༄༅། །གྲོས་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་རྣམ་པ་གཉིས་དང༌། ཚོགས་མི་རྣམ་པ། འཛིན་སྐྱོང་གི་བཀའ་བློན་ཁྲི་པ་དང་བཀའ་བློན་རྣམ་པ། དེ་བཞིན་ཁྱེད་ཚོ་ལས་བྱེད་ཁག་མང་པོ་ཡོད་པ་བཅས་ལ་ཞུ་རྒྱུར། དེ་རིང་གི་གྲོས་ཚོགས་འདིའི་ནང་མི་རབས་གསར་པ་མང་པོ་ཞིག་སླེབས་ཡོད་པའི་སྐབས་སུ་ཚོགས་བཅར་ཐུབ་པར་ཧ་ཅང་དགའ་པོ་བྱུང༌། དེ་རིང་ཚོགས་དུས་གསར་པ་འདིའི་སྐབས་ཀྱི་ཚོགས་གཙོ་བགྲེས་གཞོན་གཉིས་དང༌། ཚོགས་མི་རྣམ་པ་ཚང་མར་འཚམས་འདྲི་ཞུ་གི་ཡོད། ཚང་མས་ཐལ་མོ་བརྡབས། དེ་དང་ཆབས་ཅིག་དེ་རིང་གྲོས་ཚོགས་ནང་སླེབས་པའི་ཚོགས་མི་གསར་པ་ཚོར་དམིགས་བསལ་གྱི་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་གི་ཡོད། ང་ལ་དམིགས་བསལ་གྱི་གཏམ་གསར་པ་དེ་འདྲ་བཤད་རྒྱུ་གང་ཡང་མེད། ཕྱིན་ཆད་ཀྱི་བྱེད་འཆར་སྐོར་ལ་ཆ་བཞག་ན། འདས་པའི་ཉམས་མྱོང་གཞི་ལ་བཞག་ནས་བློ་གྲོས་གསར་པ་འདོན་རྒྱུའི་ཐབས་ཤེས་ཕྱོགས་ག་འདྲ་ནས་བྱེད་དགོས་ཀྱི་ཡོད་མེད་ཁྱེད་ཚོས་མཁྱེན་གྱི་ཡོད་ཅིང༌། གཙོ་བོ་གོ་བསྡུར་ཡག་པོ་བྱས། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན། ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་བོད་གངས་ཅན་གྱི་ལྗོངས་སུ་ཡོངས་སུ་གྲགས་ཡོད་རེད། ཆོས་རྒྱལ་མེས་དབོན་རྣམ་གསུམ་ནི་དངོས་གནས་རྣམ་དཔྱོད་དང་སྙིང་སྟོབས་ཡོད་པ། བོད་སྤྱིའི་དོན་དུ་ལྷག་བསམ་གྱིས་ཕྱུག་པ། ཆོས་ཕྱོགས་ནས་བཤད་ན། ཐུགས་བསྐྱེད་སྨོན་ལམ་བཙན་པོ་ཡོད་པ་དེ་དག་གིས་བོད་མི་རིགས་ཞེས་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་ཞིག་འཛུགས་སྐྲུན་གནང་ཡོད། བར་སྐབས་འདས་པའི་ལོ་སྟོང་ཕྲག་གི་རིང་ལ་བོད་ལ་དར་རྒུད་སྣ་ཚོགས་ཤིག་བྱུང་ཡོད། ཡིན་ནའང་བོད་མི་རིགས་ཀྱི་རྩ་བ་བརླགས་ཡོད་མ་རེད། