ཡུ་རོབ་གྲོས་ཚོགས་ཀྱིས་ཚོཊ་མི་རྒྱལ་ཁབ་ཁག་རྒྱ་ནག་གི་ཨོ་རྩལ་འགྲན་ཚོཊ་ནང་མི་ཞུགས་པའི་སྐུལ་མ་བཏང་།

བོད་དང་ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཚམས་མ་བཞག་བར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་རྒྱའི་དགུན་ཁའི་ཨོ་རྩལ་རྩེད་འགྲན་ནང་མི་ཞུགས་པའི་སྐུལ་མ་བཏང་འདུག

 

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། ཧོང་ཀོང་། ནང་སོག དེ་བཞིན་རྒྱ་ནག་གི་ས་ཁུལ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པར་རྒོལ་ལན་མཚོན་སླད། ཁ་སང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་གྲོས་ཚོགས་ནས། གྲོས་ཆོད་ཅིག་ལ་མང་མོས་འོས་བསྡུ་བྱེད་སྐབས། གྲོས་ཚོགས་འཐུས་མི་ ༥༧༨ ཀྱིས་རྒྱབ་སྐྱོར་དང་། འཐུས་མི་ ༢༩ ཡིས་རྒྱབ་སྐྱོར་བྱས་མེད་པ། དེ་བཞིན། འཐུས་མི་ ༧༣ འོས་ལྡུག་མེད་པ་བཅས་ཆགས་ཏེ། ཡུ་རོབ་མཐུན་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་ཁག་རྒྱ་ནག་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ནང་མི་ཞུགས་པའི་སྐུལ་མ་བཏང་ཡོད་པ་རེད།

 

ད་རེས་རྒྱ་ནག་ལ་ངོ་རྒོལ་མཚོན་པའི་གྲོས་ཆོད་གཏན་འབེབས་སྐབས། འཇར་མན་སྲིད་བློན་ལྕམ་ཨན་ཇི་ལ་མཱ་ཁལ་ལགས་དང་ཧྥ་རན་སིའི་སྲིད་འཛིན་ཨེ་མཱ་ནོལ་མེག་རོན་ལགས་གཉིས་ཀྱི་སྲིད་དོན་ཚོགས་པ་ཚུད་པའི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྲིད་དོན་ཚོགས་པ་གཙོ་གྲས་ཁག་ནས་གྲོས་ཆོད་དེར་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་ཅིང་། ཡུ་རོབ་ཀྱི་གྲོས་ཚོགས་ནས་གྲོས་ཆོད་དེ་བརྒྱུད་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས། ཧོང་ཀོང་གི་གསར་འགོད་པ་དང་མི་མང་ལ་ཛ་དྲག་ཐོངས་མཆན་སྤྲད་དེ་ཡུ་རོབ་ནང་ཡོང་ཆོག་པར་བཟོ་རྒྱུ་མཚོན་པའི་རྒྱ་ནག་ལ་སྔར་ལྷག་གིས་ཉེས་ཆད་གཅོད་དགོས་པའི་སྐུལ་མ་བཏང་ཡོད་འདུག

 

དོན་ཚན་ ༢༨ ཅན་གྱི་གྲོས་ཆོད་དེའི་ནང་། རྒྱ་ནག་གཞུང་གིས་བོད་དང་ཧོང་ཀོང་། ཡུ་གུར་དང་ནང་སོག དེ་བཞིན་རྒྱ་རིགས་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཚམས་མ་བཞག་བར་དུ། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་རྒྱ་ནག་གི་ཕྱི་ལོ་ ༢༠༢༢ ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བརྡ་ངོས་ལེན་མི་བྱེད་པའི་སྐུལ་མ་བཏང་འདུག་ལ། ད་རེས་གྲོས་ཆོད་དེ་ནི་ཉེ་ལམ་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་ཚོང་འབྲེལ་གྱི་འགལ་ཟླ་བྱུང་རྐྱེན་འོག་བྱུང་བ་ཞིག་ཡིན་པ་རེད།

 

གྲོས་ཆོད་ནང་དམིགས་བསལ་རྒྱ་ནག་གིས་ཉེ་ལམ་ནས་ཧོང་ཀོང་གི་ཉིན་རེ་ཀུ་ཤུ་གསར་ཁང་གཙོས་པའི་མང་གཙོའི་ལས་འགུལ་བའི་ཐོག་དྲག་གནོན་གཏོང་གི་ཡོད་པའི་གནད་དོན་གཙོ་བཟུང་ཐོག་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་པ་དང་སྦྲགས། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། ཁྲིམས་ཀྱི་དབང་སྒྱུར་བཅས་ལ་བརྩི་བཀུར་དང་གོང་མཐོར་གཏང་རྒྱུ་ནི་ཡུ་རོབ་དང་རྒྱ་ནག་གི་ཡུན་རིང་འབྲེལ་ལམ་གྱི་དམིགས་འདུན་གཙོ་བོ་དེ་ཡིན། ཞེས་བརྗོད་འདུག

 

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེན་བྷིན་ཟེར་བས། རྒྱ་ནག་གིས་རྩེད་རིགས་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་བ་དང་འགྲོ་བ་མིའི་ཐོབ་ཐང་བེད་སྤྱད་ཀྱིས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། ཅེས་ཡུ་རོབ་མཐུན་ཚོགས་ལ་ལན་འདེབས་བྱས་འདུག

 

བོད་ཀྱི་དུས་བབ་ལས་དྲངས།

About རྩོམ་སྒྲིག་པ།