རྒྱལ་སྤྱིའི་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་ཞིག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ།

ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་(NBA)ཀྱི་རྩེད་འགྲན་པ་གྲགས་ཅན་ཨེ་ནེ་སི་ཀན་ཊར་(Enes Kanter)ལགས་ཀྱིས་བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་རྒྱ་ནག་གཞུང་གིས་བོད་ནང་དུ་དྲག་གནོན་མནར་གཅོད་གཏོང་མུས་ཡིན་པ་དེར་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་བརྙན་ཐུང་ཞིག་སྤེལ་གནང་འདུག

 

ཟླ་འདིའི་ཕྱི་ཚེས་ ༡༨ དང་ ༡༩ ཉིན་གྷི་རི་སིའི་རྒྱལ་ས་ཨེ་ཐེན་སི་ (Athens) རུ་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་ལིམ་པིག་རྩེད་འགྲན་ཆེན་མོའི་དཔལ་འབར་རྒྱ་ནག་ལ་རྩིས་སྤྲོད་ཀྱི་བྱ་འགུལ་དང་བསྟུན། བོད་དང་ཧོང་ཀོང་། ཡུ་གུར་བཅས་ཀྱི་ལས་འགུལ་བ་མང་པོས་ཞི་བའི་ངོ་རྒོལ་སྐད་འབོད་བྱས་ཏེ། རྒྱལ་སྤྱིའི་སྲིད་གཞུང་དང་། རྒྱལ་ཁབ་སོ་སོའི་ཨོ་ལིམ་པིག་གོ་སྒྲིག་ཚོགས་ཆུང་དང་། རྩེད་འགྲན་གྱི་སྦྱིན་བདག དེ་བཞིན་རྩེད་འགྲན་པ་རྣམས་ཀྱིས་པེ་ཅིན་གྱི་དགུན་དུས་ཨོ་རྩལ་ནས་ཕྱིར་འཐེན་བྱ་རྒྱུའི་རེ་སྐུལ་ཞུས་ཡོད་པ་ལྟར། ཁ་སང་རྒྱལ་སྤྱིའི་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་ཨེ་ནེ་སི་ཀན་ཊར་ (Enes Kanter) ལགས་ཀྱིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་སོགས་སུ་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་སྟེ། བོད་མི་རྣམས་ལ་འགྲོ་འདུག་གི་རང་དབང་དང་། བོད་ཀྱི་སྐད་ཡིག་སོགས་ལ་སློབ་སྦྱོང་བྱེད་པའི་ཐོབ་ཐང་མེད་པར་དྲག་གནོན་དང་མནར་གཅོད་གཏོང་མུས་ཡིན་པར་བརྟེན། བོད་མི་ ༡༥༠ ལྷག་གིས་སྐུ་ལུས་མེར་སྲེག་གནང་ཡོད་སྐོར་དང་། ཁོང་གིས་བོད་མི་ཚོའི་རང་དབང་གི་རེ་འབོད་ལ་རྒྱབ་སྐྱོར་གནང་གི་ཡོད་ཅེས་བརྙན་ཐུང་གི་ལམ་ནས་བསྒྲགས་གཏམ་ཞིག་སྤེལ་གནང་འདུག

 

དེ་ཡང་བརྙན་ཐུང་དེའི་ནང་ཁོང་གིས་༧གོང་ས་མཆོག་གི་སྐུ་པར་ཡོད་པའི་སྟོད་གོས་ནག་པོ་ཞིག་གྱོན་ཏེ། ངས་བོད་རང་བཙན་ཞེས་རྒྱ་ནག་གཞུང་ལ་བརྡ་ལན་གཏོང་གིན་ཡོད། བོད་ཀྱི་བདག་པོ་བོད་མི་ཡིན། ངས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ཀྱི་འོག་བོད་ནང་གི་གནས་སྟངས་སྐོར་བཤད་རྒྱུ་ཡིན། བོད་ནང་གི་བོད་མིར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། དེ་བཞིན་བོད་མི་ཚོས་སོ་སོའི་སྐད་ཡིག་དང་རིག་གཞུང་སོགས་ལ་སྦྱང་བརྩོན་བྱ་རྒྱུའི་རང་དབང་སོགས་གང་ཡང་མེད་པ་དང་། བོད་མི་རྣམས་ལ་གནས་ཚུལ་དྲིལ་བསྒྲགས་དང་འགྲོ་འོང་གི་རང་དབང་མེད་པའི་ཁར། མཐའ་ན་རང་དབང་གི་ཐོག་ནས་ཆོས་ཕྱོགས་ཀྱི་ལས་རིགས་ལའང་ཞུགས་ཆོག་གི་མེད་པ་རེད། ཅེས་བརྗོད་འདུག

 

