བོད་འདབ་པ་རྫོང་ནས་ལོ་ངོ་གཅིག་འབུམ་ལྷག་གི་གནའ་ཤུལ་རྙེད།

འདབ་པ་རྫོང་ནས་ལོ་ངོ་གཅིག་འབུམ་སུམ་ཁྲི་ཙམ་གྱི་གོང་ནས་ཡོད་པའི་གནའ་ཤུལ་ཞིག་རྙེད་དེ། དེའི་ཁྲོད་དུ་རྡོ་ཡིས་བཟོས་པའི་གདོད་མའི་མཚོན་ཆའི་རིགས་མང་པོ་ཞིག་ལག་སོན་བྱུང་ཡོད་འདུག

ཁ་སང་རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་ནག་གི་རིག་དངོས་ཚོགས་ཆུང་གིས་གནའ་རྫས་རྟོག་ཞིབ་ཀྱི་རྒྱ་ནག་ཅེས་པའི་ཚོགས་འདུ་ཞིག་བསྐོངས་འཚོགས་བྱས་ཏེ། རྒྱ་ནག་གིས་བགོས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་འདབ་པ་རྫོང་དུ་སྨི་གྲུ་བཞི་མ་ ༡༠༠ ཙམ་ཡོད་པའི་རྡོ་ཆས་རྙིང་པའི་ཕན་རོགས་(皮洛) གནའ་ཤུལ་ཞེས་པ་ཞིག་རྙེད་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་པ་དང་། གནའ་ཤུལ་དེ་ནས་གཏུབ་གྲི་སོགས་རྡོ་ཡིས་བཟོས་པའི་གདོད་མའི་མཚོན་རིགས་མང་པོ་ཞིག་རྙེད་ཡོད་འདུག

རྒྱ་ནག་གཞུང་ཕྱོགས་ཀྱི་ཉམས་ཞིབ་པ་ཚོས། བོད་མཐོ་སྒང་གི་ས་བབ་མཐོ་ཚད་སྨི་ ༣༧༥༠ ལྷག་ནས་རྙེད་པའི་ཕན་རོགས་གནའ་ཤུལ་དེ་ནི་ལོ་ངོ་གཅིག་འབུམ་སུམ་ཁྲིའི་གོང་ནས་ཆགས་ཡོད་པ་དང་། གནའ་ཤུལ་དེར་སྔོག་འདོན་དང་རྒྱུས་ལོན་ཉམས་ཞིབ་བྱས་པའི་ཁྲོད། དེ་རུ་སྟ་རེ་སོགས་རྡོ་ཡིས་བཟོས་པའི་གནའ་རྫས་ཁྲི་གཅིག་ཙམ་ལོན་ཡོད་སྟབས། ཁོང་ཚོས་བོད་མཐོ་སྒང་དུ་མི་ལོ་གཅིག་འབུམ་ཁྲི་གསུམ་གྱི་གོང་ནས་མིའི་རིགས་བྱུང་སྟེ། འཚོ་གནས་མགོ་བཙུགས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཕན་རོགས་གནའ་ཤུལ་ནས་རྡོ་ཆས་ཀྱི་མཚོན་རིགས་མི་འདྲ་བ་གསུམ་ཙམ་ལོན་ཡོད་པའི་ཁྲོད། རྡོ་ཡིས་བཟོས་པའི་གཏུབ་གྲི་དང་། གཞོག་ཆས་ཀྱི་རིགས། ཕྱེ་གཉིས་ཡོ་བྱད་ཆུང་གྲས་དང་རྡོ་ལེབ་རྡོ་ཆས་ཆུང་གྲས་རིགས་སོགས་གནའ་བོའི་རྡོ་ཆས་ཀྱི་མཚོན་རིགས་མང་པོ་ཞིག་ལག་སོན་བྱུང་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ཀྱིས་གནའ་རྫས་དེ་དག་ནི་འཛམ་གླིང་གི་རིག་གཞུང་དང་སྤྱི་ཚོགས་ཚན་རིག་གི་དོན་སྙིང་ལྡན་པའི་གནའ་ཤུལ་ཞིག་དང་། རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ཞིབ་འཇུག་གི་ཐད་ལའང་ཤུགས་རྐྱེན་ཐེབས་སྲིད་པའི་བསྒྲགས་གཏམ་སྤེལ་གྱི་ཡོད་པ་རེད།

ཡང་ཕྱི་ལོ ༢༠༡༩ ཟླ་བཞི་པའི་ནང་སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་གིས། སི་ཁྲོན་ནུབ་རྒྱུད་དུ་རྡོ་ཆས་རྙིང་མའི་དུས་སྐབས་ཀྱི་གནའ་རྫས་རྟོག་ཞིབ་བྱེད་སྐབས། བྲག་འགོ་རྫོང་ཁོངས་ནས་རྡོ་ཆས་རྙིང་པའི་ས་ཚིགས་དྲུག་རྙེད་པའི་ཁྲོད། སྲིབ་མོ་གྲོང་རྡལ་ངར་མེ་གྲོང་ཚོ་དང་། ཉི་མོ་ཡུལ་ཚོ་བྲག་མདའ་གྲོང་ཚོའི་ནས་རྡོ་བཟོས་སྟ་རེ་ཞིག་རྙེད་ཡོད་པ་དང་། སྟ་རེ་སྔོག་འཚོལ་བྱས་པ་དེས་བོད་དུ་མིའི་རིགས་གནས་སྤོ་དང་བརྗེ་རེས། མི་དང་ས་ཆའི་བར་གྱི་འབྲེལ་བ་བྱུང་སྟངས་སོགས་ལ་གོ་བ་གསར་པ་ལེན་པར་དོན་སྙིང་ཡོད་ཅིང་། བྲག་འགོ་ནས་སྔ་རྗེས་སུ་ལོ་ཁྲི་ལྔ་ཡིན་པའི་གནའ་མིའི་འགྱུར་རྡོ་དང་། ལོ་ཁྲི་གཉིས་དང་ཕྱེད་ཡིན་པའི་རྡོ་ཆས་གསར་མའི་གནའ་ཤུལ། དེ་བཞིན་ལོ་ངོ་སྟོང་ཕྲག་དུ་མ་ལོན་པའི་རྡོའི་པུར་སྒམ་གྱི་བང་སོ་བཅས་རྙེད་ཡོད་པ་རེད།

བོད་ཀྱི་དུས་བབ་ལས་དྲངས།

 

About རྩོམ་སྒྲིག་པ།