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ལ་ཆ་བཞག་ནའང་རྩ་བ་བརྟན་པོ་ཞིག་ཚུགས་ནས་དུས་ད་ལྟ་བར་དུ་གནས་ཡོད། ད་ལྟའི་དུས་ཚོད་འདིར་འགྱུར་བ་ཧ་ཅང་ཆེན་པོ་ཞིག་གིས་འཚོ་གནས་ཐུབ་མིན་གྱི་མཚམས་ལ་སླེབས་ཡོད། སྤྱིར་བཏང་འཛམ་བུ་གླིང་གི་འགྱུར་བ་འདི་ཧ་ཅང་མྱུར་པོ་དང་ཤུགས་ཆེན་པོའི་སྒོ་ནས་འགྲོ་བཞིན་ཡོད་པའི་དུས་ཚོད་ཅིག་ཆགས་ཡོད། ང་ཚོ་བོད་པའི་གནས་ཚུལ་ཡང་མི་རིགས་ཤིག་འཚོ་གནས་ཐུབ་མིན་གྱི་མཚམས་སུ་སླེབས་ཏེ། དུས་ཚོད་ཧ་ཅང་གཉན་འཕྲང་ཡིན། ཡིན་ནའང་བོད་མི་སྤྱི་བོ་གནམ་བསྟན་ཚང་མ་བོད་མི་རིགས་ཀྱི་ཤ་ཁྲག་ལས་གྲུབ་པ་ཞིག་ཡིན་དུས་མི་རིགས་ཀྱི་ལ་ཞེན་ཧ་ཅང་ཤུགས་ཆེན་པོ་ཞིག་བོད་ཕྱི་ནང་གཉིས་ཀར་ཡོད། ལྷག་དོན་བོད་ནང་དུ་རྒྱ་མིའི་ཤེས་ཡོན་སློབ་གསོའི་འོག་ཏུ་འཚར་ལོངས་བྱུང་བ་ཚོ་དང༌། ཐ་ན་ལས་བྱེད་མཐོ་རིམ་གུང་ཁྲན་ཏང་ཡོན་ཡིན་པ་དེ་དག་གི་བརྒྱ་ཆ་དགུ་བཅུ་གོ་གྲངས་ལྷག་ཙམ་ལ་མི་རིགས་ཀྱི་ལྟ་བ་ཤུགས་ཆེ་ཡོད་པ་ཧ་ཅང་གསལ་པོ་ཡིན། བྱས་ཙ་ན་བོད་མི་རིགས་ལ་རྐྱེན་ངན་ཆེན་པོ་ཞིག་ཕྲད་ཀྱང༌། མི་རིགས་ཀྱི་སྙིང་སྟོབས་དང༌། མི་རིགས་ཀྱི་ལ་རྒྱ། མི་རིགས་ཀྱི་སྤྱི་སེམས་དེ་ཚོའི་ཐད་ང་ཚོ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་མཇུག་མཐུད་མཁན་ཞིག་ཆགས་ཡོད་པས་སྤོབས་པ་སྐྱེ་འོས་པ་ཡིན། སྐབས་སུ་བབ་པ་ང་ཚོ་བཙན་བྱོལ་ལ་གྱར་བ་འདི་བོད་སྤྱི་པའི་དོན་དང་འབྲེལ་བ་སྟེ་ཆབ་སྲིད་ཀྱི་དཀའ་ངལ་དང༌། མི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་དཀའ་ངལ་གྱི་འོག་ནས་ང་ཚོ་བཙན་བྱོལ་བ་ཆགས་པ་ཡིན། དེར་བརྟེན་བཙན་བྱོལ་བའི་མི་རབས་བརྗེ་འགྲོ་གི་ཡོད་ཀྱང༌། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ལས་འགན་མུ་མཐུད་དེ་གནས་ཡོད། དེར་བརྟེན་ང་ཚོ་བཙན་བྱོལ་བ་ཆགས་ནས་གོ་སྐབས་གསར་པ་ཞིག་དང༌། རང་དབང་ལུང་པའི་