ཡང་ཁོང་གིས། མི་ལོ་བདུན་ཅུའི་རིང་རྒྱ་ནག་གཞུང་གིས་གྲྭ་པ་དང་བཙུན་མ། རྩོམ་པ་པོ། ཤེས་ཡོན་པ། ཞི་རྒོལ་བ་སོགས་བཀག་ཉར་འཛིན་བཟུང་བྱས་ནས་ཆབ་སྲིད་ཀྱི་སློབ་གསོ་སྤྲད་དེ། བོད་མི་རྣམས་ལ་གཅར་རྡུང་འདྲི་རྩད་བྱས་ཡོད་པ་དང་། བོད་མི་ ༥༠༠༠ ལྷག་རྒྱ་ནག་གི་བཙོན་འོག་ཏུ་ཡོད་ཅིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་ཚགས་དང་། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཚེ། བོད་མི་རྣམས་གང་བྱུང་འཛིན་བཟུང་བཀག་ཉར་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་ངོ་བོ་དང་རིག་གཞུང་རྩ་གཏོར་དང་བསུབ་ཐབས་བྱེད་ཀྱི་ཡོད་པ་སོགས་བརྗོད་འདུག

 

གཞན་ཡང་། ཁོང་གིས་སྒེར་གྱི་ཊི་ཝེ་ཊར་དུ་ལྷམ་གྱི་ཐོག་ཏུ་བོད་ཀྱི་རྒྱལ་དར་ཡོད་པ་ཞིག་དང་། གཞོགས་གཡས་གཡོན་དུ་དབྱིན་ཡིག་གི་ཐོག་ནས་བོད་རང་བཙན་དང་། རང་ལུས་མེར་བསྲེགས་མཚོན་པའི་རི་མོ་སོགས་བྲིས་པ་ཞིག་སྤེལ་ཏེ། བོད་ནང་གི་དཔའ་བོ་དཔའ་མོ་ ༡༥༠ ལྷག་གིས་སྐུ་ལུས་མེར་བསྲེགས་ཏེ། བོད་དོན་དྲིལ་བསྒྲགས་ཡོང་རྒྱུའི་རེ་འདུན་བཅངས་ཡོད་པ་ལྟར། ང་རང་བོད་མི་ཚོ་དང་མཉམ་དུ་ལངས་ནས་ངས་ཁོང་ཅག་གི་རང་དབང་གི་འབོད་སྒྲ་ལ་རྒྱབ་སྐྱོར་ཡོད། #བོད་རང་བཙན། #རང་བཙན་གྱི་ལྷམ། ཞེས་བྲིས་འདུག

 

ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༠ ནང་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཁོངས་སུ་ཡོད་པའི་ཧོ་སི་ཊོན་རོ་ཀེ་ཊི་ (Houston Rockets) རུ་ཁག་གི་སྤྱི་ཁྱབ་དོ་དམ་པ་ཌ་རིལ་མོ་རེ་ (Daryl Morey)ལགས་ཀྱིས། ཧོང་ཀོང་མི་མང་གི་ཞི་བའི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་ཡོད་སྐོར་བརྗོད་པར་བརྟེན། རྒྱ་ནག་གཞུང་དང་རྒྱ་རིགས་སིལ་སྤོལ་ལ་དགའ་མོས་བྱེད་མཁན་ཚོས་སྐྱོན་བརྗོད་དྲག་པོ་བྱས་འདུག་ལ། སིལ་སྤོལ་ལྷན་ཚོགས་ངོས་ནས་རྒྱ་རིགས་མི་མང་ལ་དགོངས་སེལ་ཞུ་དགོས་སྐོར་བརྗོད་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་བརྙན་འཕྲིན་བརྒྱུད་ལམ་ཁག་ཏུ་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཀྱི་རྩེད་འགྲན་ཁག་ཤར་གཏོང་བྱེད་མཚམས་བཞག་ཡོད་སྟབས། སྐབས་དེར་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཀྱིས་དགོངས་སེལ་ཞུས་ཡོད་པ་རེད།

 

ད་ལྟ་རང་ལོ་ ༢༩ ཡིན་པའི་སིལ་སྤོལ་རྩེད་མོ་བ་གྲགས་ཅན་ཨེ་ནེ་སི་ཀན་ཊར་སུད་སི་གྲོང་ཁྱེར་གྱི་ཛྷཱུ་རི་ཆི ( Zurich ) རུ་སྐྱེས་ཤིང་། ཁོང་ནི་ཨ་རིའི་རྒྱལ་སྤྱིའི་ཨེན་བྷི་ཨེ་ (NBA) ཡི་རྩེད་མོ་བ་གྲགས་ཅན་ཞིག་ཡིན་པ་འདུག་ལ།  ཁོང་གི་Instragram ནང་རྗེས་འབྲངས་བ་མི་གྲངས་འབུམ ༧ ལྷག་དང་། ཊི་ཝེ་ཊར་ལ་རྗེས་འབྲངས་བ་མི་གྲངས་འབུམ ༤ ལྷག དེ་བཞིན་ངོ་དེབ་ལ་རྗེས་འབྲངས་བ་མི་གྲངས་ ༢༠༨༩༨༡ ཙམ་ཡོད་འདུག

 

 

About རྩོམ་སྒྲིག་པ།