སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།

སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན། ནང་པ་སངས་རྒྱས་པའི་སེམས་ཁམས་རིག་པ་གཞིར་བཞག་བྱས་ན། རང་རེའི་དཀའ་རྙོག་མང་ཆེ་བ་ནི། ང་ཚོས་འཁྲུལ་ཤེས་ཀྱིས་དངོས་པོ་ཐམས་ཅད་རྟག་པ་བདེན་གྲུབ་ཏུ་བཟུང་སྟེ་ཆགས་ཞེན་ཤུགས་ཆེ་དང༌།འདོད་རྔམས་དྲག་པོ་བྱས་པ་ལས་བྱུང་བ་ཡིན། རང་རེས་ཆགས་ཞེན་དང༌། འདོད་རྔམས་ཀྱི་བསྒྲུབ་བྱ་དོན་ལ་འཁྱོལ་བའི་ཆེད་དུ། དགྲ་གཤེད་དང་འགྲན་སེམས་ཀྱི་གནས་སྟངས་འཛིན་པ་དེ་ནུས་ལྡན་གྱི་བྱ་ཐབས་ངོ་མ་ཡིན་པ་ལྟ་བུས་བསམ་བློའི་འཆར་སྒོ་བྱ་སྤྱོད་ཐོག་བདེ་བླག་ཏུ་བསྒྱུར་ཏེ་འཁྲུག་རྩོད་འཕེལ་རྒྱས་གཏོང་བ་དེ་མངོན་གསལ་ཅན་གྱི་ནུས་ཤུགས་དངོས་ཐོག་བྱུང་བ་ཞིག་རེད། བསམ་སྤྱོད་ཀྱི་རིམ་པ་འདི་དག་ནི། གདོད་མ་ཉིད་ནས་འགྲོ་བ་མིའི་སེམས་སུ་ཡོད་བཞིན་པ་དེ་ལྟར་ཡང༌། དེང་རབས་ཀྱི་གནས་སྟངས་ཐོག་དེ་དག་ལག་ལེན་བསྟར་ཕྱོགས་ཀྱི་ནུས་ཤུགས་སྔར་ལས་ཆེ་བར་གྱུར་ཡོད། རང་རེས་འདོད་ཆགས་དང༌། ཞེ་སྡང༌། གཏི་མུག་ཅེས་པའི་དུག་རིགས་འདི་དག་བཀག་སྡོམ་དང༌། ཚོད་འཛིན་ཇི་ལྟར་བྱེད་ཐུབ་བམ། གང་ལགས་ཤེ་ན། འཛམ་གླིང་འདི་ནང་གི་དཀའ་རྙོག་རེ་རེའི་རྒྱབ་ཏུ་དུག་རིགས་འདི་དག་ཅི་རིགས་ཤིག་ཡོད་པར་སྣང༌། ཁོ་བོ་རང་ཉིད་ནང་པ་སངས་རྒྱས་པའི་ཐེག་པ་ཆེན་པོའི་ཆོས་ལུགས་ནང་འཚར་ལོངས་བྱས་པ་ཞིག་ཡིན་པའི་ཆ་ནས་བྱམས་པ་དང༌། སྙིང་རྗེ་ནི་འཛམ་གླིང་ཞི་བདེ་དང་ཡ་རབས་སྤྱོད་བཟང་གི་རྒྱུ་དང་སྤུན་ལྟ་བུ་ཡིན་པར་བསམ། སྔོན་ལ་ངོས་ཀྱིས་སྙིང་རྗེ་ཞེས་པའི་གོ་དོན་གསལ་ཙམ་ཞིག་བརྗོད་རྒྱུར། སྐྱེ་བོ་གང་ཞིག་གིས་ཤིན་ཏུ་དབུལ་ཞིང་ཕོངས་པའི་མི་ཞིག་ལ་ཡ་ང་བ་དང༌། སྙིང་རྗེ་སྐྱེ་བའི་སྐབས་སུ། གང་གིས་དབུལ་ཕོངས་དེ་