ནང་སླེབས་པ་ཡིན་དུས་གཏམ་བརྗོད་རང་དབང་ཡིན། སོ་སོ་རང་ཉིད་ཀྱི་ངོས་ནས་ཐབས་ཤེས་མི་འདྲ་བ་ག་རེ་བྱ་རྒྱུ་ཡོད་ཀྱང༌། རྩ་བའི་ཐབས་ཤེས་དེ་ཚོ་ང་ཚོ་ཚང་མ་མཉམ་རུབ་དང་བྱམས་བརྩེ་མ་དོར་བའི་ཐོག་ནས་ཐབས་ཤེས་བྱེད་ཀྱི་ཡོད། དེ་ནི་ལུང་པ་ག་འདྲ་ཞིག་ལ་སོང་ཡང་ཁྲིམས་དང་མཐུན་པ་དང༌། ཡ་རབས་ཀྱི་སྤྱོད་པ་དང་མཐུན་པ་ཞིག་ཡིན་དུས་འཛམ་བུ་གླིང་འདིའི་སྟེང་ལ་ང་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་བྱེད་མཁན་ཧ་ཅང་མང་པོ་ཡོང་གི་ཡོད། དེ་འདྲའི་གནས་སྟངས་ཀྱི་འོག་ནས་ང་ཚོ་བཙན་བྱོལ་བའི་སྒྲིག་འཛུགས་འདི་མི་ལོ་ཞེ་བདུན་ཞེ་བརྒྱད་ཅིག་སོང་བའི་རིང་ལ་ཕལ་ཆེར་ཡག་ཐག་ཆོད་ཡོད་པ་ལྟ་བུ་ཡིན། ཕྱོགས་གཅིག་ནས་གཞིས་ཆགས་ཁག་དང༌། ལྷག་པར་དུ་སློབ་གྲྭ་ཁག་བཙུགས་པ་དེ་ཚོ་ཡག་ཐག་ཆོད་བྱུང་ཡོད། ད་དུང་སློབ་གྲྭ་ཁག་གི་སློབ་ཚན་སྤུས་དག་པོ་ཞིག་དང༌། ལྷག་པར་དུ་རིགས་གཅིག་རྐང་འཛིན་ཐོན་ཐུབ་པ་ཞིག་ཡོང་རྒྱུར་ང་ཚོས་འབད་བརྩོན་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད་འདུག ཤེས་ཡོན་གྱི་ཆ་ནས་ཀྱང་ཡར་རྒྱས་གཏོང་རྒྱུར་ང་ཚོར་ལས་འགན་མུ་མཐུད་ནས་ཡོད་རེད། གཞིས་ཆགས་ཁག་ཀྱང་དེ་བཞིན་དུ་མི་འབོར་ལོ་རེ་བཞིན་འཕེལ་གྱི་ཡོད་ཀྱང༌། ས་ཆ་རྒྱ་ཆེ་རུ་གཏོང་ཐབས་ཡོད་པ་མ་རེད། དེ་འདྲ་སོང་ཙང་གཞིས་ཆགས་ཁག་སྤུས་དག་ཏུ་གཏང་རྒྱུ་དང༌། ལས་གཞི་འདྲ་མིན་གྱི་ཐོག་ནས་ཐབས་ཤེས་བྱ་རྒྱུ་ད་དུང་ཡང་མང་པོ་ཡོད་པ་རེད། དེ་བཞིན་དུ་ཆོས་སྡེ་ཁག་ཚུགས་པ་དེ་ཚོ་ཡག་ཐག་ཆོད་ཡོད་པ་ལྟ་བུ་ཞིག་ཡིན། ད་དུང་ཡང་ད་ལྟ་ཡོད་བཞིན་པའི་ཆོས་སྡེ་ཁག་དགོན་པའི་མིང་ཡོད་པ་ཙམ་དང༌། དགེ་འདུན་གྱི་འདུ་ཚོགས་ཡོད་པ་ཙམ་གྱིས་ཧ་ལས་དགོས་པ་དང༌། ངོ་མཚར་དགོས་པ་གང་ཡང་མི་འདུག