ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།

ནང་ཆོས་དར་ཡུལ་སྤྱིར་འཛམ་གླིང་སྟེང་བོད་པ་གཅིག་པུ་མིན་པར་ཤྲི་ལང་ཀ་དང༌། འབར་མ། ཐའེ་ལནཌ་སོགས་སུ་ནང་པ་མང་པོ་ཡོད་ཅིང༌། དེ་བཞིན་རྒྱ་ནག་དང་ཉི་ཧོང་ལའང་ཡོད། གཞན་ཡང་ཀོ་རི་ཡ་དང༌། ཝེད་ནམ་སོགས་རྒྱལ་ཁབ་ཧ་ཅང་མང་པོ་ཡོད། རྒྱལ་ཁབ་དེ་དག་དང་ནུབ་ཕྱོགས་པར་སྔ་མོ་ནས་འབྲེལ་བ་ཆེན་པོ་བྱུང་ཡོད། ནང་པའི་ཡུལ་ལུང་མང་པོ་ཞིག་དབྱིན་ཇིའི་མི་སེར་སྤེལ་ཡུལ་དང༌། དེ་བཞིན་ཕ་རན་སིའི་མི་སེར་སྤེལ་ཡུལ་གྱི་འོག་ལ་བསྡད་པ་རེད། སྐབས་དེ་དུས་ནས་འབྲེལ་བ་ཧ་ཅང་ཡོད་ཀྱང་ནུབ་ཕྱོགས་པའི་ཚན་རིག་པའི་ནང་ནས་ནང་ཆོས་ནས་ཚུར་རིག་པ་བསླབ་རྒྱུའི་འབད་བརྩོན་བྱེད་མཁན་ཧ་ལམ་བྱུང་མེད། Einstein ཚན་རིག་པ་མཁས་པ་སྙན་གྲགས་ཆེན་པོ་དེས་ནང་ཆོས་ལ་དོ་སྣང་སླེབས་ཏེ་མ་འོངས་པར་ཚན་རིག་དང་ཆོས་མཉམ་དུ་འགྲོ་རྒྱུ་ཞིག་ཆགས་ཚེ། ནང་ཆོས་ཀྱིས་ཚན་རིག་དང་མཉམ་དུ་འགྲོ་གི་རེད་ཅེས་དེ་ལྟར་བཤད་ཡོད་པ་ལས་དེ་མིན་དམིགས་བསལ་ནང་ཆོས་ཀྱི་ནང་ནས་ཚན་རིག་པས་ཚུར་རེ་བ་བརྒྱབ་སྟེ་བསླབ་རྒྱུ་བྱུང་མྱོང་མེད།

 

འདས་པའི་ལོ་ཉི་ཤུ་རྩ་གྲངས་ནང་ད་གཟོད་བོད་བརྒྱུད་ནང་ཆོས་ཀྱི་རིག་གནས་ནང་ནས་ཚན་རིག་པའི་སྡེ་ཚན་འགའ་ཞིག་གིས་སེམས་ཀྱི་ཚན་རིག་པ་དང༌། ཀླད་པའི་ཚན་རིག་པ། Physics རྡུལ་ཕྲ་མོའི་ཚན་རིག དེ་ཚོའི་ནང་ནས་Quantum Physics ༼དགོས་ངེས་གྲངས་ཚད། གོང་བུའི་ནུས་ཚད།༽ ཟེར་ཡོད།

 

