འདི་ལོ་ཡང་བོད་ནི་འཛམ་གླིང་ཐོག་གི་རང་དབང་ཞན་ཤོས་སུ་ངོས་འཛིན་བྱས་འདུག

འདི་ལོའི་རང་དབང་ཁང་པའི་སྙན་ཐོའི་ནང་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་ ༡༩༥ དང་ས་ཁུལ་མི་འདྲ་བ་ ༡༥ བཅས་ཀྱི་ནང་ནས་བོད་དང་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་སི་རི་ཡ། ལྷོ་སུ་ཌན་བཅས་ཀྱི་ནང་གི་རང་དབང་གི་གནས་སྟངས་ཞན་ཤོས་ཡིན་པའི་སྙན་ཐོ་ཡོངས་བསྒྲགས་གནང་འདུག

དེ་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་རང་དབང་ཁང་པས་ (Freedom House) འདི་ལོའི་འཛམ་གླིང་གི་རང་དབང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་དེ་ཉིད་བཏོན་པའི་ནང་། བོད་འདི་ཡང་བསྐྱར་འཛམ་གླིང་ནང་གི་རང་དབང་ཞན་ཤོས་ཀྱི་ས་ཁུལ་ཞིག་ཏུ་ངོས་འཛིན་བྱས་ཏེ། བོད་དང་། དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་སི་རི་ཡ་དང་ཨ་ཧྥེ་རི་ཁ་གླིང་ཕྲན་གྱི་ལྷོ་སུ་ཌན་རྒྱལ་ཁབ་གསུམ་འཛམ་གླིང་ནང་གི་རང་དབང་ཉུང་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོ་དེ་ཡིན་སྐོར་གསལ་བསྒྲགས་བྱས་འདུག་ལ། འདས་པའི་ལོ་ཤས་རིང་བསྟུད་མར་བོད་ནི་འཛམ་གླིང་ཐོག་གི་རང་དབང་ཞན་ཤོས་ཀྱི་ས་ཁུལ་དུ་ངོས་འཛིན་བྱས་ཡོད་པ་རེད།

 

འདི་ལོའི་རང་དབང་ཁང་པའི་འཛམ་གླིང་གི་རང་དབང་གི་གནས་སྟངས་སྐོར་གྱི་སྙན་ཐོའི་ཁ་བྱང་དུ་། དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་དབང་འཛིན་གོ་ལ་ཁྱོན་དུ་རྒྱ་སྐྱེད་འགྲོ་བ་ (The Global Expansion of Authoritarian Rule) ཞེས་བཏགས་ཡོད་ཅིང་། སྙན་ཐོའི་ནང་བོད་ལ་འོས་བསྡུ་ཡིས་མཚོན་པའི་ཆབ་སྲིད་ཀྱི་ཐོབ་ཐང་ (Political Right) ལ་སྐར་གྲངས་ ༤༠ ཁྲོད་ནས་ཀོར་ཐིག་མན་གྱི་ ༢ དང་། སྨྲ་བརྗོད་རང་དབང་གིས་མཚོན་པའི་སྤྱི་དམངས་རང་དབང་ (Civil Liberty)ཐད་ལ་སྐར་གྲངས་ ༦༠ ཁྲོད་ནས་ ༣ མ་གཏོགས་ཐོབ་མེད་པ་རེད་འདུག ཆབ་སྲིད་ཀྱི་ཐོབ་ཐང་ཐད་བོད་འདི་སི་རི་ཡ་དང་ལྷོ་སུ་ཌན་ལས་སྐར་གྲངས་ ༡ གིས་མཐོ་བ་ཡོད་ནའང་། སྤྱི་དམངས་རང་དབང་གི་ཆ་ནས་སྐར་གྲངས་ ༡ གིས་ཉུང་བ་ཡིན་འདུག དེར་མཚུངས་བོད་དང་ཧོང་ཀོང་ཕུད་པའི་རྒྱ་ནག་དེ་འཛམ་གླིང་ནང་གི་རང་དབང་ཞན་ཤོས་ཀྱི་རྒྱལ་ཁབ་དང་ས་ཁུལ་ཨང་ ༩ པ་དེ་ཆགས་འདུག་ཅིང་། རྒྱ་ནག་ནང་ཆབ་སྲིད་ཐོབ་ཐང་ལ་སྐར་གྲངས་ཀོར་ཐིག་མན་གྱི་ ༢ དང་། སྤྱི་དམངས་རང་དབང་ལ་སྐར་གྲངས་ ༡༡ ཡིན་འདུག

