འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་བོད་ནང་ཕེབས་ཐུབ་མེད་ཀྱང་རྒྱ་དཔོན་ཚོར་བོད་དོན་གླེང་སློང་གནང་ཡོད་འདུག

རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་སྐུ་མི་ཤེལེ་བྷཤེ་ལེཌི་(Michelle Bachelet) ལགས་ཀྱི་གཞུང་འབྲེལ་འཚམས་གཟིགས་ལ་སྟངས་འཛིན་ནན་པོ་བྱས་རྐྱེན་རེ་འབོད་ལྟར་བོད་ནང་དུ་ཕེབས་ཐུབ་མེད་ཀྱང་བོད་དོན་གླེང་སློང་གནང་ཡོད་འདུག

རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་ལྕམ་སྐུ་མི་ཤེལེ་བྷཤེ་ལེཌི་(Michelle Bachelet) ལགས་ཀྱིས་རྒྱ་ནག་གི་དཔོན་རིགས་ཚོར་ཐུག་འཕྲད་གནང་སྐབས། བོད་མི་ཚོས་རང་དབང་ལྡན་པའི་ཐོག་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་མཉམ་ཞུགས་དང་གླེང་སློང་བྱ་རུ་འཇུག་དགོས་པ་མ་ཟད། བོད་ཀྱི་སྐད་ཡིག་དང་། ཆོས་ལུགས། བོད་མིའི་ངོ་བོ་མཚོན་པའི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་སྐོར་དང་། བོད་རང་སྐྱོང་ལྗོངས་ཀྱི་ཤེས་ཡོན་སྲིད་ཇུས་དང་། ཁྱིམ་ཚང་ངམ་སྤྱི་ཚོགས་སུ་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱང་སྤྱོད་བྱ་རུ་འཇུག་རྒྱུ་དེ་གལ་ཆེན་ཡིན་སྐོར་སོགས་གླེང་སློང་གནང་ཡོད་འདུག

 

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐོང་གི་འགན་འཛིན་ལྕམ་སྐུ་མི་ཤེལེ་བྷཤེ་ལེཌི་(Michelle Bachelet) ལགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༢༣ ནས་ ༢༨ བར་ཉིན་གྲངས་དྲུག་རིང་། ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་རྒྱལ་སའམ་ལྟེ་གནས་གྲོང་ཁྱེར་ཨུ་རུ་མོ་ཆི་(Urumqi)དང་། ཡུ་གུར་གྱི་གྲོང་ཁྱེར་ཀ་ཤི་གྷར་(Kashgar  )། དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་ཀང་ཀྲུའུ་སོགས་སུ་ཕེབས་ཡོད་འདུག འདས་པའི་ཟླ་ཤས་ནང་འཛམ་གླིང་ཡུལ་ལུང་གང་སར་ཡོད་པའི་བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ད་ལན་འགན་འཛིན་ལགས་བོད་ནང་ངེས་པར་དུ་ཕེབས་ཐུབ་པ་གནང་དགོས་པའི་རེ་སྐུལ་ཡིག་ངག་གཉིས་ཀྱི་ཐོག་ནས་ཞུས་ཡོད་ནའང་ཕེབས་ཐུབ་མེད་འདུག ཡིན་ནའང་། རྒྱ་ནག་གཞུང་གི་དཔོན་རིགས་ཚོར་བོད་དང་ཧོང་ཀོང་། ཡུ་གུར་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་ལ་གླེང་སློང་གནང་ཡོད་འདུག

 