དེ་དག་གིས་ནང་པས་རྡུལ་ཕྲ་རབ་ཀྱི་སྐོར་ལ་འགྲེལ་བཤད་ཇི་ལྟར་བརྒྱབ་ཀྱི་ཡོད་པ་དང༌། ནང་པས་ཆོས་དེ་དང་དེའི་ངོ་བོ་གཅིག་ཡུལ་སྟེང་ནས་གྲུབ་མེད་ཅིང་བཙལ་ནས་རྙེད་རྒྱུ་མེད་ཀྱང་མིང་རྐྱང་བཏགས་ཡོད་ཙམ་གྱིས་དངོས་པོ་གཅིག་བཞག་ཐུབ་པ་དང༌། རྟེན་འབྱུང་ཞེས་པ་ཞིག་བཞག་ཐུབ་པ་དེ་དེང་ཚན་རིག་པ་Quantum Physics ༼དགོས་ངེས་གྲངས་ཚད། གོང་བུའི་ནུས་ཚད།༽ དེ་དག་གིས་གཟུགས་ཅན་གྱི་དངོས་པོ་གང་ཡང་བཙལ་ན་རྙེད་རྒྱུ་མེད་པ་ཆགས་སྐབས་དངོས་པོ་དེ་ཡང་ཧ་ལམ་མེད་ཅེས་བརྗོད་ན་ནི་འགྲིགས་ཀྱི་མེད། མིང་རྐྱང་བཏགས་ཡོད་ཙམ་གྱི་དངོས་པོ་ཞིག་བསམ་བློའི་ནང་ད་ལྟ་བར་མེད་སྟབས་དེ་ཧ་ཅང་གི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད།

 

ནང་པས་བཙལ་ནས་ངོ་བོ་ཉིད་ཀྱིས་མ་གྲུབ་ཅིང་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་རེད། དེ་ངོ་བོ་ཉིད་ཀྱིས་མ་གྲུབ་ཀྱང་བརྟེན་ནས་བཏགས་པ་ཞིག་ཡོད་ཅེས་ནང་པས་དེ་བཤད་ཀྱི་ཡོད། དུས་རབས་ཉེར་གཅིག་པའི་ནང་Quantum Physics ༼དགོས་ངེས་གྲངས་ཚད། གོང་བུའི་ནུས་ཚད།༽ དངོས་པོ་བཙལ་ནས་རྙེད་རྒྱུ་མེད་པ་དེར་དངོས་པོ་འཇོག་པའི་ཐབས་དེ་ཡུལ་ཅན་ཐ་སྙད་ཀྱི་དབང་གིས་ཡོད་ཅེས་པ་དེས་ཕན་ཐོགས་ཏན་ཏན་ཡོང་ཐུབ་པ་ཞིག་རེད།

 

དེ་བཞིན་ནང་ཀླད་པའི་ཀླད་རྩའི་འགྲོ་སྟངས་ཀྱི་སྐོར་ལ་ཤེས་པ་ཞེས་པ་ཞིག སྤྱིར་མི་སུ་ཡིན་ནའང་ཤེས་པ་ཞེས་པ་དབྱིན་ཇིའི་ཚིག་ལའང་ཡོད། Mind ༼སེམས།༽ ཞེས་པ་དང༌། Consciousness ༼རྣམ་ཤེས།༽ ཞེས་པ་དེ་འདྲ་ཡོད་ཀྱང་དེའི་ངོ་བོ་དང༌། དེའི་བྱེད་ལས་དཔྱིས་ཕྱིན་པ་ཀླད་རྩའི་སྟེང་ནས་འགྲེལ་བཤད་རྒྱབ་ཐུབ་རྒྱུ་ཁག་པོ་ཡོད། མིག་གི་ཤེས་པས་གཟུགས་མཐོང་བས་མཚོན་པས། དེ་བཞིན་ཀླད་པའི་ནང་གི་སྒོ་ལྔའི་ཤེས་པས་ཡུལ་རིག་སྟངས་དང༌། ཀླད་པའི་ནང་ལ་ལན་ལྟ་བུ་སླེབས་ཤིང་དེ་རྗེས་ཀླད་པའི་ནང་ནས་བཟང་ངན་གྱི་འདུ་ཤེས་དང༌། བླང་དོར་གྱི་འདུ་ཤེས་ཞེས་པ་དེ་དག་ཀླད་པའི་ནང་ནས་ཡོང་གི་ཡོད་པའི་རགས་པ་རྣམས་བཤད་ཐུབ་ཀྱི་ཡོད་ཀྱང་དེ་ཕྲ་རུ་ཕྱིན་པའི་སྐབས་སུ་བཤད་ཐུབ་རྒྱུ་ཁག་པོ་བྱེད་ཀྱི་ཡོད།