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་འདོན་གྱི་ཡོད་ཅིང༌། དེ་ནི་སྙིང་རྗེ་སྐྱེ་ཡུལ་ཕོ་མོ་གང་ཡང་རུང་བ་དེ་དབུལ་ཕོངས་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་ཡིན། དེ་བས་ན་སྐྱེ་བོ་དེའི་སྙིང་རྗེ་དེ་ནི་གཞན་ཕན་སེམས་ཁུར་གྱི་གཞི་རྩར་བརྟེན་པ་ཞིག་ཡིན། ཕྱོགས་གཞན་ཞིག་གི་ཆ་ནས། རང་གི་ཆུང་མའམ། ཁྱོ་བོ། བུ་ཕྲུག ཡང་ན་ཉེ་བའི་མཛའ་གྲོགས་བཅས་ལ་བརྩེ་སེམས་སྐྱེ་བ་ནི་ཆགས་ཞེན་གྱི་གཞི་ལས་བྱུང་བ་ཡིན། གང་གི་ཆགས་ཞེན་དེ་ལ་འགྱུར་བ་འགྲོ་སྐབས་སུ་དེའི་བྱམས་སེམས་ལའང་འགྱུར་བ་འགྲོ་བ་མ་ཟད། བྱམས་སེམས་དེ་ཉམས་བརླག་ཏུ་འགྲོ་བའང་ཡོད་སྲིད། འདི་ནི་བརྩེ་སེམས་ངོ་མ་མ་ཡིན། བརྩེ་སེམས་ངོ་མ་ནི་ཆགས་ཞེན་གྱི་གཞི་ལས་བྱུང་བ་མ་ཡིན་པར། གཞན་ཕན་གྱི་སེམས་སྐྱེད་འབའ་ཞིག་ལ་བརྟེན་ནས་བྱུང་བ་ཡིན། སྐབས་དོན་འདིའི་ཐད་ལ། འགྲོ་བ་སེམས་ཅན་མཐའ་དག་ཇི་ཙམ་སྡུག་བསྔལ་གྱིས་མནར་བཞིན་ཡོད་པ་དེ་ཙམ་དུ་རང་གིས་གཞན་ལ་ཕན་པ་སྒྲུབ་པའི་སེམས་འཁུར་བསྐྱེད་པ་ཡིན་ན། རང་ཉིད་ཀྱི་སྙིང་རྗེ་ཉམས་མེད་པར་རྒྱུན་གནས་ཐུབ་པ་ཡིན། འདི་ལྟ་བུའི་སྙིང་རྗེ་ཞིག་རང་རེའི་རྒྱུད་ལ་སྐྱེད་འཕེལ་ཡོང་ཐབས་སུ་འབད་བརྩོན་བྱས་ཏེ་ཚད་ཡོད་ཀྱི་སྙིང་རྗེ་དེ་ཚད་མེད་ཀྱི་སྙིང་རྗེ་ཞིག་ཏུ་ཡར་རྒྱས་ངེས་པར་གཏོང་དགོས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཉེ་རིང་བྲལ་ཞིང༌། བཅོས་མ་མིན་པ། ཚད་མེད་པའི་སྙིང་རྗེ་སྐྱེས་པ་དེས་རང་གི་ཉེ་གྲོགས་སམ། ནང་མིར་འཛིན་པའི་སྤྱིར་བཏང་གི་བརྩེ་སེམས་དེ་རིགས་མ་ཡིན་པའི་ཁྱད་ཆོས་གསལ་བར་མངོན་ཐུབ། སྤྱིར་བཏང་གི་བརྩེ་སེམས་དེ་རིགས་ནི་མ་རིག་པ་དང༌། འདོད་སྲེད་ཆགས་ཞེན་འདི་དག་གི་ལྷད་ཞུགས་པ་ཞིག་ཡིན། རང་རེས་བརྩེ་སེམས་ཇི་ལྟ་བུ་ཞིག་སྐྱེད་དགོས་ཟེར་ན། རང་ལ་གནོད་འཚེ་བྱེད་མཁན་གྱི་དགྲ་བོ་ལའང་བྱམས་པ་དང་བརྩེ་བའི་སེམས་སྐྱེད་པ་དེ་འདྲ་ཞིག་དགོས། སྙིང་རྗེ་སྐྱེ་བའི་རྒྱུ་མཚན་ནི། རང་རེ་སྐྱེ་འགྲོ་མ་ལུས་པ་བདེ་བ་འདོད་ཅིང༌། སྡུག་བསྔལ་མི་འདོད་པ་གཅིག་མཚུངས་སུ་ཡོད་པ་དེ་ཡིན། བདེ་བ་འདོད་པའི་བློ་སྐྱེད་དུ་འཇུག་མཁན་ང་ཞེས་རྟག་པར་འཛིན་པའི་ཤེས་པ་དེ་ཡིན། དངོས་དོན་ཐོག་སེམས་ཅན་ཐམས་ཅད་འདོད་ཚུལ་འདྲ་མཚུངས་ཀྱི་ཐོག་ནས་སྐྱེ་བ་བླངས་པ་ཤ་སྟག་ཡིན་པས། དེ་དག་ཚང་མའི་རེ་འདོད་ཡོངས་སུ་བསྐོང་བའི་ཐོབ་ཐང་ཡང་འདྲ་མཉམ་ཞིག་ངེས་པར་དུ་དགོས་པ་ཡིན། ངོས་རང་དང༌། གྲངས་ལས་འདས་པའི་སེམས་ཅན་གྱི་ཁྱད་པར་བསྡུར་ན། ང་མི་གཅིག་ཡིན་པ་དང༌། གཞན་དག་མང་པོ་ཡིན་པའི་རྒྱུ་མཚན་གྱི་ཆ་ནས་སྐྱེ་འགྲོ་གཞན་རྣམས་རང་ཉིད་ལས་གལ་གནད་ཆེ་བར་བསམ་གྱི་ཡོད། དེ་མ་ཚད། བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ཐོག་ནས་སེམས་ཅན་ཐམས་ཅད་རང་གི་སྙིང་ནས་བརྩེ་བའི་མ་ལྟ་བུར་བལྟ་དགོས་པ་དང༌། དེ་དག་ཚང་མར་བརྩེ་སེམས་ལྡན་པའི་སྒོ་ནས་དྲིན་གཟོ་བྱ་དགོས་པའི་སློབ་སྟོན་བྱེད་སྲོལ་ཡོད། ནང་པ་སངས་རྒྱས་པའི་ལྟ་བ་གཞིར་བཞག་བྱས་ན། རང་རེ་ཚང་མས་གྲངས་ལས་འདས་པའི་སྐྱེ་བ་ཡང་ནས་ཡང་དུ་བླངས་དང་ལེན་རྒྱུ་མ་ཟད། སེམས་ཅན་རེ་རེས་ཀྱང་རང་གི་ཕ་མ་བྱས་དང་བྱེད་སྲིད་པ་དེ་ལྟར་ཡིན། འབྲེལ་ལམ་འདིའི་ཐོག་ནས་འཇིག་རྟེན་ཁམས་ཀྱི་སྐྱེ་འགྲོ་ཚང་མས་ཁྱིམ་ཚང་གཅིག་གི་ནང་མི་ལྟ་བུའི་འབྲེལ་བ་མཉམ་དུ་སྤྱོད་བཞིན་ཡོད། ཆོས་ལ་ཡིད་ཆེས་མིན་ལ་མ་ལྟོས་པར། བྱམས་བརྩེ་དང་སྙིང་རྗེ་བྱུང་བར་དགའ་ཚོར་མི་བྱེད་མཁན་སུ་ཡང་མེད། རང་རེ་སྐྱེས་མ་ཐག་པ་ནས་ཕ་མའི་བྱམས་སྐྱོང་འོག་ཏུ་གནས་ཡོད་པ་དང༌། དེ་རྗེས་མི་ཚེའི་རིང་ན་བ་དང༌། རྒ་བའི་སྡུག་བསྔལ་མྱོང་སྐབས་སུའང་གཞན་གྱི་བཀའ་དྲིན་ལ་བརྟེན་དགོས་པ་ཡིན། ང་ཚོའི་མི་ཚེའི་ཐོག་མཐའ་བར་གསུམ་དུ་གཞན་གྱི་དྲིན་ལ་བརྟེན་དགོས་པ་ཡིན། དེ་བས་ན་མི་ཚེའི་བར་མར་གཞན་ལ་བྱམས་བརྩེའི་བྱ་བ་མི་སྒྲུབ་པ་གང་ཡིན་ནམ། འགྲོ་བ་མི་ཚང་མར་དགའ་ཉེའི་འདུ་ཤེས་འཛིན་པའི་སེམས་བཟང་པོ་ཞིག་སྐྱེ་བར་བྱེད་པ་ལ། ང་ཚོས་རྒྱུན་གཏན་ཉམས་ལེན་བྱེད་པའི་ཆོས་དད་རྣམ་དག་ཅིག་དགོས་པའི་ཁྱབ་པ་མེད། སེམས་བཟང་པོ་བྱེད་པ་འདི་ནི་ཆོས་ལ་ཡིད་ཆེས་བྱེད་མཁན་ཙམ་མ་ཡིན་པར། མི་རིགས་དང༌། ཆོས་ལུགས། སྲིད་དོན་ལ་སོགས་པར་མ་ལྟོས་པའི་སྐྱེ་བོ་ཚང་མའི་དོན་དུ་དགོས་པ་ཡིན། སེམས་བཟང་པོ་འདི་བཞིན། རང་ཉིད་སེམས་ཅན་གཞན་ལས་ཁྱད་པར་འཕགས་པའི་འགྲོ་བ་མིའི་ཁྱིམ་ཚང་གི་ནང་མི་ཞིག་ཡིན་པའི་སེམས་ཁུར་འཛིན་མཁན་སྐྱེ་བོ་ཕོ་མོ་གང་རུང་དང༌། ཕུགས་རྒྱང་རིང་ཞིང༌། རྒྱ་ཆེ་བའི་དངོས་པོ་ཀུན་གྱི་རང་བཞིན་ཤེས་རྟོགས་ཐུབ་མཁན་སྐྱེ་བོ་སུ་རུང་གི་ཆེད་དུའང་དགོས་པ་ཡིན། སེམས་བཟང་པོ་བྱེད་པ་འདི་ནི་ང་ཚོས་ངེས་པར་དུ་ལག་ལེན་དངོས་བསྟར་དང་འབྲེལ་བའི་ཡར་རྒྱས་གཏོང་དགོས་པ་ཞིག་ཡིན་རུང༌། རང་རེས་དེ་ལས་ལྡོག་སྟེ་ཕལ་ཆེར་དོ་སྣང་མི་བྱེད་པ་དང༌། ལྷག་པར་ལོ་ཚད་དར་མའི་རིང་དེར་རང་ཉིད་བདེ་ཐང་དུ་རློམ་པའི་འདུ་ཤེས་འཁྲུལ་པ་ཉམས་སུ་མྱོང་བའི་ཚེ་སེམས་བཟང་པོ་བྱེད་པ་འདི་སྣང་མེད་ལིང་བསྐྱུར་དུ་འཇོག་པ་ཡིན། སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང༌། སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་པའི་དངོས་ཡོད་གནས་ཚུལ་དེ་ལ་ཕུགས་ཡུན་རིང་པོའི་ཆ་ནས་གནད་འགག་དང་ལྡན་པར་བརྩི་བ་དང༌། གྲངས་ལས་འདས་པའི་སེམས་ཅན་གཞན་དག་དང་བསྡུར་ན། རང་ཉིད་ཉེ་འབྲེལ་ལྟོས་ཕྱོགས་དང་བཅས་པ་དེ་གལ་གནད་ཆེན་པོ་མིན་པ་རང་རེའི་སེམས་སུ་བཅངས་པ་ཡིན་ན། རང་ཉིད་སྒེར་གྱི་འདོད་ཡོན་ལོངས་སྤྱོད་རྣམས་གཞན་དག་དང་མཉམ་སྤྱོད་བྱེད་པ་དེ་ནི་དོན་དང་ལྡན་པ་ཞིག་ཡིན་ངེས་ཐག་གཅོད་བྱེད་ཐུབ། འདི་ལྟ་བུའི་ལྟ་ཚུལ་ཐོག་བློ་སྦྱོང་ཐུབ་པ་ཡིན་ན། གཞན་ལ་བྱམས་བརྩེ་དང༌། གུས་བཀུར་བྱེད་པའི་འདུ་ཤེས་ངོ་མ་དང་ལྡན་པའི་སྙིང་རྗེའི་བསམ་པ་བཅོས་མ་མིན་པ་ཞིག་འབྱུང་སྲིད་པ་ཡིན། རང་ཉིད་བདེ་ཐབས་འབའ་ཞིག་དོན་གཉེར་བྱེད་པའི་བསམ་བློ་མཚམས་འཇོག་ཐུབ་ཚེ་གཞན་ལ་བརྩེ་ཞིང་ཕན་པ་སྒྲུབ་པའི་བྱ་བ་ཁྱད་འཕགས་ཡོངས་སུ་གྲུབ་པའི་ཐོག་ནས། རང་གི་བདེ་སྐྱིད་རང་ཤུགས་སུ་འབྱུང་བ་ཡིན། ཉིན་རེ་ཉིན་རེའི་མི་ཚེའི་ཐོག་ལ་ཕན་ཐོགས་ཆེ་ཤོས་ཆོས་ཀྱི་བསམ་བློ་ཡར་རྒྱས་བཏང་བའི་གྲུབ་འབྲས་གཞན་ཞིག་ཡོད་པ་དེ་ནི་སེམས་པ་ཞི་འཇམ་བཟོ་བ་དང༌། བློ་བག་ཕེབས་པོར་འཇོག་པ་དེ་ཡིན། རང་རེའི་མི་ཚེ་ནི་བར་མཚམས་མེད་པར་འཕོ་འགྱུར་འགྲོ་བ་དང༌། དཀའ་ངལ་མང་པོ་འདུ་བ་ཞིག་ཡིན་པས་སེམས་པ་ཞི་ཞིང་དྭངས་བར་གནས་པའི་སྐབས་སུ་དཀའ་རྙོག་མཐའ་དག་བདེ་བླག་ངང་ནས་སེལ་ཐུབ། འོན་ཀྱང་རང་རེས་དེ་ལས་ལྡོག་སྟེ་ཞེ་འཁོན་སྡང་འཛིན་དང༌། རང་གཅེས་འཛིན། ཕྲག་དོག ཁོང་ཁྲོ་བཅས་ཀྱི་དབང་དུ་སོང་བའི་སེམས་རྒོད་དེ་གཅུན་མ་ཐུབ་པའི་གནས་སྐབས་སུ། རང་རེའི་ལེགས་ཉེས་བླང་དོར་འབྱེད་པའི་རྣམ་དཔྱོད་དེ་ཉམས་བརླག་ཏུ་འགྲོ་བ་མ་ཟད། རང་རེའི་བློ་མིག་ལྡོང་ཞིང༌། སེམས་འཁྲུག་བློ་རྒོད་ཀྱི་གནས་སྐབས་སུ་གྱུར་སྐབས་དམག་འཐབ་བྱེད་པ་དང་བཅས་པའི་གནས་ཚུལ་གང་ཡང་འབྱུང་སྲིད་པ་ཡིན། དེར་བརྟེན་སྙིང་རྗེ་དང༌། ཤེས་རབ་ཀྱི་ཉམས་ལེན་རྒྱུད་ཐོག་ཏུ་འགེལ་བ་དེ་ནི་ཚང་མར་ཕན་རླབས་ཆེ་ཞིང༌། ལྷག་པར་དུ་རྒྱལ་སྲིད་འཛིན་སྐྱོང་གི་འགན་ཁུར་ལྡན་པ། འཛམ་གླིང་ཞི་བདེ་འཛུགས་སྐྲུན་གྱི་ནུས་ཤུགས་དང་གོ་སྐབས་ལག་ཏུ་འཛིན་མཁན་རྣམས་ལ་ཕན་རླབས་ཤིན་ཏུ་ཆེ་བ་ཞིག་ཡིན།། །།

About རྩོམ་སྒྲིག་པ།