བོད་ཀྱི་སྟོད་ལུང་བདེ་ཆེན་རྫོང་ཁོངས་ནས་ལོ་ངོ་ ༡,༦༩,༠༠༠ ནས་ ༢,༢༦,༠༠༠ བར་དུ་བྱུང་བའི་བྱིས་པ་ཞིག་གི་ལག་རྗེས་ལྔ་དང་རྐང་རྗེས་རྙེད་སོན་བྱུང་ཡོད་པ་དང་རྗེས་ཤུལ་དེ་ནི་ད་བར་ཤེས་རྟོགས་བྱུང་བའི་བྲག་བརྐོས་རི་མོས་མཚོན་པའི་གནའ་མིའི་རི་མོའི་སྒྱུ་རྩལ་ཐོག་མ་དེ་ཆགས་ཡོད་སྐོར་བརྗོད་འདུག
ཚན་རིག་གི་དུས་དེབ་སྐོར་ཞིག་ནང་གནས་ཚུལ་ཐོན་པར་གཞིགས་ན། ཉེ་སྔོན་རྒྱལ་སྤྱིའི་ཚན་རིག་པ་དང་གནའ་རྫས་རྟོག་ཞིབ་པའི་རུ་ཁག་ཅིག་གིས། བོད་ཀྱི་རྒྱལ་ས་ལྷ་སའི་བྱང་ངོས་སུ་ཆགས་པའི་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་གཏོགས་པའི་ཆུ་བཟང་གྲོང་ཚོ་རུ་གནའ་རྫས་འཚོལ་ཞིབ་བྱས་པ་བརྒྱུད། གྲོང་ཚོ་དེའི་ཆུ་བཟང་ཆུ་མིག་ཉེ་འགྲམ་ནས་ལོ་ངོ་ ༡,༦༩,༠༠༠ ནས་ ༢,༢༦,༠༠༠ བར་དུ་བྱུང་བའི་སྤྲ་མིའི་ལག་རྗེས་ལྔ་དང་རྐང་རྗེས་རྙེད་སོན་བྱུང་ཡོད་ཅིང་། རྐང་ལག་གི་རྗེས་ཤུལ་དེ་དག་ནི་ད་བར་ཤེས་རྟོགས་བྱུང་བའི་བྲག་བརྐོས་རི་མོས་མཚོན་པའི་གནའ་མིའི་རི་མོའི་སྒྱུ་རྩལ་ཐོག་མ་དེ་ཆགས་ཡོད་སྐོར་བསྒྲགས་འདུག
ཞིབ་འཇུག་པ་རྣམས་ཀྱིས་རྐང་ལག་གི་རྗེས་ཤུལ་ཀྱི་བཟོ་དབྱིབས་ལ་བལྟས་ན། རྗེས་ཤུལ་དེ་དག་ནི་ལོ་ན་ ༧ ནས་ ༡༢ དབར་གྱི་བྱིས་པའི་རྗེས་ཤུལ་ཡིན་པ་ཚོད་དཔག་བྱས་འདུག་ཅིང་། གནའ་བོའི་སྤྲ་མིའི་(Hominin)ཁོངས་སུ་གཏོགས་པའི་བྱིས་པ་དེ་དག་གིས་བསམ་བཞིན་དུ་རྗེས་ཤུལ་དེ་དག་བཀོད་ཡོད་སྟབས། དེ་དག་ནི་འཛམ་གླིང་གི་གནའ་བོའི་རི་མོའི་སྒྱུ་རྩལ་ཁོངས་སུ་བརྩི་ཆོག་པ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་འདུག ད་ལྟ་རྐང་ལག་གི་རྗེས་ཤུལ་ཕོག་པའི་རྡོ་དེ་དག་ནི་དེ་སྔ་ཆུ་མིག་གི་རྐྱེན་པས་གྲུབ་པའི་ས་དཀར་གྱི་རྡོ་ཐལ་འདམ་གྱི་རྣམ་པར་ཡོད་པ་ཞིག་ཡིན་ཞིང་། རིམ་པས་འདམ་བག་དེ་ཉིད་རྡོར་གྱུར་བར་བརྟེན་རྐང་ལག་གི་རྗེས་ཤུལ་དེ་དག་ཉར་ཚགས་ཐུབ་པ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་འདུག དེ་བཞིན་ད་ཐེངས་རྙེད་སོན་བྱུང་བའི་མིའི་རྐང་ལག་གི་རྗེས་ཤུལ་དེ་དག་ནི་བོད་མཐོ་སྒང་དུ་མིའི་རིགས་བྱུང་བའི་དཔང་རྟགས་རྙིང་ཤོས་དེ་ཡང་ཆགས་ཡོད་འདུག