 

དེར་བརྟེན་ནང་པའི་ནང་ཤེས་པའི་རིག་གནས་ཀྱི་ཐོག་ལ་ཚུར་རེ་བ་བརྒྱབ་ཏེ་ནང་ཆོས་རིག་པ་གསར་པ་ཞིག་ལེན་ཐུབ་པ་དང༌། དེ་ནས་གནད་འགག་གསར་པ་ཞིག་ཤེས་ཐུབ་རྒྱུའི་དོ་སྣང་བྱེད་པ་འདི་གཟི་བརྗིད་རེད་བསམ་གྱི་འདུག ཚན་རིག་དར་ནས་དུས་ད་ལྟ་བར་དུ་ཆོས་ལུགས་Religion ༼ཆོས་ལུགས།༽ སུ་གཅིག་ལའང་ཕར་རེ་བ་བརྒྱབ་སྟེ་ལེགས་བཤད་ཅིག་བླང་རྒྱུ་མེད་པ་ཞིག་ཏུ་བརྩིས་ནས་བསྡད་མཁན་ཞིག་གིས་དེང་སྐབས་སྤྱིར་ནང་པའི་ཆོས་དང༌། དེའི་ནང་ཚན་ནས་བོད་ཀྱི་ནང་པའི་ཆོས་ལ་ཚུར་རེ་བ་བརྒྱབ་ནས་དོ་སྣང་སླེབས་པ་དེ་གཟི་བརྗིད་ཅིག་ཕལ་ཆེར་རེད།

 

བོད་ཀྱི་སངས་རྒྱས་ཀྱི་ཆོས་དེ་མི་འདྲ་བ་ཞིག་ཡོད་པ་དེ་ཁྱེད་རང་ཚོས་ཤེས་དགོས། ངས་ནམ་རྒྱུན་བཤད་ཀྱིན་ཡོད་ལ། སྤྱིར་བཏང་དཔེར་ན། Dialogue Between Modern Science And Buddhism ༼དེང་དུས་ཚན་རིག་དང་ནང་ཆོས་བར་གྱི་གྲོས་བསྡུར།༽ ཟེར་བའི་ཚིག་དེ་འདྲ་བེད་སྤྱོད་བྱེད་ཀྱི་འདུག་ཅིང་ངས་ཚིག་དེ་ནོར་བ་རེད་ཅེས་བརྗོད་ཀྱི་ཡོད། Buddhism ༼ནང་ཆོས།༽ བརྗོད་ན་དེ་ཧ་ཅང་གི་རྒྱ་ཆེན་པོ་ཆགས་ཀྱི་ཡོད། ཐར་པའི་གོ་འཕང་བསྒྲུབ་རྒྱུ་དང༌། ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་རྒྱུ། ཕྱི་མ་མངོན་མཐོའི་གོ་འཕང་བསྒྲུབ་རྒྱུ་དེ་ལྟའི་ཧ་ཅང་རྒྱ་ཆེན་པོ་ཆགས་ཀྱི་ཡོད་པས་དེ་མ་རེད།

 

