སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་ཀན་ཊར་ལགས་ནོར་སྦེལ་གཟེངས་རྟགས་ཀྱི་འོས་མིར་མིང་འདོན་གནང་།

ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་(NBA)རྩེད་འགྲན་པ་གྲགས་ཅན་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཨེ་ནེ་སི་ཀན་ཊར་རང་དབང་(Enes Kanter Freedom)ལགས་འདི་ལོའི་ནོར་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིའི་ཁོངས་སུ་མིང་འདོན་གནང་འདུག

ཁ་སང་ The Atlantic  གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་ཀྱི་ནོར་ཝེ་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཞིག་གིས། ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་(NBA)རྩེད་འགྲན་པ་གྲགས་ཅན་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཨེ་ནེ་སི་ཀན་ཊར་རང་དབང་(Enes Kanter Freedom)ལགས།  ཕྱི་ལོ་ ༢༠༢༢ ལོའི་ནོར་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་མིང་འདོན་གནང་ཡོད་པ་རེད་འདུག་ལ། དེའི་ཐད་ཨེ་ནི་སི་ཀན་ཊར་ལགས་ཀྱིས་སྒེར་གྱི་ཊི་ཝེ་ཊར་དྲ་ལམ་དུ། ང་རང་ནོར་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་མིང་འདོན་བྱས་པར་དགའ་ཚོར་ཆེན་པོ་བྱུང་། མཚམས་རེར་ལངས་ཕྱོགས་བརྟན་པོ་བྱ་རྒྱུ་ནི་རང་ཉིད་ཀྱི་གླ་ཕོགས་ལས་གལ་གནད་ཆེ་བ་ཡོད། ཅེས་བྲིས་འདུག

 

གཞན་ཡང་དེ་འབྲེལ་གནས་ཚུལ་ནང་དུ། ཀན་ཊར་ལགས་སིལ་ཀྲིག་སི་( Celtric ) རུ་ཁག་ནས་གན་རྒྱའི་ཡུན་དུས་རྫོགས་གྲབས་ཡོད་པའི་མཚམས་དེར། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ནོར་སྦེལ་གཟེངས་རྟགས་ཐོབ་མཁན་མི་གྲངས་ ༣༠ ཡིས། སིལ་ཀྲིག་སི་( Celtric ) རུ་ཁག་གིས་ལོ་རྒྱུས་ཀྱི་བདེན་དོན་གོང་དུ་བཀུར་ནས་ཀན་ཊར་མཉམ་དུ་ལངས་དགོས་པ་ལས། ཁོང་ཉིད་རུ་ཁག་ནས་ཕྱིར་འབུད་གཏོང་མི་ཉན་པའི་འབོད་སྐུལ་ཞུས་ཡོད་ཀྱང་། ཁོང་ཉིད་ཀྱི་གན་རྒྱའི་དུས་ཡུན་རྫོགས་ནས་ཧོ་སི་ཊོན་རོ་ཀེ་ཊི་( Houston Rockets) རུ་ཁག་ཏུ་མངགས་གཏོང་བྱས་ཡོད་པ་རེད་འདུག

 

ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༠ ནང་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཁོངས་སུ་ཡོད་པའི་ཧོ་སི་ཊོན་རོ་ཀེ་ཊི་(Houston Rockets) རུ་ཁག་གི་སྤྱི་ཁྱབ་དོ་དམ་པ་ཌ་རིལ་མོ་རེ་ (Daryl Morey)ལགས་ཀྱིས། ཧོང་ཀོང་མི་མང་གི་ཞི་བའི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་ཡོད་སྐོར་བརྗོད་པར་བརྟེན། རྒྱ་ནག་གཞུང་དང་རྒྱ་རིགས་སིལ་སྤོལ་ལ་དགའ་མོས་བྱེད་མཁན་ཚོས་སྐྱོན་བརྗོད་དྲག་པོ་བྱས་པ་མ་ཟད། རྒྱ་ནག་གཞུང་གི་བརྙན་འཕྲིན་བརྒྱུད་ལམ་ཁག་ཏུ་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཀྱི་རྩེད་འགྲན་ཁག་ཐད་གཏོང་བྱེད་མཚམས་བཞག་ཡོད་སྟབས། ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཀྱིས་དགོངས་སེལ་ཞུ་དགོས་ཁེལ་ཡོད་འདུག འོན་ཀྱང་། ད་ལན་སིལ་སྤོལ་རུ་ཁག་དེས་རྒྱ་ནག་ལ་ཡོངས་གྲགས་ཐོག་སྐྱོན་བརྗོད་བྱེད་མཁན་གྱི་རྩེད་འགྲན་པ་དང་འཐབ་རྩོད་པ་ཀན་ཊར་ལགས་ཚོགས་ཁོངས་སུ་བླངས་ཡོད་འདུག

 

འདས་ལོའི་ཕྱི་ཟླ་ ༡༠ ནང་རྒྱལ་སྤྱིའི་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་ཨེ་ནེ་སི་ཀན་ཊར་ (Enes Kanter) ལགས་ཀྱིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་སོགས་སུ་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་སྟེ། བོད་མི་རྣམས་ལ་འགྲོ་འདུག་གི་རང་དབང་དང་། བོད་ཀྱི་སྐད་ཡིག་སོགས་ལ་སློབ་སྦྱོང་བྱེད་པའི་ཐོབ་ཐང་མེད་པར་དྲག་གནོན་དང་མནར་གཅོད་གཏོང་མུས་ཡིན་པར་བརྟེན། བོད་མི་ ༡༥༠ ལྷག་གིས་སྐུ་ལུས་མེར་སྲེག་གནང་ཡོད་སྐོར་དང་། ཁོང་གིས་བོད་མི་ཚོའི་རང་དབང་གི་རེ་འབོད་ལ་རྒྱབ་སྐྱོར་གནང་གི་ཡོད་ཅེས་བརྙན་ཐུང་གི་ལམ་ནས་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང་འབྲེལ། ཁོང་གིས། རང་ཉིད་ཆུང་དུས་ནས་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་ཡིད་སྨོན་འཆོར་མཁན་ཞིག་ཡིན་པ་དང་། འཛམ་གླིང་གི་མགོ་ཁྲིད་ཚོས་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལ་མཉན་ཚེ། ང་ཚོའི་དུས་སྐབས་འདིར་འཛམ་གླིང་དུ་ཁྱོད་ཤི་ང་གསོན་གྱི་དམག་འཁྲུག་མི་འབྱུང་། ཞེས་བརྗོད་ཡོད་པ་མ་ཟད། མ་འོངས་པར་བཞུགས་སྒར་དྷ་རམ་ས་ལར་༧གོང་ས་རྒྱལ་བ་རིན་པོ་ཆེར་ཆེད་བཅར་ཞུ་འདོད་ཡོད་སྐོར་སོགས་བརྗོད་ཡོད་པ་རེད་འདུག

 

ད་ལྟ་རང་ལོ་ ༢༩ ཡིན་པའི་སིལ་སྤོལ་རྩེད་མོ་བ་གྲགས་ཅན་ཨེ་ནེ་སི་ཀན་ཊར་སུད་སི་གྲོང་ཁྱེར་གྱི་ཛྷཱུ་རིག( Zurich ) ཏུ་སྐྱེས་པའི་ཊོར་ཀེའི་མི་རིགས་ཀྱི་རྒྱུད་པ་ཞིག་ཡིན་ཞིང་། ཁོང་ནི་ཨ་རིའི་རྒྱལ་སྤྱིའི་ཨེན་བྷི་ཨེ་ (NBA) ཡི་རྩེད་མོ་བ་གྲགས་ཅན་ཞིག་ཡིན་པ་འདུག་ལ།  ཁོང་གི་ Instragram ནང་རྗེས་འབྲངས་བ་མི་གྲངས་ས་ཡ་ ༡།༥ ལྷག་དང་། ཊི་ཝེ་ཊར་ལ་རྗེས་འབྲངས་བ་མི་གྲངས་འབུམ ༦  ལྷག དེ་བཞིན་ངོ་དེབ་ལ་རྗེས་འབྲངས་བ་མི་གྲངས་འབུམ་ ༢ ལྷག་ཡོད་འདུག

 

About རྩོམ་སྒྲིག་པ།