ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གི་འགོ་གཙོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན། བོད་རིག་པའི་ཆེད་མཁས་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱི་མི་ཚེའི་འགྲུལ་བཞུད་ལ་བློ་རགས་མོས་མྱོང་རོལ་ཐེངས་ཤིག་བྱས་ན།
དང་པོ། རྡོག་ཁྲེས་རྒྱབ་ལ་འཁུར་བའི་ལེའུ།
རྒན་ཚེ་རིང་ཐར་ལགས་ལ་མཚོན་ན། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པའི་ནང་ལ་མདོ་སྨད་ཁྲི་ཀའི་ཡུལ་དུ་སྐྱེས་ཤིང་། གྲང་རླུང་འུར་འུར་དུ་ལྡང་ཞིང་འཚུབ་མ་ལང་ལོང་དུ་འཁོར་བའི་ལོ་ཟླ་དེ་ཡིས་ཉམ་ཆུང་བའི་ཚེ་སྲོག་རེ་རེ་ལ་འཇབ་རྒོལ་ཐེངས་མང་བྱས་ཀྱང་། གཞོམ་གཞིག་བྲལ་བའི་སྙིང་སྟོབས་གསོན་པོ་ཞིག་དང་འགྲོགས་ནས་འཚར་ལོངས་བྱུང་བའི་སྲ་བརྟན་གྱི་ཚེ་སྲོག་རེ་རེ་ནི་ཁོར་ཡུག་སྡུག་པོ་དང་མཁའ་དབུགས་བཙན་པོའི་འོག་ནས་རིམ་གྱིས་འཚར་ལོངས་བྱུང་ཞིང་། ནང་སྒོས་སུ་དྲིན་ཅན་ཕ་མ་དང་ཡུལ་མི་སྤུན་ཟླ་ཚོའི་རེ་བས་ཁེངས་པའི་མིག་ཟུང་དྭངས་མོའི་སྐྱེལ་མ་དང་། ཕྱི་རོལ་འཇིག་རྟེན་ཁམས་ཀྱི་གསང་བ་རེ་རེ་སྔོག་ཉུལ་བྱེད་པའི་རེ་འདུན་ཆེན་པོ་ཞིག་གི་བློས་བསླངས་འོག་ནས་བུ་ཆུང་ཞིག་འདི་ལྟར་ལམ་ལ་ཆས། ང་ཚོས་ཁམས་པའི་བརྙན་འཕྲིན་ཁང་གི《འཆི་མེད་ཀྱི་གླེང་མོལ》ཞེས་པའི་ལེ་ཚན་དང་། 《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》གི་རྩོམ་སྒྲིག་པ་སངས་རྒྱས་དོན་གྲུབ་ལགས་ཀྱིས་གཉེར་བའི《མི་ཆུང་ཁ་བདེ།》ཞེས་པའི་ལེ་ཚན་གཉིས་ལ་ཉན་ཡོང་དུས། རྒན་ཚེ་རིང་ཐར་ལགས་ཀྱིས་མདོ་འཛིན་པ་ལ་འདི་ལྟར་གསུངས་ཡོད་དེ། དེ་དུས་ཀྱི་སློབ་སྦྱོང་གི་ཆ་རྐྱེན་ནི་ད་ལྟ་ལས་ལྡབ་འགྱུར་གྱིས་ཞན་པ་དང་། ཐ་ན་ཕོ་ལོ་སུམ་ཅུའི་ཡར་སྔོན་ལ་དབྱིན་ཡིག་གི་གསལ་བྱེད་ཡི་གེའི་གཟུགས་རིས་ཅི་འདྲ་ཡིན་པའང་མིག་གིས་ཀྱང་མཐོང་མ་མྱོང་ཞེས་པར་བརྟགས་ན། ང་ཚོས་