འདི་ལོའི་རང་དབང་ཁང་པའི་སྙན་ཐོའི་ནང་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་ ༡༩༥ དང་། བོད་དང་ཧོང་ཀོང་གིས་མཚོན་པའི་ས་ཁུལ་མི་འདྲ་བ་ ༡༥ ནང་གི་ཕྱི་ལོ་ ༢༠༢༡ ལོའི་རང་དབང་གི་གནས་བབ་ལ་རྟོག་ཞིབ་བརྒྱུད་འདོན་སྤེལ་བྱས་པ་ཞིག་ཡིན་འདུག་ཅིང་། ཕྱི་ལོ་ ༢༠༢༡ ལོར་འཛམ་གླིང་གི་རྒྱལ་ཁབ་ ༢༥ ཡི་རང་དབང་གནས་སྟངས་ཡར་རྒྱས་ཕྱིན་ཡོད་ནའང་། རྒྱལ་ཁབ་ ༦༠ ཡི་རང་དབང་ཉམས་རྒུད་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༠༦ ནས་བཟུང་འདས་པའི་ལོ་ངོ་ ༡༦ རིང་འཛམ་གླིང་གི་རྒྱལ་ཁབ་ཁྲོད་རང་དབང་ཉམས་རྒུད་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲངས་ཚད་ཇེ་མང་ཡིན་སྐོར་འཁོད་འདུག་ལ། འཛམ་གླིང་གི་མི་འབོར་གྱི་ཆ་ནས་བཤད་ན་བརྒྱ་ཆ་ ༨༠ མ་ཟིན་ཙམ་ཞིག་རང་དབང་མེད་པའམ་རང་དབང་ཞན་པའི་ཁུལ་དུ་གནས་སྡོད་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་བྱས་འདུག

འདི་ལོའི་སྙན་ཐོ་ཡི་སྔོན་གླེང་དུ། འཛམ་གླིང་གི་རང་དབང་ནི་ཉེན་ཁའི་གནས་སུ་ལྷུང་ཡོད། འཛམ་གླིང་ཁྱོན་དུ་རང་དབང་དམངས་གཙོའི་དགྲ་བོ་རྣམས་ཀྱིས་རྒོལ་རྡུང་སྔར་བས་ཤུགས་ཆེར་གཏོང་བཞིན་ཡོད། དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་སྲིད་གཞུང་ཚོས་གཞི་རྩའི་རང་དབང་སྲུང་སྐྱོབ་དང་དར་འཕེལ་གཏོང་བའི་རྩ་འཛུགས་དང་སྒྲིག་གཞི་ཁག་གཏོར་བཤིག་གཏོང་རྒྱུར་ལམ་ལྷོངས་འབྱུང་བཞིན་ཡོད་པ་དང་། སྔར་ནས་དམངས་གཙོ་དར་བའི་རྒྱལ་ཁབ་འགའ་ཤས་ནང་ཁྲིམས་སྒྲིག་གི་སྐྱོན་ཆ་དག་ལོག་སྤྱོད་བྱས་ཏེ་རྒྱལ་ཁབ་ཀྱི་ཆབ་སྲིད་དེ་ཉིད་འཚེ་བ་དང་ཕན་ཚུན་འགལ་ཟླ། དབང་ཆ་འཐབ་རྩོད་ཀྱི་ཕྱོགས་སུ་སྐྱོད་བཞིན་མཆིས། རྒྱལ་ཁབ་དེ་ཚོས་དམངས་གཙོ་དང་དབང་ཆ་གཅིག་བསྡུས་གྱི་དབར་མཚམས་ནས་འཐབ་རྩོད་ཆེན་པོ་བྱས་ཡོད་ནའང་། ད་ལྟ་རྒྱལ་ཁབ་དེ་དབང་ཆ་གཅིག་བསྡུས་ཀྱི་ཕྱོགས་སུ་གཞོལ་བཞིན་འདུག ད་ལྟ་གོ་ལའི་ཁྲིམས་སྒྲིག་ལུགས་སྲོལ་རྣམས་སྦོ་ལུག་ཁར་སླེབས་པའི་སྐབས་འདིར། གལ་ཏེ་འགྲོ་བ་མིའི་ཐོབ་ཐང་གི་སྲུང་སྐྱོབ་པ་དག་གིས་འཛམ་གླིང་གི་མི་མང་ཡོངས་ལ་རང་དབང་འཐོབ་རྒྱུར་མཉམ་ལས་མ་བྱས་ཚེ། དབང་ཆ་གཅིག་སྡུད་རིང་ལུགས་དར་ངེས་ཡིན་པ་རེད། ཅེས་སོགས་འཁོད་འདུག

བོད་ཀྱི་དུས་བབ་ལས།

About རྩོམ་སྒྲིག་པ།