མདོ་སྨད་ཡུལ་གྱི་ཆུ་མིག་འགའ་ངོ་སྤྲོད།

ཆུ་གཙང་།

ཆུ་གཙང་ནི་ཆུ་མིག་ཅིག་སྟེ། ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་ན་ཡོད། ཡུལ་འདིའི་རྒན་རབས་པས་བཤད་པ་ལྟར་ན། གནས་འདིར་དཀར་ཕྱོགས་ཀྱི་ཀླུ་རིགས་གནས་པའི་ཆུ་མིག་ཁྱད་པར་ཅན་ཞིག་ཡོད་པ་དེར། རྒྱུན་དུ་དམར་སོགས་ལ་འཛེམས་ནས་དག་གཙང་གི་ཆོ་གར་འབྲེལ་ཏེ་མཆོད་བཀུར་བྱས་ན། དེས་དངོས་གྲུབ་གནང་བར་གྲགས་པས་མིང་ཡང་དེ་སྐད་དུ་ཐོགས།

ཐབ་ཆུ།

ཐབ་ཆུ་ནི་ཆུ་མིག་ཅིག་སྟེ། ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད། ཡུལ་དེ་གའི་རྒན་རབས་པའི་ཞལ་སྒྲོས་ལྟར་ན། སྔོན་དུས་ཨོ་རྒྱན་རིན་པོ་ཆེ་གནས་འདིར་ཚོགས་འཁོར་བསྐོར་དུ་ཕེབས་དུས། ཁོང་གིས་འདིར་རྫུ་འཕྲུལ་གྱིས་ཆུ་མིག་ཅིག་ཕྱིར་བཏོན་ཏེ། ཚོགས་འཁོར་གྱི་ཐབ་འཛིན་པའི་མཛད་པ་གནང་མྱོང་བས་མིང་ཡང་དེ་སྐད་དུ་ཐོགས་པར་གྲགས་སོ། །

ཀླུ་མང་།

ཀླུ་མང་ནི་ཆུ་མགོ་མང་ས་ཞིག་སྟེ། ཆོས་ཡུལ་ཚོ་སྲིད་གཞུང་གི་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་༣ ཙམ་གྱི་མཚམས་ན་ཡོད་ཅིང་། འདི་ན་ཀླུ་རིགས་གནས་སའི་ཆུ་མིག་མང་བས་མིང་ཡང་དེ་སྐད་དུ་ཐོགས།

About རྩོམ་སྒྲིག་པ།