ཞིབ་འཇུག་གྲུབ་དོན་གྱི་རྩོམ་པ་པོའི་གྲས་སུ་ཡོད་པའི་ཨ་རིའི་ཁོར་ནེལ་གཙུག་ལག་སློབ་གྲྭ་ཆེན་མོའི་ (Cornell University) ཚན་རིག་པ་ཐོ་མ་སི་ཨར་བྷན་ (Thomas Urban) གྱིས། གོམ་པ་སྤོ་བ་དང་རྒྱུག་པ། མཆོང་བ་ལྟ་བུའི་རྒྱུན་ལྡན་གྱི་བྱ་འགུལ་ཁྲོད་དུ་རྐང་རྗེས་འཇོག་ཚུལ་དེ་ཤེས་སླ་བའི་གནད་དོན་ཞིག་ཡིན་ནའང་། ད་ལན་གྱི་རྗེས་ཤུལ་དེ་དག་ནི་གཟབ་ནན་གྱིས་བཞག་པ་ཡིན་པ་རེད། དེ་ནི་བྱིས་པ་ཞིག་གིས་ཧ་ཅང་གཟབ་ནན་གྱིས་ཨར་འདམ་གསར་པའི་སྟེང་ལག་རྗེས་འཇོག་པ་དང་གཅིག་མཚུངས་རེད། ཅེས་བརྗོད་ཡོད་འདུག་ལ། རྐང་ལག་གི་རྗེས་ཤུལ་དེ་དག་གནའ་བོའི་རི་མོའི་སྒྱུ་རྩལ་ཁོངས་སུ་ཚུད་མིན་ཐད་ལ། གནའ་བོའི་རྐང་རྗེས་སོགས་ཀྱི་སྐོར་ལ་ཆེད་མཁས་པ་ཡིན་པའི་ས་ཁམས་རིག་པ་བ་མེ་ཐིའུ་བྷེ་ནེཌ་(Matthew Bennett)གྱིས། རྐང་ལག་གི་རྗེས་ཤུལ་དེ་དག་རྒྱུན་ལྡན་གྱི་བྱ་འགུལ་ཁྲོད་ནས་བྱུང་བ་ཞིག་མིན་པར་བསམ་བཞིན་དུ་བཞག་པ་ཞིག་ཡིན་པ་དེ། རྐང་རྗེས་ལག་རྗེས་དེ་དག་གཅིག་ཐོག་ཉིས་རྩེག་ལྟ་བུ་བྱུང་མེད་པ་དེས་ཤེས་ཐུབ་པ་ཞིག་ཡིན་སྐོར་དང་། གནའ་བོའི་རི་མོའི་སྒྱུ་རྩལ་དུ་བརྩི་མིན་དེ་སྒེར་གྱི་འགྲེལ་བརྗོད་བྱེད་སྟངས་ལ་རག་ལས་པ་ཞིག་ཡིན་ནའང་། གནའ་བོའི་སྐད་ཡིག་དང་ཆོས་ལུགས། རི་མོ་རྣམས་ནི་ད་ལྟ་དང་བསྡུར་ན་ཧ་ཅང་སྟབས་བདེ་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་འདུག ཡང་ཞིབ་འཇུག་པ་ཞིག་གིས་སྤྱིར་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོའི་ནང་རྐང་རྗེས་རྙེད་པ་མང་པོ་ཡོད་ཀྱང་། ལག་རྗེས་རྙེད་རྒྱུ་དེ་ཅུང་དཀོན་པོ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག
ད་ལན་གྱི་ཞིབ་འཇུག་གྲུབ་དོན་གྱི་གནད་འགག་ཅིག་ནི་རྐང་ལག་གི་རྗེས་ཤུལ་འཇོག་མཁན་དེ་དག་མིའི་རིགས་གང་དུ་གཏོགས་མིན་དེ་ཡིན་པ་རེད། ཚན་རིག་པ་སྐོར་ཞིག་གིས་ཁོ་ཚོ་དེང་རབས་ཀྱི་འགྲོ་བ་མིའི་རིགས་སུ་གཏོགས་པའི་སད་མི་(homo Sapiens) ཡིན་མིན་དང་། ཡང་ན་ད་ལྟ་རྩ་སྟོང་དུ་ཕྱིན་ཟིན་པའི་མིའི་རིགས་ཤིག་ཡིན་མིན་ཐད་དོགས་སློང་བྱེད་ཀྱིན་འདུག་ལ། ཡང་སྐོར་ཞིག་གིས་ཉེ་ལམ་བོད་མཐོ་སྒང་ནས་གདོད་མའི་མིའི་རིགས་ཌེ་ནི་སཱོ་ཝན་ (Denisovans) ཡི་འགྲམ་རུས་རྙེད་སོན་བྱུང་བ་དེ་དང་འབྲེལ་བ་ཡོད་སྲིད་པའི་ཚོད་དཔག་བྱས་ཡོད་འདུག
ད་ལྟའི་བར་གནའ་བོའི་རི་མོ་སྒྱུ་རྩལ་རྙེད་སོན་བྱུང་ཁྲོད་ནས་རྙིང་ཤོས་དེ་ཨེ་ཤ་ཡའི་མཚོ་གླིང་རྒྱལ་ཕྲན་ཨིན་ཌོ་ནེ་ཤི་ཡ་ (Indonesia) ཡི་སུ་ལ་ཝེ་སི་ (Sulawesi) ཞེས་པའི་ས་ཁུལ་གྱི་བྲག་ཕུག་ནས་རྙེད་སོན་བྱུང་བའི་ཕག་པ་དང་ལག་རྗེས་ཀྱི་རི་མོ་དེ་ཉིད་ཡིན་ཞིང་། རི་མོ་དེ་ཉུང་མཐར་ལོ་ངོ་ ༤༥༥༠༠ ཡར་སྔོན་གྱི་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།
བོད་ཀྱི་དུས་བབ་ལས་དྲངས།