ང་ཚོ་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱས་ཏེ་ང་ཚོས་སྐྱེ་བ་ཕྱི་མ་ཡོད་མེད་བསྒྲུབ་ཀྱི་མེད་ལ་གོ་བསྡུར་ཡང་བྱེད་ཀྱི་མེད། ཐར་པ་ཡོད་མེད་གོ་བསྡུར་བྱེད་ཀྱི་མེད། ཐམས་ཅད་མཁྱེན་པའི་གོ་འཕང་ཡོད་མེད་ཀྱང་གོ་བསྡུར་བྱེད་ཀྱི་མེད། ང་ཚོས་གང་ཞིག་གོ་བསྡུར་བྱེད་ཀྱི་ཡོད་དམ་ཞེ་ན། ད་ལྟའི་ང་རང་ཚོའི་མིའི་བསམ་བློའི་འགྲོ་སྟངས་དང༌། མིའི་སེམས་ལ་དཀའ་ངལ་འཕྲད་སྐབས་དཀའ་ངལ་དེ་སེལ་ཐབས། ནད་ན་ཚ་ཡོང་སྐབས་ནད་ན་ཚ་སྔོན་འགོག་ཇི་ལྟར་བྱེད་ཚུལ། ནད་ན་ཚ་བྱུང་ཡང་ནད་ན་ཚ་མགྱོགས་པོ་དྲག་ཐབས་དེ་དག་གི་ཐོག་ཏུ་བསམ་བློའི་འཁྱེར་སོ་དེ་ཕན་གནོད་ཆེན་པོ་ཡོད་པ་ཞིག་ཚན་རིག་པས་ར་སྤྲད་ནས་ར་འཕྲོད་ཡོང་གི་ཡོད།

 

དེ་ར་འཕྲོད་པས་ན་གཞི་རྩ་དེ་དག་གི་ནང་ནས་མིའི་ཕན་བདེ་བསྒྲུབ་རྒྱུ་དང༌། ད་ལྟའི་མི་ཚེ་འདིའི་ནང་གི་དཀའ་ངལ་མང་པོ་ཞིག་སེལ་རྒྱུའི་དོན་དུ་གཞི་ནས་བསམ་བློ་གལ་ཆེན་པོ་ཡིན་པ་མཐོང་སྐབས་བསམ་བློའི་རྣམ་གཞག་ཞིབ་ཚགས་ཙམ་ཤེས་རྒྱུའི་དོན་ལ་ནང་པའི་ཆོས་ཀྱི་ནང་ནས་བསམ་བློའི་འགྲེལ་བཤད་བརྒྱབ་པ་དེར་དོ་སྣང་སླེབས་ཀྱི་ཡོད་པས་དེར་བརྟེན་ངས་འདི་བཤད་ཀྱི་ཡོད།

 

གཞི་ལམ་འབྲས་གསུམ་ལས་གཞིའི་གནས་ཚུལ་སྐོར།

 

ནང་ཆོས་དེ་དུམ་བུ་གསུམ་ལ་ཕྱེ་རྒྱུ་འདུག་ཅིང༌། དུམ་བུ་གཅིག་དེ་Buddhism ནང་པའི་ཚན་རིག་དང༌། དུམ་བུ་གཅིག་དེ་ནང་པའི་ལྟ་གྲུབ་རེད། Philosophy ༼ནང་དོན་རིག་པའི་གཞུང་ལུགས།༽ དུམ་བུ་གཅིག་དེ་Religion ༼ཆོས་སམ་ཆོས་ལུགས།༽ ནང་ཆོས་སམ་མདོར་ན་ཆོས་ཉམས་ལེན་བྱེད་རྒྱུ་དེ་གསུམ་རེད། དེ་དག་ལ་མིང་དང་སྡེ་ཚན་དེ་འདྲ་ཞིག་ཕྱེ་ནས་འགྲེལ་བཤད་བརྒྱབ་མ་བརྒྱབ་ལས་ང་ཚོའི་དཔེ་ཆའི་ནང་དུ་སྔར་ནས་ཡོད།

 

ང་ཚོའི་དཔེ་ཆའི་ནང་དང་ལྷག་པར་གསང་སྔགས་ཀྱི་གཞུང་ནང་འདི་ལྟར་གསུང་གི་ཡོད། གཞི་དངོས་པོའི་གནས་ཚུལ། ལམ་བགྲོད་པའི་རིམ་པ༑ འབྲས་བུ་མངོན་དུ་བྱེད་ཚུལ་ཞེས་པ་ཞིག་གསུང་གི་ཡོད།

