། གངས་རི། མཚོ་དང་མཚེའུའི་ཉེ་འགྲམ་སོགས་ཆེས་གྲང་ངར་ཆེ་བའི་ས་ཁུལ་དང་རྩ་ཆུ་བཟང་སར་འཚོ་གནས་བྱེད་ཅིང་བོད་ས་ཁུལ་མ་གཏོགས་ཡུལ་གྲུ་གཞན་ལ་གཏན་སྡོད་བྱེད་མཁན་མཐོང་རྒྱུ་དཀོན། གཙོད།བོད་ཀྱི་སྲོལ་རྒྱུན་རིགས་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་བཤད་གསལ་ལྟར་ན་བོད་ཀྱི་བྱང་ཐང་གཙོད་ལ་སྤང་གཙོད་དང་བྱང་གཙོད་གཉིས་སུ་དབྱེ་འདུག་ཀྱང་ས་ཕྱོགས་དང་གནས་ཡུལ་གྱི་ཁྱད་པར་ཙམ་ལས་མི་འདྲ་བའི་དབྱེ་བ་ཞིབ་ཕྲ་གསལ་ཁ་གང་ཡང་མ་མཆིས། གཙོད་ཕོ་མོའི་སྤྱིའི་གཟུགས་པོའི་མཐོ་ཚད་ལ་སན་ཊི་མི་ཊར་ ༧༤ ནས་ ༨༣ བར་དང་རིང་ཚད་ལ་སན་ཊི་མི་ཊར ༡༢༠ ནས་ ༡༤༠ བར་ཡོད།

 

ད་ཕན་གཙོད་ཀྱི་གཟུགས་པོའི་ཚད་གཞིའི་སྐོར་ལ་བོད་ཕྱི་ནང་གཉིས་དང་ཕྱི་རྒྱལ་ཆེད་ལས་པ་ཚོས་བྲིས་པའི་དེབ་མང་ཆེ་བ་གཅིག་མཚུངས་མེད་པས་ངས་དེའི་སྐོར་དེབ་དེ་ཚོའི་ནང་ནས་དམའ་ཤོས་ནས་མཐོ་ཤོས་བར་གྱི་ཚད་གཞི་ལ་གཞིར་བཞག་བྱས་ཡོད། གཙོད་ཕོ་མོ་གཉིས་གཟུགས་པོའི་སྤྱིའི་ལྗིད་ཚད་ལ་སྤྱི་རྒྱ་ ༢༥ ནས་ ༥༥ བར་ཡོང་གི་ཡོད། གཙོད་ཕོར་རྭ་ཡོད་པས་སྤྱིའི་རིང་ཚད་ལ་སན་ཊི་མི་ཊར་ ༥༥ ནས་ ༧༥ བར་ཡོང་ཞིང་རྣ་ཅོག་མོ་ལས་ཆུང་བ་ཡོད།

 