སངས་རྒྱས་ཀྱི་ཆོས་སྤུས་དག་པོ་ཞིག་ཤེས་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ངས་ནམ་རྒྱུན་ཤོད་ཀྱི་ཡོད། ང་ཚོ་བོད་པའི་ནང་པ་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་ཡིན། དེ་སྔ་ང་ཚོ་བོད་ལ་ཡོད་པའི་ནང་པ་ཚོས་ཁ་ཤས་སྐྱབས་འགྲོ་འདོན་གྱི་ཡོད་ཀྱང༌། སྐྱབས་ཡུལ་ངོ་མ་ཤེས་པར་སྡོད་པ་དང༌། སངས་རྒྱས་ཀྱི་ཆོས་པ་ཡིན་ཞེས་ཤོད་ཀྱི་ཡོད་ཀྱང་ཕྱི་ནང་གི་ལྟ་གྲུབ་ལ་ཁྱད་པར་གང་ཡོད་པ་དང༌། རང་སྡེའི་གྲུབ་མཐའ་གོང་འོག་ལ་ཁྱད་པར་གང་ཡོད་པ་དེ་ཚོ་ཤེས་པའི་ཐོག་ནས་སངས་རྒྱས་ཀྱི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད་དགོས་ཀྱང༌། དེ་ལྟར་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན། ད་ལྟའི་ཆར་སྤྱི་ཡོངས་མི་མང་གི་ཤེས་ཚད་ཡར་རྒྱས་སུ་འགྲོ་གི་ཡོད། དེ་དང་ཆབས་ཅིག་ཏུ་སངས་རྒྱས་པའི་ཆོས་ལ་དད་པ་བྱ་རྒྱུ་དེ་ཡང་ཤེས་ཚད་ཡོད་པའི་དད་པ་ཞིག་ཡོད་དགོས་པ་ལས་ལམ་དང་ལུགས་སྲོལ་ལྟ་བུའི་དད་པས་ཆོས་ཟབ་པོ་དང་སྤུས་དག་པོ་ཞིག་ཡོང་ཐབས་མེད། མ་གཞི་སློབ་གྲྭ་ཁག་གི་ནང་ཕྱི་ནང་གི་གྲུབ་མཐའི་ཁྱད་པར་དང༌། ཐེག་པ་གོང་འོག་གམ་གྲུབ་མཐའ་གོང་འོག་གི་ཁྱད་པར་སློབ་ཁྲིད་བྱེད་ཐབས་དེ་སྔོན་ནས་ལག་བསྟར་བྱས་པ་དང༌། ཐ་ན་རྟགས་གསལ་གཏང་རྒྱུ་ཡང་འགོ་བཙུགས་པ་བཅས་བྱས་ཀྱང་ཁུངས་འཁྱོལ་པོ་ཞིག་བྱུང་མེད། དེ་ཚོའི་གྲས་ད་དུང་ཡང་མུ་མཐུད་ནས་ཡར་རྒྱས་གཏང་རྒྱུ་དང༌། དེའི་ཐོག་ལ་ཤགུས་རྒྱག་དགོས་པ་འདུག ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་ཆོས་སྡེ་ཁག་དེ་ཚོ་ཐོག་མའི་སྐབས་ལ་རྐང་པ་འཛུགས་ས་ཞིག་ཡོང་བའི་འབད་བརྩོན་བྱས་པ་དང༌། ད་ཆ་རྐང་པ་འཛུགས་པ་བྱུང་རྗེས་ཡར་རྒྱས་ཡོང་བ་བྱ་རྒྱུའི་ཐད་འབད་བརྩོན་བྱེད་དགོས་པ་ཡིན། ཁང་པ་རྫིག་པོ་ཞིག་བརྒྱབས་པ་ཙམ་ལ་ཧ་ལས་རྒྱུ་གང་ཡང་མེད་ལ། མཆོར་པོ་བྱེད་པ་ཙམ་ལ་ཧ་ལས་རྒྱུ་གང་ཡང་མེད། ང་ཚོ་བཙན་བྱོལ་བའི་གནས་སྐབས་ཡིན་པ་དང༌། མི་མང་ཕལ་ཆེ་བ་སྐྱོ་པོ་ཡིན་བཞིན་དུ་དགོན་པ་རྫིག་པོ་ཞིག་བརྒྱབས་ནས་མཆོར་པོ་ཞེ་དྲགས་བྱེད་དུས་སྐབས་རེ་དངོས་གནས་ངོ་ཚ་དགོས་པ་ཡོང་གི་འདུག