 

དེ་བཞིན་ཐེག་ཆེན་སྤྱིའི་འགྲོ་སྟངས་ཀྱི་ཐོག་ནས་བཤད་ན་གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་ཞེས་བཤད་ཀྱི་ཡོད་པས་དེས་གཞི་དང༌། ལམ། འབྲས་བུ་ཞེས་དབྱེ་བ་ཕྱེ་ཞིང༌། གཞིའི་གནས་ཚུལ་ཞེས་བརྗོད་སྐབས་གཞི་ཡི་ཕྱི་སྣོད་དང་ནང་བཅུད། ཕྱི་སྣོད་དང་ནང་བཅུད་དེ་ཐམས་ཅད་འགྱུར་ཞིང་འགྲོ་བ། རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེས་པ། འགྱུར་བའི་རང་བཞིན། མི་རྟག་པའི་རང་བཞིན། ཐ་མ་འགག་འགྲོ་བའི་རང་བཞིན་ཅན་ཞིག་ཡིན་པས་དེ་དག་འགྲེལ་བཤད་རྒྱབ་རྒྱུར་དུས་ཏེ། དུས་ཞེས་པ་ནི་གཞི་གཅིག་ལ་བརྟེན་རྒྱུ་ལས་གཞི་གཅིག་ལ་མ་བརྟེན་པར་དུས་འདི་རེད་ཅེས་མཛུབ་མོ་བཙུགས་ས་ཞིག་མེད་སྟབས་ང་ཚོའི་དཔེ་ཆའི་ནང་གཞི་དངོས་པོའི་གནས་ཚུལ་ལ་འགྲེལ་བཤད་རྒྱབ་སྐབས་འགྱུར་བ་འགྲོ་བའི་རིགས་གཅིག་དང༌། འགྱུར་བ་མི་འགྲོ་བའི་རིགས་གཅིག་བཅས་ཡོད་པ་དེ་ཤེས་དགོས་པས་ན་རྟག་པ་དང་མི་རྟག་པ་ཞེས་དབྱེ་ཕྱེ་ཞིང༌། རྟག་པ་དང་མི་རྟག་པ་ཞེས་ཆོ་མེད་ཀྱི་སྐད་ཆ་བཤད་ཀྱི་མེད། མདོར་ན་དངོས་པོའི་གནས་ཚུལ་དེ་གཏན་ལ་ཕབ་རྒྱུའི་དོན་དུ་འགྱུར་བ་འགྲོ་མཁན་གཅིག་ཡོད་ཅིང་དེར་མི་རྟག་པ་ཟེར་བ་དང༌། འགྱུར་བ་མི་འགྲོ་བ་ཞིག་ཡོད་ཅིང་དེར་རྟག་པ་ཟེར་གྱི་ཡོད།

 

འགྱུར་བ་འགྲོ་མཁན་དེའི་ནང་ལའང་མིག་གིས་མཐོང་རྒྱུ་དང༌། ལག་པས་རེག་རྒྱུ་ཡོད་པའི་གཟུགས་ཅན་ཞིག་དང༌། ཡང་གཟུགས་ཅན་མིན་པར་མྱོང་བ་ཙམ་གྱིས་ང་རང་ཚོའི་སེམས་ལ་བདེ་བ་དང་སྡུག་བསྔལ་གྱིས་མཚོན་པའི་དེ་ལྟའི་རིགས་ཤིག་ཡོད། དེས་ཡུལ་རིག་ཅིང་ཤེས་པའམ་ཡུལ་དེ་རྟོགས་པའི་སྒོ་ནས་མྱོང་བ་ཞེས་པ་ཞིག་ཡོད་ཅིང་དེར་ཤེས་པ་ཞེས་པའི་མིང་ཞིག་བཏགས་ནས་སྡེ་ཚན་ཅིག་ཕྱེ་ཡོད།