སྲོག་ཆགས་འདི་ཕོ་མོ་གཉིས་ཀ་མགོ་དང་ངོ་གདོང་ཅུང་སྦོས་པ་ལྟ་བུ་དང་འགུ་ཤས་ཡང་ཅུང་ཙམ་ཡོད། བོད་ཀྱི་སྲོལ་རྒྱུན་རིགས་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས། ༼གཙོད་ཕོའི་ལོང་བུ་གཡས་གཡོན་དུ་པགས་སྐྱིའི་ཁུག་ཆུང་རེ་ཡོད་པ་དེར་གོག་པོ་རླུང་གཤོག་ཟེར་ཤིང་ཐོག་མ་རྒྱུགས་སྐབས་དེ་ཙམ་མགྱོགས་པོ་མེད་རུང༌། ཇི་ཙམ་རྒྱུགས་ན་དེ་ཙམ་གྱིས་ཇེ་མགྱོགས་སུ་འགྲོ་བ་མི་ཚོས་གཙོད་གཤོག་རླུང་གིས་བརྒྱངས་པ་རེད་ཟེར།༽ དེར་བརྟེན་གཙོད་རྒྱུག་རྒྱུར་དགའ་ཞིང་ཤིན་ཏུ་ནས་མགྱོགས་པོ་ཡོད་པས་ཆུ་ཚོད་རེ་ལ་སྤྱི་ལེ་ ༧༠ ནས་ ༨༠ བར་རྒྱུག་ཐུབ་ཀྱི་ཡོད་པས་ཆེས་མགྱོགས་ཤོས་ཀྱི་སེམས་ཅན་གྲས་ཤིག་ཡིན། གཙོད་ཀྱི་རྔ་མ་ནི་ཕྲ་ཞིང་ཐུང་བས་རིང་ཚད་ལ་སན་ཊི་མི་ཊར་ ༢༣ ཙམ་དང༌། གཙོད་ལུས་ཀྱི་སྤུ་མདོག་གྲ་མར་ཁམ་ཅན་དང་སྐྱ་བོ་ཡིན་ཞིང་སྤུ་དང་ཁུ་ལུ་འཐུག་པ་མ་ཟད་ཚགས་ཡང་དམ། ལྟོ་ངོས་སྐྱ་དཀར་ཡིན། སྤྱིར་སྲོག་ཆགས་ཕལ་ཆེ་བ་སྤུ་འགྱུར་ལྡོག་དང་བསྐྱུར་འགྲོ་བཞིན་ཡོད།

 

ལྷག་པར་དུ་རི་དྭགས་དང་གཅན་གཟན་རིགས་སྤུ་བརྗེ་མགྱོགས་པ་མ་ཟད། དགུན་ཉལ་མི་བྱེད་པས་སྲོག་ཆགས་རིགས་ཀྱི་སྤུ་ལོ་གཅིག་ལ་ཐེངས་གཉིས་ཙམ་བརྗེ། གཙོད་ཀྱི་སྤུ་ཡང་འགྱུར་ལྡོག་འགྲོ་སྟངས་དེ་ལྟར་ཡིན་པར་སྣང༌། གཙོད་རྣམས་ཕྱི་ཟླ་བཅུ་པ་དང་བཅུ་གཅིག་ཙམ་ལ་གྲུས་རྩ་ལངས་པའི་སྐབས་ཡིན་ཞིང༌། དེ་ཡང་ས་གནས་གཅིག་ཏུ་འཛོམས་ཏེ་འཁྲིག་སྦྱོར་བྱེད་པས་གཙོད་ཕོ་མོ་བརྒྱ་ཕྲག་དང་སྟོང་ཕྲག་མང་པོ་བདུན་ཕྲག་གཉིས་ལྷག་ཙམ་ལ་དུས་གཅིག་ཏུ་འཛོམས་སྲོལ་ཡོད། མངའ་རིས་ཁུལ་གྱི་ཁོར་ཡུག་གནས་སྟངས་ལས་༼ནམ་དུས་སྟོན་ཁ་བོད་ཟླ་དགུ་པའི་ཟླ་དཀྱིལ་ཙམ་ནས་བཅུ་པའི་ཟླ་ཕྱེད་བར་གཙོད་ཕོ་མོ་འཁྲིག་སྦྱོར་གྱི་དུས་ཚོད་ལ་ཁ་རྒྱུན་དུ་གཙོད་ངར་གཞུང་ཚུགས་འདུག་ཅེས་བཤད་སྲོལ་ཡོད། གཙོད་ཀྱི་ངར་གཞུང་ཚུགས་ས་ནི་གུས་རང་གིས་ཤེས་རྟོགས་བྱུང་བའི་ས་ཆ་ཁ་ཤས་ཀྱི་མིང་སྨྲོས་ན། གཞུང་པ་མ་མཚན་གྱི་ཤ་སཆ་ཝ་མོ་གཙང་པོའི་འགྲམ་གླེ་དཀར་མོ་ཞེས་པའི་ས་ཆ་དེར་གཙོད་སྟོང་ཕྲག་བརྒྱད་དགུ་ཙམ་འཛོམས་བསྡད་པ་མཐོང་མྱོང༌། ཡང་སྒེར་རྩེ་ས་གནས་རྩ་སྐྱ་གཙང་པོའི་འགྲམ་ལ་གཙོད་ཀྱི་ངར་གཞུང་དེ་ལས་ཀྱང་མང་བ་ཚུགས་ཀྱི་ཡོད་པ་གོ་མྱོང༌།