དེ་ཚོའི་གྲས་ཧ་ལས་དགོས་པ་དང༌། ངོ་མཚར་དགོས་པ་གང་ཡང་མི་འདུག མདོ་དོན་སྙིང་པོ་སངས་རྒྱས་ཀྱི་བསྟན་པ་ནི་ལུང་རྟོགས་གཉིས་ཀྱི་བསྟན་པ་ཡིན་དུས་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་དགོས་པ་ལས། ཁང་པ་རྫིག་པོ་ཞིག་བཞེངས་པ་དང༌། སྐུ་གསུང་ཐུགས་རྟེན་བཞེངས་པས་ཕན་ཐོགས་ཡོང་མི་ཐུབ། དེ་ཚོ་ནི་ཡན་ལག་ལྟ་བུ་ལས་གཙོ་བོ་མིན། དེ་ལུགས་ང་ཚོས་མུ་མཐུད་ཡར་རྒྱས་གཏང་རྒྱུ་དང་ཚགས་ཚུད་དུ་གཏང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། སངས་རྒྱས་པའི་ཆོས་ནི་འཛམ་བུ་གླིང་འདིའི་སྟེང་ལ་ཡོད་པའི་ཆོས་ལུགས་གཞན་གང་དང་མི་འདྲ་བ་ཞིག་ཡིན། ངས་ནམ་རྒྱུན་དབྱེ་བ་ཕྱེ་སྐབས་ནང་པ་སངས་རྒྱས་པའི་ཆོས་ལ་ Philosophy ཞེས་ལྟ་བའི་སྡེ་ཚན་གཅིག དེ་ནས་སྒོམ་སྒྲུབ་ཉམས་ལེན་བྱ་རྒྱུ་ Spirituality འམ་ཆོས་ཀྱི་སྡེ་ཚན་གཅིག དེ་ནས་ནང་པ་སངས་རྒྱས་པའི་གཞུང་དེ་ཚོའི་ནང་བཤད་པའི་ནང་པའི་ཆོས་ཉམས་ལེན་བྱ་རྒྱུ་དེ་གཞི་དངོས་པོའི་ཆོས་ཇི་ལྟ་བ་ཡོད་པ་གཞི་ལ་བཞག་ནས་ལམ་ཐབས་ཤེས་ཟུང་འཇུག་དེ་ལ་བསྟེན་ནས་འབྲས་བུ་མངོན་དུ་བྱེད་ཚུལ་ཞིག་ཤོད་ཀྱི་ཡོད་པ་རེད། གཞི་དངོས་པོའི་གནས་ལུགས་གཏན་ལ་འབེབས་པའི་སྐབས་ཚན་རིག་རང་ཆགས་ཀྱི་མེད་ཀྱང༌། ཕྱི་དངོས་པོའི་རྣམ་གཞག་དང༌། བེམ་པོའི་རྣམ་གཞག རྡུལ་ཕྲན་གྱི་རྣམ་གཞག ནང་ཤེས་པའི་རྣམ་གཞག་བཅས་པ་ཤོད་སྐབས་ཚན་རིག་རང་ཡིན། དེ་ལྟ་བུའི་སངས་རྒྱས་ཀྱི་ཆོས་སྤྱི་དང༌། ལྷག་པར་དུ་དཔལ་ནཱལེ}Ëའི་ཆོས་བརྒྱུད་ཀྱི་སྡེ་ཚན་གྱི་ནང་གཞིས་དངོས་པོའི་གནས་ལུགས་གཏན་ལ་འབེབས་པའི་སྐབས་ཕྱི་གཟུང་བ་ནང་འཛིན་པ་བཅས་མང་པོ་ཞིག་ཤོད་ཀྱི་ཡོད་པ་ཙམ་དུ་མ་ཟད། ཉམས་ལེན་ཡང་བྱས་ནས་གང་འཚམ་གྱི་འགྱུར་བ་ཕྱིན་པ་དེ་འདྲ་ཡོང་གི་ཡོད་པ་དེ་དག་དེང་སྐབས་ཚན་རིག་པ་དང་འབྲེལ་བ་ཆགས་ཀྱི་ཡོད། ཕྱི་བེམ་པོ་གཟུགས་ཅན་དང༌། ནང་ཤེས་པའི་སྐོར་ལ་ཉམས་ཞིབ་བྱེད་མཁན་ཚོས་གཞི་ནས་བོད་ཀྱི་ནང་པའི་ཆོས་ཀྱི་འགྲེལ་བཤད་ག་འདྲ་རྒྱག་གི་ཡོད་པ་དང༌། དེའི་ཉམས་མྱོང་གི་ཐོག་ནས་མིའི་སེམས་དང་རྣམ་རྟོག་གི་རྣམ་གཞག་དེ་ཚོའི་གྲས་ལ་ཐབས་ཤེས་བྱས་ནས་ནང་པའི་ཆོས་ནས་ཉམས་མྱོང་དང་རིག་པ་གསར་པ་ལེན་རྒྱུ་ཡོད་པ་ཞིག་ཡིན་དུས་དེ་སྐོར་དེ་རིང་འདིར་བཤད་ན་མི་འགྲིགས་པ་མི་འདུག འདས་པའི་ལོ་ཉི་ཤུ་ཙམ་གྱི་རིང་ངས་ཚན་རིག་པ་དང་འབྲེལ་བ་བྱས་པ་ཡིན། ཐོག་མར་ངས་ཚན་རིག་པ་དང་འབྲེལ་བ་བྱེད་སྐབས་ངའི་ངོ་ཤེས་པའི་མི་ཁག་གཅིག་གིས་ཚན་རིག་ཅེས་པ་ནི་ཆོས་མེད་པ་བཟོ་མཁན་ཡིན་སྟབས་ཚན་རིག་པ་དང་འབྲེལ་བ་བྱ་རྒྱུ་མེད། ཉེན་ཁ་ཡོད་པ་རེད་ཅེས་བཤད་མྱོང༌། ཡིན་ན་ཡང་ངའི་མཐོང་ཚུལ་ལ་ནང་པ་སངས་རྒྱས་པའི་ཆོས་སྤྱི་དང་༌། ལྷག་པར་དཔལ་ནཱལནྡའི་མཁས་པ་ཚོས་སངས་རྒྱས་ཀྱི་ཆོས་སྟོན་སྟངས་དང་འཁྲིད་སྟངས་དེ་དཔྱད་པ་བྱས་ནས་སངས་རྒྱས་ཀྱི་ཆོས་གཏན་ལ་འབེབས་ཀྱི་ཡོད་པ་ལས་སངས་རྒྱས་ཀྱི་ལུང་ཙམ་དྲངས་ནས་དེ་ལ་ཡིད་ཆེས་བྱས་ཏེ་འཁྲིད་ཀྱི་མེད། སངས་རྒྱས་ཀྱི་བཀའ་ཡིན་ནའང་སྒྲ་ཇི་བཞིན་པ་ཁས་བླང་རུང་བ་དང་མི་རུང་བའི་ཁྱད་པར་ཕྱེ་གི་ཡོད། ཚིག་གཞན་གྱི་ཐོག་ནས་བཤད་ན་དྲང་ངེས་ཞེས་བཤད་ཀྱང་རུང༌། མདོ་དོན་སྒྲ་ཇི་བཞིན་པ་ཁས་བླང་རུང་བ་དང་མི་རུང་བའི་དབྱེ་བ་གཉིས་ཕྱེ་ནས་ཤོད་ཀྱི་ཡོད། དེས་ག་རེ་ཤོད་ཀྱི་ཡོད་རེད་ཅེ་ན། བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་དངོས་ཡོད་ཀྱི་ཉམས་མྱོང་དང་རིགས་པ་བརྟག་དཔྱད་བྱེད་པའི་སྐབས་མ་རན་པ་ཞིག་འདུག་ན། དེ་ནི་བཅོམ་ལྡན་འདས་ཀྱིས་དགོས་པའི་དབང་གིས་གསུངས་པ་ལས་བཅོམ་ལྡན་འདས་ཀྱི་དགོངས་པ་མཐར་ཐུག་གམ་གཙོ་བོ་མིན་པ་ཤོད་ཀྱི་ཡོད། དེ་འདྲ་ཡིན་དུས་དཔལ་ནཱལེ}Ëའི་མཁས་པ་ཚོས་སངས་རྒྱས་ཀྱི་ཆོས་གཏན་ལ་འབེབས་པའི་སྐབས་རིགས་པ་རང་གི་ཐོག་ནས་གཏན་ལ་ཕབ་པ་ལས་ལུང་འདྲེན་ཙམ་བྱས་ནས་གཏན་ལ་ཕབ་མི་འདུག