བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཆོག་བཞུགས་སྒར་དྷ་སར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་འབྱོར་བྱུང་།

བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུ་ཛེ་ར་ཛི་ཡ་མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་གཞུང་འབྲེལ་མི་སྣའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་རམ་ས་ལར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་འབྱོར་བྱུང་།

 

དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཙམ་གྱི་སྟེང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུ་ཛི་ར་ཛེ་ཡ་(Uzra Zeya) མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་གཞུང་འབྲེལ་མི་སྣའི་སྐུ་ཚབ་ཚོགས་ཆུང་ཞིག་གྷ་གྷལ་གནམ་ཐང་བརྒྱུད་བཞུགས་སྒར་དྷ་རམ་ས་ལར་འཚམས་གཟིགས་སུ་ཕེབས་འབྱོར་བྱུང་བ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་བཀའ་བློན་རྣམ་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་གི་དྲུང་ཆེ་རྣམ་པ་དང་སྲི་ཞུའི་ལས་བྱེད་རྣམས། བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་སོང་།

 

ལྕམ་ཨུ་ཛི་ར་ཛེ་ཡ་མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་སྐུ་ཚབ་ཚོགས་ཆུང་འདི་ནི། ཇོ་བྷའེ་ཌན་མཆོག་ཨ་རིའི་སྲིད་འཛིན་དུ་ཆགས་རྗེས་ཀྱི་ཨ་རིའི་གཞུང་འབྲེལ་མི་སྣའི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་པ་ཐོག་མ་ཆགས་ཀྱི་ཡོད་པ་ལྟར། ཐེངས་འདིའི་འཚམས་གཟིགས་ཀྱི་ལས་རིམ་ལས། དེ་རིང་སྔ་དྲོར་བཀའ་དྲུང་ཡིག་ཚང་དང་བོད་ཀྱི་འགྲེམས་སྟོན་ཁང་། ཆེས་མཐོའི་ཁྲིམས་ཞིབ་ཁང་དང་བོད་ཀྱི་དཔེ་མཛོད་ཁང་བཅས་སུ་གཟིགས་ཞིབ་གནང་སོང་བ་དང་། ཉིན་རྒྱབ་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་ནས་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་ལ་ཐུག་འཕྲད་ཀྱིས། སྤྱི་འཐུས་ལྷན་ཁང་དུ་གཟིགས་ཞིབ་གནང་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་ ༥ སྟེང་ (hyatt regency) གསོལ་མགྲོན་ཁང་དུ། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་དང་ཐུག་འཕྲད་གྲུབ་མཚམས། ཕྱི་དྲོའི་ཆུ་ཚོད་ ༦།༤༥ སྟེང་བོད་ཀྱི་ཟློས་གར་ཚོགས་ཁང་དུ་ཕེབས་ནས་བོད་ཀྱི་རིག་གཞུང་འཁྲབ་སྟོན་ཁག་ཅིག་ལ་གསན་གཟིགས་གནང་རྒྱུ་ཡིན་པ་རེད།

 

སང་ཞོགས་ཆུ་ཚོད་ ༧།༣༠ སྟེང་ཨ་རིའི་གཞུང་འབྲེལ་སྐུ་ཚབ་ཚོགས་ཆུང་དེར་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་༧གོང་ས་མཆོག་གིས་མཇལ་ཁ་སྩལ་རྒྱུ་ཡིན་པ་དང་། དེ་རྗེས་ཆུ་ཚོད་ ༡༠ སྟེང་བོད་ཕྲུག་ཁྱིམ་སྡེ་རུ་གཟིགས་ཞིབ་གནང་རྒྱུ་དང་། དེ་རྗེས་ཆུ་ཚོད་ ༡༡།༣༠ སྟེང་ཨ་རིའི་རོགས་ཚོགས་ཀྱི་ལས་གཞིའི་འོག་བོད་ཀྱི་ཐེབས་རྩ་དང་བོད་མིའི་སྒྲིག་འཛུགས་བརྒྱུད་སློབ་ཡོན་ཐོབ་པའི་བོད་རིགས་གཞོན་སྐྱེས་ཁག་ཅིག་དང་ལྷན་དུ་གྲོས་མོལ་གནང་རྒྱུ། ཉིན་རྒྱབ་ཆུ་ཚོད་ ༤ སྟེང་ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་དུ་གཟིགས་ཞིབ་གྲུབ་མཚམས། ཆུ་ཚོད་ ༥།༣༠ སྟེང་རྒྱུད་སྟོད་གྲྭ་ཚང་དུ་ཕེབས་གཏན་ཁེལ་ཡོད་འདུག་ལ། ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༦།༢༠ སྟེང་བཞུགས་སྒར་ཕེབས་ཐོན་གྱིས། ཆུ་ཚོད་ ༨ སྟེང་གྷ་གྷལ་གནམ་ཐང་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་གཏན་ཁེལ་འདུག

བོད་ཀྱི་དུས་བབ་ལས་དྲངས།

About རྩོམ་སྒྲིག་པ།