 

ཟངས་ཟངས་རག་ག་སྟག་རྒྱལ་ཐང་དུ་ཡང་གཙོད་ཀྱི་ངར་གཞུང་ཚུགས་ཀྱི་ཡོད་པ་གོ་མྱོང༌། དེ་ཡང་གཙོད་ཀྱི་ངར་གཞུང་ཐོར་བའི་རྗེས་ཕོ་རྣམས་བྱང་ཕྱོགས་ལ་ལོག་འགྲོ་བ་དང༌། མོ་རྣམས་ལྷོ་ཕྱོགས་ལ་ལོག་འགྲོ་བ་རེད། དེ་ཡང་མོ་རྣམས་དམིགས་བསལ་གཙོད་ལམ་ཞེས་བང་བསྒྲིགས་ཏེ་ལམ་གཅིག་མ་གཏོགས་ཁ་ཐོར་ལ་འགྲོ་སྲོལ་མི་ཡོང༌། ཡུལ་མི་ཚོས་གཙོད་གསོད་པའི་ལུགས་སྲོལ་མེད་ཀྱང་ས་ཕྱོགས་གཞན་ནས་ཡོང་བའི་ཁྱི་ར་བ་ཁ་ཤས་ཀྱིས་ལམ་སྒུག་བྱས་ཏེ་གཙོད་གསོད་མཁན་ཡོད་ཀྱང༌། གཙོད་ལམ་དེར་ཁྱི་ར་བས་གཙོད་བསད་ཀྱང་གཙོད་རྣམས་འཇིགས་སྐྲག་གིས་ཅུང་ཟད་བྲོས་ཀྱང་ཡང་བསྐྱར་ལམ་དེ་ག་རང་བཟུང་སྟེ་འགྲོ་སྲོལ་ཡོད་༽ཅེས་གསལ་འདུག

 

རྒྱུན་དུ་གཙོད་རྣམས་ཁེར་རྐྱང་དང༌། ཡང་ན་ལྔ་དྲུག་ནས་བཅུ་བར་ཁྱུ་བྱས་ཏེ་ཕོ་མོ་ལོགས་སུ་བསྡད་ནས་རྩ་ཟ་ཆུ་འཐུང་ལ་རོལ། གཙོད་ཕལ་ཆེ་བ་དབྱར་ཁ་དང་དགུན་ཁ་བར་སྤྱི་ལེ་ ༢༥༠ ནས་ ༣༠༠ བར་འགྲོ་སྐྱོད་བྱས་ཏེ་གནས་སྤོ་ཡི་ཡོད། གཙོད་ཕྲུག་སྐྱེ་བའི་དུས་ཚོད་སླེབས་སྐབས་དགྲ་དང་གནོད་པ་མེད་སའི་ས་ཆ་ལུང་སྟོང་ནང་འགྲོ་བཞིན་ཡོད་པ་ལས་ས་གནས་གང་སར་སྐྱེ་སྲོལ་མེད། གཙོད་ཕྲུག་སྐྱེ་བའི་དུས་ཚོད་ནི་ཕྱི་ཟླ་ ༥ དང་ ༦ ཙམ་ཡིན་པ་དང་སྐྱེ་འཕེལ་ཐེངས་གཅིག་ལ་ཕལ་ཆེ་བ་གཙོད་ཕྲུག་གཅིག་མ་གཏོགས་མི་སྐྱེ། གཙོད་མོས་ཕྲུ་གུ་སྐྱེ་སྐབས་གཙོད་ཕོ་རྣམས་ཀྱིས་མཐའ་ནས་སྲུང་སྐྱོབ་བྱེད་སྲོལ་ཡོད་པར་གྲགས།