སྐབས་དེ་དུས་ཀྱི་ཆ་རྐྱེན་ཅི་འདྲ་ཡིན་པ་མིག་གིས་མ་མཐོང་རུང་རྗེས་དཔག་གིས་དཔྱོད་ཐུབ་པ་དང་། ནང་སྒོས་སུ་རྒན་ཚེ་རིང་ཐར་ལགས་ཀྱིས་ཕྱི་ནང་གི་འགལ་རྐྱེན་མཐའ་དག་ལ་དབྱེ་ཞིབ་བྱས་པའི་རྟིང་མ་ལ། བདག་ཉིད་བདག་གི་མགོན་ཡིན་ཏེ། གཞན་དག་སུ་ཞིག་མགོན་དུ་འགྱུར་ཞེས་པའི་ལེགས་བཤད་འདི་ལ་ངོས་ཟིན་བྱུང་ནས། མི་ཚེའི་དོན་སྙིང་གསར་སྐྲུན་བྱེད་པའི་ཕུགས་འདུན་རང་ཉིད་ལ་བཅོལ་ཞིང་། དཀའ་བ་སྤྱད་པའི་གྲུབ་འབྲས་དང་བསྡོངས་ནས་དུས་རབས་གོང་མའི་ལོ་རབས་བདུན་ཅུ་པའི་དུས་མཇུག་སྟེ། སྤྱི་ལོ་1977ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་དགེ་རྒན་གྱི་ཕྱག་ལས་གཉེར་བའི་སྐལ་བ་ལྡན། ཕ་མའི་རེ་བཞག་དང་རང་གི་ཕུགས་འདུན་འཁྱེར་བའི་ན་གཞོན་ཞིག་ལ་མཚོན་ན། རྒྱང་སྐྱོད་ཀྱི་གོམ་ཁ་འདི་ནས་འཇོག་ག་ལ་སྲིད་དེ་གཏན་ནས་མི་སྲིད། རྗེས་སུ་སྤྱི་ལོ་1982ལོ་ནས་1985ལོའི་བར་དུ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གྲངས་ཉུང་མི་རིགས་ཚན་ཁག་ནས་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་དང་རྡོ་རྒྱལ་སྐུ་ལོ་སོགས་ལ་བསྟེན་ནས་མུ་མཐུད་དུ་བོད་ཀྱི་གནའ་རབས་རྩོམ་རིག་ལ་སྦྱངས་པ་དཔྱིས་ཕྱིན་པ་གནང་ནས་རབ་འབྱམས་པའི་ཐོབ་ཐང་བླངས་པ་མ་ཟད། གཡུར་དུ་ཟ་བའི་གྲུབ་འབྲས་དང་བསྡོངས་ནས་སློབ་ཆེན་དེ་རུ་གོམ་པ་རིམ་བགྲོད་ཀྱི་ཚུལ་དུ་དགེ་རྒན་གྱི་ཕྱག་ལས་གཉེར་བའི་སྐལ་བ་ལྡན་པས། བོད་ཀྱི་སྙན་ངག་གི་གཞུང་ལུགས་དང་ལོ་རྒྱུས་སོགས་ཀྱི་སྐོར་སློབ་ཁྲིད་གནང་། གལ་སྲིད་བོད་ཀྱི་སྐད་ཡིག་དང་སྙན་ངག་གི་གཞུང་ལུགས་སྐོར་སློབ་ཁྲིད་གནང་བ་ནི་རྒན་ཚེ་རིང་ཐར་ལ་མཚོན་ན། ཆོལ་གསུམ་ཁ་བའི་ཡུལ་གྱི་རིག་པའི་དཔའ་བོ་སྐྱོང་བའི་ལས་ལ་དབུ་ཁྱུད་བྲིས་པ་ཡིན་ན། ལོ་རྒྱུས་སློབ་ཁྲིད་གནང་བ་ནི་ཁོང་གིས་བོན་གྱི་ཆོས་ལུགས་སམ། ཞང་ཞུང་རིག་གནས་ལ་ཞིབ་འཇུག་བྱེད་