ཟླ་འདིའི་ཕྱི་ཚེས་ ༢༥  ཉིན་དྲ་ལམ་བརྒྱུད་ལྕམ་སྐུ་མི་ཤེལེ་བྷཤེ་ལེཌི་(Michelle Bachelet) ལགས་ཀྱིས་ཞི་ཅིན་ཕིན་དང་ཐུག་ཕྲད་གནང་སྟེ། ཁོང་མོས་རྒྱལ་སྤྱི་དང་རྒྱ་ནག་ནང་ཞི་བདེ་དང་། བདེ་འཇགས་ཡོང་བར་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་གི་གནད་དོན་ནི་ཧ་ཅང་གལ་ཆེན་ཡིན་སྟབས། རྒྱ་ནག་གཞུང་ལའང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ལ་འགན་ཆེན་པོ་ཡོད་སྐོར་གླེང་སློང་གནང་སྐབས། ཞི་ཅིན་ཕིན་གྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་འཛམ་གླིང་རྒྱལ་ཁབ་གཅིག་ཀྱང་ཡང་དག་པ་མིན་པས། རྒྱལ་ཁབ་གཅིག་གིས་རྒྱལ་ཁབ་གཞན་རྣམས་ལ་སྦོམ་མདོག་བྱ་རྒྱུ་མེད་པ་མ་ཟད། རྒྱལ་ཁབ་དེའི་རིགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཀྱི་ལག་ཆར་བཀོལ་ཏེ། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་མེད། ཅེས་བརྗོད་ཡོད་འདུག

 

 

The United Nations High Commissioner for Human Rights Michelle Bachelet in Guangzhou, China

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་མི་ཤེལེ་བྷཤེ་ལེཌི་ལགས་དང་ལས་རོགས་ཚོར།  རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་ཀྱི་ལས་གཞི་སྤེལ་མུས་ཡིན་པའི་ཡུ་གུར་མི་རིགས་རང་སྐྱོང་ཁུལ་ཚུད་པའི་རྒྱ་ནག་ནང་དུ་རང་དབང་ལྡན་པའི་ཐོག་ནས་སྐོར་སྐྱོད་བྱེད་པར་སྟངས་འཛིན་དང་དམ་དྲག་ཤུགས་ཆེན་བྱས་ཡོད་པ་དེར་ཨ་རིའི་གཞུང་ནས་སྐྱོན་བརྗོད་གནང་ཡོད་པ་དང་། ཨ་རིས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་གི་དགོངས་དོན་བཞིན། བོད་མི་དང་། ཧོང་ཀོང་ནང་གནས་སྡོད་མི་མང་སོགས་ལ་གཞི་རྩའི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་སྟེར་དགོས་པར་ནན་སྐུལ་བྱས་ཡོད་འདུག

 

རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་རྩ་མེད་བཏང་ནས་བོད་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་ཇུས་སྔར་ལས་ལག་བསྟར་ནན་པོ་བྱེད་བཞིན་ཡོད་པ་ལྟར། འདས་ལོར་རྒྱ་ནག་ཤེས་རིག་ལྷན་ཁང་གིས་སྤྱི་ཡོངས་ནས་དུས་རབས་གསར་བའི་སྐད་ཡིག་ལས་དོན་གྱི་བསམ་འཆར་ཟེར་བའི་སྲིད་ཇུས་ཤིག་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ།  ཕྱི་ལོ་ ༢༠༢༥ ལོར་རྒྱའི་སྤྱི་སྐད་ཁྱབ་ཚད་རྒྱལ་ཡོངས་ཀྱི་བརྒྱ་ཆ་ ༨༥ ཟིན་དགོས་ཡོད་སྐོར་བསྒྲགས་ཡོད་པ་ལྟར། ཕྱི་ལོ་ ༢༠༡༤ ཙམ་ནས་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་བྱིས་གཉོར་ཁང་ནས་བཟུང་རྒྱ་ཡིག་རྒྱ་སྐད་གཙོ་གཉེར་གྱི་སྲིད་ཇུས་ལག་བསྟར་བྱེད་མུས་ཡིན་པ་རེད། དེ་བཞིན་འདི་ལོའི་ཕྱི་ཟླ་ ༣ པ་ནས་བཟུང་སྲིད་གཞུང་གི་ཆོག་མཆན་མེད་པར་དྲ་ལམ་བརྒྱུད་ནང་ཆོས་འཆད་འཁྲིད་དང་། ཆོས་ལུགས་དང་འབྲེལ་བའི་པར་རིས་དང་སྒྲ་སོགས་བརྒྱུད་སྤེལ་བྱེད་མི་ཆོག་པའི་བཀའ་བསྒྲགས་ཏེ་རིམ་གྱིས་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་རེད།

 

About རྩོམ་སྒྲིག་པ།