 

གཟུགས་ཅན་མ་ཡིན་ཞིང་ཡུལ་མྱོང་བའི་མྱོང་རིག་གི་རང་བཞིན་ཡང་མིན་པར་འགྱུར་ཞིང་འཇིག་འགྲོ་བའི་དངོས་པོ་ཞིག་ཡོད་པ་དེར་ལྡན་མིན་འདུ་བྱེད་དམ་ལྡན་པ་མ་ཡིན་པའི་འདུ་བྱེད་ཅེས་མིང་ཞིག་བཏགས་ཏེ་དངོས་པོར་འགྱུར་བ་འགྲོ་བའི་རིགས་དེར་སྡེ་ཚན་གསུམ་ཡོད།

 

ནང་པས་འདི་དག་གང་གི་ཆེད་དུ་བརྗོད་ཀྱི་ཡོད་དམ་ཞེ་ན། ཡུལ་གྱི་གནས་ལུགས་དེ་གཏན་ལ་ཕབ་ཀྱི་ཡོད། ཡུལ་གྱི་གནས་ལུགས་སྟོང་པ་ཉིད་ཅེས་པ་དེ་མ་ཡིན་པར་རང་གི་རང་བཞིན་ནམ་དངོས་པོའི་གནས་ཚུལ་གང་ཞིག་ཡིན་པ་དེ་གཏན་ལ་ཕབ་ཀྱི་ཡོད། དེ་གཏན་ལ་ཕབ་སྟེ་གཞིའི་གནས་ཚུལ་དེ་ལྟར་ཡིན་པས་ན་ང་རང་ཚོ་གཞིའི་གནས་ཚུལ་ལ་སྡུག་བསྔལ་མི་འདོད་པ་དང༌། བདེ་བ་འདོད་པ་རང་གི་ངང་གིས་ཡོང་གི་ཡོད། དེ་ལྟ་བུའི་འོག་ནས་སྡུག་བསྔལ་ཞེས་པ་དེ་རྒྱུ་གང་གིས་བྱས་པ་དང༌། རྐྱེན་གང་གིས་བྱས་པ། བདེ་སྡུག་བསྔལ་གཉིས་པོ་དེ་འཇིག་པའི་རང་བཞིན་དང༌། འགྱུར་བའི་རང་བཞིན་ཅན་རེད། དེས་ན་འགྱུར་བ་འགྲོ་བ་དེ་རྒྱུ་ཡིས་བྱས་པ་ལས་རང་ཉིད་རང་བཞིན་གྱིས་འགྱུར་བ་ཕྱིན་པ་ཞིག་མིན།

 

དེར་བརྟེན་ངས་སྙིང་པོ་བཤད་རྒྱུར། སྔོན་ལ་ངས་སྡེ་ཚན་ནམ་ས་བཅད་ཅིག་ཕྱེ་ནས་བཤད་ན། མདོར་ན་སངས་རྒྱས་པའི་ཆོས་དེ་དངོས་ཡོད་གནས་ཚུལ་དེ་ཞིབ་འཇུག་བྱས་ཏེ་ཧ་ལས་པ་རེད། དངོས་ཡོད་གནས་ཚུལ་དེ་ལྟའི་འོག་ནས་ལྟ་གྲུབ་དེ་དག་སླེབས་ཀྱི་ཡོད། དེ་ལྟའི་Concept ༼བསམ་ཚུལ་ལམ་ལྟ་གྲུབ།༽ ལྟ་གྲུབ་ཅིག་སླེབས་སྐབས་དེ་སྒྲུབ་རྒྱུའི་ལམ་ཉམས་ལེན་གྱི་ཆོས་བྱེད་རྒྱུ་ཟེར་བ་དེ་དུམ་བུ་གསུམ་པ་དེར་སླེབས་ཀྱི་ཡོད།། །།

About རྩོམ་སྒྲིག་པ།