པའི་སྟ་གོན་གྱི་ཐོག་མར་གྱུར་པ་རེད། སྤྱི་ལོ་1987ལོར་རྒན་ཚེ་རིང་ཐར་གྱིས་པེ་ཅིན་དུ་ལས་གནས་སྤར་ནས་བོན་གྱི་ཆོས་ལུགས་རིག་གནས་ལ་ཞིབ་འཇུག་གནང་བའི་ཕྱག་ལས་དོན་དུ་གཉེར་བ་མ་ཟད། སྤྱི་ལོ་1991ལོར་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་མངགས་གཏོང་བྱས་པ་ལྟར་དབྱི་ཐྲ་ལིའི་ནཱ་པོ་ལེ་ཟི་ཤར་ཕྱོགས་སློབ་གྲྭ་རུ་ཕེབས་ལ། 1993ལོར་དབྱིན་ཇི་ལ་ཕེབས་ནས་དབྱིན་ཡིག་སློབ་གཉེར་གནང་ཞིང་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས།
འདི་ལྟར་མདོ་སྨད་ཁྲི་ཀའི་ཡུལ་ནས་ལམ་ལ་ཆས་པའི་བུ་ཆུང་ཞིག་གིས་གཞན་དྲིང་མི་འཇོག་པའི་དཀའ་བ་དང་དུ་བླངས་ཏེ། བོད་ཀྱི་སྐད་དང་རིག་གནས་ལ་སྦྱངས་པ་དཔྱིས་ཕྱིན་པ་གནང་བའི་རྨང་གཞིའི་སྟེང་ལ། དབྱིན་ཡིག་དང་དབྱི་ཐྲ་ལའི་སྐད་ཡིག་སོགས་ལ་སྦྱང་བ་གང་ལེགས་གནང་བས་བོད་ཀྱི་རིག་གནས་སྤྱི་དང་། སྒོས་སུ་ཞང་ཞུང་རིག་གནས་འཛམ་གླིང་ཡོངས་སུ་སྤེལ་བའི་དུས་ཀྱི་ཕོ་ཉ་ལྟ་བུ་ཞིག་ལ་ཆགས།
གཉིས་པ། ཏི་སེའི་དབུ་འཕང་བཏེགས་པའི་ལེའུ།
ལོ་རབས་བརྒྱད་ཅུ་པའི་དུས་མགོར་མཚོན་ན། གངས་ཅན་རིག་གནས་སྤྱི་དང་སྒོས་སུ་ཆོས་ལུགས་རིག་གནས་ཞིབ་འཇུག་གི་ཁྱབ་ཁོངས་ནང་ནས་ཁོང་གིས་གསུངས་པ་ལྟར་ན། བོན་གྱི་ཆོས་ལུགས་དང་ཞང་ཞུང་རིག་གནས་ལ་ཞིབ་འཇུག་གནང་མཁན་ཧ་ཅང་ཉུང་ཉུང་ལས་མེད་པ་དང་། ད་དུང་གྲུབ་མཐའི་ཕྱོགས་ཞེན་གྱི་མཁའ་དབུགས་སྟུག་པོ་ཞིག་གི་འོག་ནས་བོན་གྱི་ཆོས་ལུགས་དང་ཞང་ཞུང་རིག་གནས་ལ་ཞིབ་འཇུག་བྱེད་པའི་ཐད་ནས་དཀའ་ཁག་མང་པོ་གནས། དེར་བརྟེན་དམིགས་བསལ་གྱི་ལོ་ཟླ་དེ་ཡི་ནང་ལ། བོན་གྱི་རིག་གནས་ཞིབ་འཇུག་གི་ལས་དོན་ལ་ཞུགས་ན་གཞན་ལས་ཁྱད་དུ་འཕགས་པའི་རྣམ་དཔྱོད་ཀྱི་རྩལ་ཞིག་འཛོམས་དགོས་པ་མ་ཟད། དེ་ལས་ཀྱང་གལ་ཆེ་བ་ནི་རིག་པའི་དཔའ་བོ་ཞིག་བྱེད་པའི་སྤོབས་པ་དང་ཆོད་སེམས་ཀྱང་ཡོད་དགོས། 1987ལོར་རྒན་ཚེ་རིང་ཐར་གྱིས་འདི་ལྟར་སྙིང་སྟོབས་གསོན་པོ་ཞིག་དང་ཕུགས་འདུན་བརྟན་པོ་ཞིག་ཐུགས་ལ་བཅངས་ནས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལ་ཕེབས། བགྲང་བྱ་ཉི་ཤུ་ཙམ་གྱི་རིང་ལ། ཁོང་ཉིད་ཆོལ་གསུམ་ཁ་བའི་ཡུལ་གྱི་དགོན་སྡེ་སོ་སོ་ལ་ཕེབས་ནས་ཡུལ་དངོས་སུ་བརྟག་དཔྱད་གནང་བ་དང་། དུས་རབས་རིམ་བྱོན་གྱི་མཁས་པ་སོ་སོའི་གསུང་རྩོམ་ལ་བློ་དང་རིག་པས་དཔྱད་ཞིབ་མཛད་ལ། རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ཆེད་ལས་མཁས་པ་སོ་སོ་དང་མཉམ་དུ་ཡང་ཡང་དཔྱད་གླེང་བགྱིས་པའི་འོག་ནས། སྔ་རྗེས་སུ་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག དབྱི་ཐྲ་ལིའི་ཡི་གེ་སོགས་ཀྱི་ཐོག་ནས་《གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་གྱི་བྱུང་བ་ལ་དཔྱད་པ།》དང་། 《གནའ་རབས་ཞང་ཞུང་གི་ཤེས་རིག་ལ་བསྐྱར་དུ་དཔྱད་པ།》 《བོན་གྱི་ལྟེ་གནས་གསར་པ་ཤར་རྫ་རི་ཁྲོད།》 《བོད་ཀྱི་བོན་བསྟན་དང་བན་བོན་གཉིས་བར་གྱི་འབྲེལ་བ།》ཞེས་པ་སོགས་ཀྱི་རིག་གཞུང་དཔྱད་རྩོམ་གང་མང་ཞིག་སྤེལ་བ་མ་ཟད། གཞན་ད་དུང་《བོན་གྱི་ལོ་རྒྱུས་མདོར་བསྟན་གནད་ཀྱི་ཕྲེང་བ།》སོགས་ཀྱི་གསུང་རྩོམ་གསར་དུ་བརྩམས་པ་དང་པོད་ཉེར་ལྔའི་བདག་ཉིད་ཅན་གྱི་《གངས་ཏི་སེའི་བོན་གཞུང་།》ཞེས་པ་སོགས་ཀྱི་དཔེ་ཚོགས་རྩོམ་སྒྲིག་གནང་ལ། རྒྱལ་སྤྱིའི་བོན་ཆོས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་སོགས་ཀྱི་ལས་འགན་ཕྲག་ལ་བླངས་པས། བོན་གྱི་ཆོས་ལུགས་སམ་ཞང་ཞུང་རིག་གནས་ཞིབ་འཇུག་གི་ཐད་ནས་ལྗིད་ཏིག་ཏིག་གི་གྲུབ་འབྲས་བླངས་ཏེ། བསིལ་ལྡན་གངས་རིའི་ལྗོངས་འདི་མ་ཟད། འཛམ་གླིང་ཡོངས་ཀྱི་ཞང་ཞུང་རིག་གནས་ཞིབ་འཇུག་ལ་མཚོན་ན། ཕྱོགས་ཞེན་གྱི་རླུང་བུས་མ་འཁྱེར་བ་དང་། ངན་ཞེན་གྱི་འཚུབ་མས་མ་བཟུང་བར་བདེ་བླག་ངང་གོང་དུ་འཕེལ་བའི་ཐད་ནས་མཛད་རྗེས་བླ་ན་མེད་པ་བཞག་ཡོད།
གསུམ་པ། ཁ་བའི་མེ་ཏོག་སྐྱོང་བའི་ལེའུ།
གལ་སྲིད་རྒན་ཚེ་རིང་ཐར་ལགས་ཀྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་བགྲང་བྱ་ཉི་ཤུ་ལྷག་གི་རིང་ལ་བོན་གྱི་ཆོས་ལུགས་སམ་ཞང་ཞུང་རིག་གནས་ལ་ཞིབ་འཇུག་གནང་བ་ནི་བོད་པའི་རིག་གནས་ཀྱི་ཆུ་མགོ་གངས་ལ་གཏད་པའི་སྤྱོད་སྟངས་ཤིག་ཡིན་ན། 2006ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཕེབས་ནས་དགེ་རྒན་གྱི་ཕྱག་ལས་གནང་བ་ནི་བོད་པའི་རིག་གནས་ཀྱི་ཆུ་རྒྱུན་རིང་དུ་སྲིང་བའམ། ཆུ་རྔ་རྒྱ་མཚོར་གཏད་པའི་ཕུགས་འདུན་ཆེན་པོ་ཞིག་ག་ལ་མིན། ང་ཚོས་འདི་ལྟར་གླེང་དགོས་པའི་རྒྱུ་མཚན་ནི། རྒན་ཚེ་རིང་ཐར་ལགས་ཀྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཕྱག་ལས་གནང་བའི་རིང་ལ་རང་གི་ཉེ་འཁོར་ན་བོན་ཆོས་རིག་གནས་ལ་ཞིབ་འཇུག་བྱེད་པའི་དཔུང་རོགས་དང་བསྡོངས་གྲོགས་ཤིག་མེད་པ་དེས་དཔའ་བོ་ཁེར་རྒྱུག་གི་སྣང་བ་ཞིག་ངང་གིས་སྟེར་ལ། ཁྱད་པར་དུ་བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་བོན་གྱི་ཆོས་ལུགས་སམ་ཞང་ཞུང་རིག་གནས་བདེ་བླག་ངང་གོང་འཕེལ་ཡོང་བའམ། ཡང་ན་ནམ་ཡང་ཉམས་པ་མེད་པར་ཆུ་བོའི་རྒྱུན་ལྟར་རིང་དུ་བསྲིང་དགོས་ན། སྐྱེས་བུ་གང་རུང་ཞིག་གི་སྒེར་གྱི་བློ་གྲོས་དང་སྟོབས་ཤུགས་རྐྱང་བ་ཙམ་གྱིས་གཏན་ནས་མི་འདང་བས། ཕུགས་ཀྱི་འདུན་མ་གཅིག་ལ་བབས་པའི་སྐལ་ལྡན་གྱི་སློབ་བུ་མང་དུ་བསྐྱངས་ནས་མཛུབ་མོ་ལྔ་བཅངས་ཁུ་ཚུར་གྱི་དཔེ་ལྟར་ཚང་མས་མཉམ་དུ་འབད་བརྩོན་བྱེད་དགོས་པའི་ཐུགས་འདུན་དྲག་པོ་ཞིག་བྱུང་བས། ད་གཟོད་དགེ་རྒན་གྱི་ལས་གནས་ལ་བསྐྱར་དུ་ཞུགས།