 

བོད་ཀྱི་གཙོད་ནི་སྟོངས་ལ་ཉེ་བའི་རྩ་ཆེའི་སྲོག་ཆགས་ཤིག་ཡིན་ཞིང་གཙོད་ཀྱི་དངོས་ཡོད་འཚོ་བའི་གནས་སྟངས་དང༌། གོམས་གཤིས། གྲངས་འབོར་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་འགོ་ཚུགས་ནས་དུས་ཡུན་རིང་པོ་མིན་པས། འཚོ་གནས་ཀྱི་ས་རྒྱ་ཆེ་ཞིང་གྲང་ངར་ཆེ། ལྷག་པར་དུ་ལོ་ལྟར་གཙོད་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཀྱི་ཡོད་པས་གྲངས་འབོར་སོགས་ཞིབ་འཇུག་བྱེད་པར་སྟབས་བདེ་མེད། ཆེད་ལས་ཞིབ་འཇུག་པ་ཡང་དཀོན་པ་དང་དེའི་ནང་ནས་བོད་རིགས་རང་གི་ཆེད་ལས་ཞིབ་འཇུག་པ་མེད་པས། ཁུངས་ལྡན་གྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་དཀའ། དུས་རབས་ཉི་ཤུ་པའི་དུས་མགོ་ཙམ་ལ་བོད་ཀྱི་གཙོད་གྲངས་འབོར་ས་ཡ་གཅིག་ལྷག་ཡོད་སྐད་གྲགས།

 

རྒྱ་མིས་བོད་ལ་དཔུང་འཇུག་བྱེད་སྐབས་བོད་ཀྱི་རི་དྭགས་གཙོད་ཀྱིས་གཙོས་རི་དྭགས་མང་པོ་དམག་མིའི་ཁ་ཟས་ཆེད་བསད་ཡོད་པ་དང༌། རིག་གནས་གསར་བརྗེའི་སྐབས་བོད་མི་རྣམས་ཀྱང་ཟས་གོས་མི་འདང་བའི་དཀའ་སྡུག་ཚད་མེད་འཕྲད་པ་དང་མཐའ་ན་ལྟོགས་ཤི་ཐེབས་པའི་གནས་ཚུལ་ཡང་མང་དག་ཅིག་བྱུང་ཡོད། དེ་འདྲའི་གནས་སྟངས་འོག་བོད་མི་མང་པོས་འདོད་པ་མེད་བཞིན་དུ་གྲོད་པས་མ་བཟོད་པར་རི་དྭགས་ཁ་ཟས་ཆེད་གསོད་དགོས་བྱུང་ཡོད་པས། གཙོད་ཀྱང་ཁ་ཟས་ཆེད་གསོད་དགོས་བྱུང་ཡོད་པ་གདོན་མི་ཟ། ལྷག་པར་དུ་རྒྱ་མིས་བོད་ལ་མི་སེར་སྤེལ་བའི་ངན་བྱུས་འོག་རླངས་འཁོར་དང་མེ་འཁོར་ལྕགས་ལམ་གསར་སྐྲུན་བྱས་རྗེས་བོད་ཀྱི་རང་བྱུང་ཁོར་ཡུག་དང་ལྷག་པར་དུ་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ལ་ཤུགས་རྐྱེན་བརྗོད་ཀྱིས་མི་ལང་བ་ཐེབས་ཡོད་པས། བོད་ཀྱི་རྩ་ཆེའི་གཅན་གཟན་དང་རི་དྭགས་མང་པོ་རྔོན་རྒྱག་མང་གྲགས་པས་མང་པོ་ཞིག་རྩ་སྟོངས་སུ་ཕྱིན་པ་དང༌། ཉུང་ཤས་ལྷག་པ་དེ་རྣམས་ཁྱིམ་མཚེས་རྒྱལ་ཁབ་ལ་བྲོས་བྱོལ་དུ་ཕྱིན་ཡོད་པ་རེད།

About རྩོམ་སྒྲིག་པ།