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་ལྟ་བུར་མཚོན་ན། བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས། སྐད་ཡིག རྩོམ་རིག ལོ་ཙཱ་སོགས་རིག་པའི་གནས་མཐའ་དག་ལ་སློབ་གཉེར་བྱེད་པའི་ཤེས་བྱའི་ལྡིང་ཁང་ཞིག་ཡིན་པ་དང་། ཁྱད་པར་དུ་མདོ་དབུས་ཁམས་གསུམ་གྱི་མི་རིགས་སློབ་འབྲིང་སོ་སོའི་ཕུལ་བྱུང་སློབ་མ་བརྒྱ་ཡི་ནང་ནས་བདམས་པ་དང་སྟོང་གིས་ནང་ནས་བསལ་ཡོང་བའི་བློ་གྲོས་ཅན་དང་བརྩོན་འགྲུས་ཅན། ཕུགས་བསམ་ཅན་རྣམས་རང་རང་གི་སྦྱངས་འབྲས་ལ་བརྟེན་ནས་རིག་པའི་དགའ་ཚལ་འདི་རུ་ལས་ཀྱིས་འཛོམས་ཡོད་པས། སློབ་གླིང་འདི་ལྟ་བུ་ཞིག་གི་དབུ་ཁྲིད་ཀྱི་འགན་བཞེས་པའི་ཆ་ནས། གངས་ཅན་རིག་གནས་ཀྱི་ཆགས་འཇིག་དང་དར་རྒུད་ལ་ཐུགས་འདང་རྒྱག་དགོས་པ་མ་ཟད། བོད་རིགས་སློབ་མས་བོད་ཀྱི་སྤྱི་ཚོགས་ལ་ཅི་ལྟར་ཞབས་འདེགས་ཞུ་བ་དང་། དེ་ཡི་གོ་རིམ་ཁྲོད་ནས་སློབ་མ་རང་རང་གི་མི་ཚེའི་རིན་ཐང་ཅི་ལྟར་མངོན་འགྱུར་ཐུབ་པའི་སྐོར་ལ་དེ་བས་ཀྱང་ཐུགས་འདང་ཟབ་མོ་རྒྱག་པའི་ལས་འགན་ལྕི་མོ་ཞིག་ཕྲག་ལ་ལྷུང་ཡོད་པས། ཁོང་གིས་བོད་རིགས་སློབ་མ་རྣམས་ལ་བོན་གྱི་རིག་གནས་རྐྱང་རྐྱང་ལ་ཞིབ་འཇུག་བྱེད་དགོས་པའི་ལྟ་བ་མཁྲེགས་པོ་ཞིག་བཏོན་མེད་ལ། བོད་ཀྱི་སྐད་ཡིག་རྐྱང་བ་ལ་བརྟེན་ནས་རང་རིགས་ཀྱི་རིག་གནས་འཛིན་སྐྱོང་བྱེད་པའི་རེ་འདུན་བཙན་པོ་ཞིག་ཀྱང་བཏོན་མེད་པར། དུས་རབས་ཉེར་གཅིག་པའི་གོམ་ཁ་ཚུར་ལ་སྤོས་ནས་བགྲང་བྱ་བཅུ་ལྷག་ཕྱིན་པའི་དུས་འདིར། ཆ་འཕྲིན་རིག་གནས་ཀྱི་ཚ་རླབས་དགུང་དུ་འཕྱུར་ནས་གླིང་ཆེན་ལྔ་ལས་གྲུབ་པའི་ས་ཡི་གོ་ལ་འདི་ཡང་གྲོང་སྡེ་ཆུང་ཆུང་ལྟ་བུ་ཞིག་ལ་ཆགས་ནས། རྒྱལ་ཁབ་སོ་སོ་བར་གྱི་ཕན་ཚུན་འགྲོ་འོང་དང་། མི་རིགས་སོ་སོའི་བར་དུ་རིག་གནས་སྤེལ་རེས་བྱེད་པའི་གནས་བབ་གསར་པའི་འོག་ནས། ཕྱི་རབས་གཞོན་སྐྱེས་རྣམས་ནི་ཁ་ནང་ལ་འཁོར་ན་བོད་ཀྱི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པ་དང་། ཁ་ཕྱི་ལ་གཏད་ན་བོད་པའི་རིག་གནས་འཛམ་གླིང་ཡོངས་སུ་སྤེལ་བའི་དུས་ཀྱི་ཕོ་ཉ་ལྟ་བུ་ཞིག་ལ་ཆགས་པའི་རེ་འདུན་ཡིད་ལ་བཅངས་ནས་བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་སྐད་གཉིས་སློབ་གསོ་དམ་འཛིན་བྱས།
སྐད་གཉིས་སློབ་གསོ་སྤེལ་བའི་གོ་རིམ་ཁྲོད་ནས་རྒན་ཚེ་རིང་ཐར་ལགས་ཀྱིས་ནམ་ཡང་བོད་ཀྱི་རིག་གནས་ཀྱི་དར་རྒུད་དང་འབྲེལ་ཞིང་། དངོས་ཡོད་ལག་ལེན་གྱི་ཁྲོད་ནས་ར་སྤྲོད་བྱུང་བའི་བསྡོམས་ཚིག་བརྟན་པོ་ཞིག་ཁྱབ་བསྒྲགས་གནང་བཞིན་ཡོད། དེ་ནི་བོད་རིགས་སློབ་མ་ཞིག་ཡིན་པའི་ངོས་ཐད་ནས་ཐོག་མར་བོད་ཀྱི་སྐད་དང་རིག་གནས་ལ་སློབ་གཉེར་བྱ་རྒྱུ་ནི་མི་རིགས་དང་དུས་རབས་ཀྱིས་ང་ཚོ་ལ་སྤྲད་པའི་འགན་འཁྲི་ཞིག་ཡིན་ལ། བོད་ཀྱི་སྐད་དང་ཡི་གེ་ལ་སྦྱངས་པ་དཔྱིས་ཕྱིན་པ་བྱུང་བའི་རྨང་གཞིའི་སྟེང་ནས་མི་རིགས་གཞན་གྱི་སྐད་ཡིག་དང་ཆེད་ལས་ཤེས་བྱ་སློབ་གཉེར་བྱས་ན་ཚན་རིག་དང་མཐུན་ཞིང་དུས་རབས་ཀྱི་དགོས་མཁོ་དང་འཚམ་པའི་གདམ་གསེས་ཡག་ཤོས་ཡིན་པའི་ངོས་འཛིན་གནང་།
འདི་ལྟ་བུའི་ཚད་གཞི་ཞིག་གཏན་ལ་ཕབ་པ་དང་འདི་ལྟ་བུའི་ཐ་ཚིག་ཅིག་གཞན་ལ་བསྒྲག་དགོས་ན་དེ་འདྲའི་དཀའ་མོ་ཞིག་མ་ཡིན་རུང་། ཚད་གཞི་འདི་རང་སྟེང་ནས་ལག་ལེན་དུ་བསྟར་བ་དང་། ཐ་ཚིག་འདི་རང་ངོས་ནས་ར་སྤྲོད་འབྱུང་དགོས་ན་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། འོན་ཀྱང་རྒན་ཚེ་རིང་ཐར་ལགས་ཀྱིས་བོད་ཀྱི་སྐད་གཉིས་སློབ་གསོའི་བྱ་གཞག་ཅི་ལྟར་སྐྱོང་བའི་ཐད་ནས་རེ་བའི་ཡོད་ཚད་སྟོང་བའི་མཁའ་ལ་མ་བཅོལ་བར་རང་གི་སློབ་གཉེར་གྱི་གོ་རིམ་ཁྲོད་ནས་ར་སྤྲོད་བྱས་པ་མ་ཟད། ཁྱད་པར་དུ་སྐུ་ཉིད་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་གཅེས་པའི་བུ་མོ་ཡང་ལེ་དབར་ཁྲི་ཕྲག་གིས་བཅད་པའི་ཕ་ཡུལ་ཁྲི་ཀ་རྫོང་དུ་མངགས་ནས། བོད་ཀྱི་སྐད་དང་ཡི་གེ་ལ་བསླབ་གཉེར་བྱེད་དུ་བཅུག འདི་ལས་ང་ཚོས་གྲོང་ཁྱེར་དུ་ལུས་པའི་བོད་པ་རྣམས་ལ་དྲན་སྐུལ་གྱི་ཅོང་སྒྲ་ཞིག་བསྒྲགས་པ་མ་ཟད། རྟོགས་སད་ཀྱི་འབོད་སྐུལ་ཞིག་ཀྱང་བཏང་། གནས་ཚུལ་འདི་གླེང་ཡོང་བའི་ཚེ་ན། ནམ་རྒྱུན་རྒན་ཚེ་རིང་ཐར་གྱིས་ཧ་ཅང་ཁེངས་སྐྱུང་གི་སྒོ་ནས་གཙོ་བོ་བུ་མོ་རང་ལ་མི་གཞི་ཆ་ཚང་ཞིག་དང་མི་གཤིས་ཚད་ལྡན་ཞིག་ཡོང་བའི་དགོས་པར་དམིགས་ནས་ཕ་ཡུལ་དུ་མངགས་པ་ཡིན་ཞེས་གསུངས། དེ་ལས་ང་ཚོས་ངང་ངམ་ཤུགས་ཀྱིས་བོད་སྐད་ཡིག་རྨང་གཞིར་བཟུང་བའི་སྐད་གཉིས་སློབ་གསོའི་ལམ་ལ་ཞུགས་པ་ནི། མི་རིགས་དང་རྒྱལ་ཁབ་ལ་ཕན་པའི་བྱ་བ་རླབས་ཆེན་ཞིག་ཡིན་པ་མ་ཟད། རང་གིས་ཕ་ཨ་ཁུ་ངོ་ཤེས་པ་དང་བུ་ཚ་བོར་རྟེན་སྐལ་འཇོག་པའི་སྤྱོད་སྟངས་ཤིག་དང་། འཇིག་རྟེན་གྱི་ཁམས་འདི་ནས་མི་གཞི་ལེགས་པོ་ཞིག་གྲུབ་པའི་དངོས་ཡོད་ཀྱི་དགོས་མཁོ་གལ་ཆེན་ཞིག་ཡིན་པའང་གཞི་ནས་རྟོགས།
འདི་ལྟར་མདོ་སྨད་ཁྲི་ཀའི་ཡུལ་ནས་རྡོག་ཁྲེས་ལྕི་མོ་ཞིག་ཕྲག་ལ་བླངས་ཤིང་རྒྱབ་ལ་འཁུར་ནས་ལམ་ལ་ཆས་པའི་བུ་ཆུང་ཞིག་གིས་བྱམས་ལྡན་མ་ལོའི་ནུ་རིན་དང་སྦྲང་དཀར་རྩམ་པའི་ཟས་རིན་འཇལ་བའི་ཆེད་དུ་དཀའ་སྡུག་ལ་མགོ་མ་སྒུར་ཞིང་ཐེ་ཚོམ་གྱི་རྒྱ་རུ་མ་ཚུད་པར་མེས་པོའི་ལོ་རྒྱུས་ཀྱི་གསང་བའི་ཁུངས་སྣེ་རེ་རེ་ཡི་མཐིལ་བརྟོལ་བས། རེ་ཞིག་ཕྱོགས་ཞེན་གྱིས་སྨུག་སྤྲིན་སྟུག་པོ་ཞིག་གི་འོག་ནས་ལ་བག་ལ་ཞ་བའི་གངས་དཀར་ཏི་སེའི་དབུ་འཕང་དགུང་ལ་བཏེགས་པ་མ་ཟད། གངས་ཅན་རིག་གནས་ཀྱི་ཆུ་རྒྱུན་རིང་དུ་བསྲིངས་པའི་ཕྱག་ལས་དོན་དུ་གཉེར་ནས་ཁ་བའི་མེ་ཏོག་བྱམས་ཀྱིས་བསྐྱངས་པའི་བཀའ་དྲིན་འོག་ལ། ད་ལྟ་འཛམ་གླིང་གི་ཡུལ་གྲུ་སོ་སོ་དང་། ཁྱད་པར་དུ་བསིལ་ལྡན་གངས་རིའི་ལྗོངས་འདིར་བོད་པའི་རིག་གནས་ཀྱི་འདབ་ལག་ལྷུག་གེར་གྲོལ་བ་དང་དགའ་བའི་ཟེའུ་འབྲུ་སྨིན་དང་སྨིན་བཞིན་པ་བདག་ཅག་གི་རྣ་བའི་གསོས་དང་མིག་གི་དཔྱིད་དུ་སྨིན། དེ་བས་ང་ཚོས་ལག་ཟུང་ཐལ་མོ་སྦྱར་ནས་སྐྱེས་མཆོག་འདི་དང་འདི་ལྟ་བུ་ཐམས་ཅད་ཀྱི་སྐུ་གཟུགས་བདེ་ཐང་དང་མཛད་འཕྲིན་ཡར་རྒྱས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུའོ། །།