གཉིས་ནས་ཐེག་པ་ཆེན་པོའི་ཆོས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་དེ་དབང་པོ་རྣོན་པོ་ཞིག་དགོས་ཀྱི་ཡོད། དབང་པོ་རྣོན་པོ་ཞེས་པ་ནི་བློ་ཐེ་ཚོམ་ཅན་ཞིག་དགོས་ཀྱི་ཡོད་པ་ཡིན། དཔེ་ཆའི་ནང་གང་བཤད་པ་དེ་དེ་དེ་བཞིན་ནོ་ཞེས་ཤོད་མཁན་ཞིག་མ་ཡིན་པར་རྒྱུ་མཚན་གྱིས་དཔྱད་པ་བྱས་ཏེ་རིགས་པས་གནོད་ཀྱི་འདུག་གམ་མི་འདུག་བལྟས་ནས་གལ་སྲིད་རྒྱུ་མཚན་གྱིས་དཔྱད་ནས་གནོད་པ་མེད་པ་ཞིག་མཐོང་ན། གཞི་ནས་དེ་བདེན་པ་དང༌། ཕན་ཐོགས་ཡོད་པ་ཞིག་རེད་འདུག་བསམ་པ་དང༌། དངོས་ཟིན་དེ་ལ་རིགས་པས་གནོད་པ་ཡོད་མེད་དང༌། རིགས་པས་གནོད་པ་མེད་ནའང་ཕུགས་སུ་ཕན་ཐོགས་ཡོད་མེད་ལ་བལྟས་ནས་སངས་རྒྱས་ཀྱི་ཆོས་ལ་ཞུགས་རྒྱུའི་འགྲོ་སྟངས་ཤིག་ཡོད་པ་ཡིན། དགོས་སོགས་ཀྱི་ཆོས་བཞི་བཤད་དགོས་དོན་ཡང་དབང་པོ་རྣོན་པོ་ཚོར་ལྟོས་ནས་བཤད་པ་ཞིག་ཡིན་པ་དང༌། རྟོན་བཞིའི་རྣམ་གཞག་གི་ཐོག་ནས་ཀྱང་དེ་རང་ཤོད་ཀྱི་ཡོད། དེས་ན་སངས་རྒྱས་ཀྱི་ཆོས་འདི་དཔྱད་པ་བྱས་ནས་གཏན་ལ་ཕབ་པ་ཞིག་ཡིན་པ་དང༌། ཚན་རིག་པ་དང་མཉམ་དུ་སྐད་ཆ་ཤོད་སྐབས་རིགས་པས་དཔྱད་པ་བྱས་ནས་ཤོད་ཀྱི་ཡོད་པས་སངས་རྒྱས་ཀྱི་ཆོས་དང་ཚན་རིག་གཉིས་དཔྱད་པ་བྱེད་ཀྱི་ཡོད་པ་གཅིག་པ་ཡིན། དུས་ད་ལྟ་བར་དུ་ Modern Science ཞེས་ལབ་དུས་ཧ་ལམ་གཟུགས་ཅན་གྱི་དངོས་པོ་ཚད་གཞལ་རྒྱུ་ཡོད་པ་དང༌། རྩིས་རྒྱག་རྒྱུ་ཡོད་པ་དེ་ཞིབ་འཇུག་བྱེད་ཡུལ་གཙོ་བོ་ཡིན། སངས་རྒྱས་པས་ནང་སེམས་ཀྱི་རྣམ་གཞག་སྐོར་ཤོད་སྐབས་མི་སོ་སོ་ (Subjective) སྒེར་གྱི་ཉམས་མྱོང་གི་ཐོག་ནས་ཡོང་དགོས་པ་ལས་ཚད་གཞལ་དང༌། རྩིས་རྒྱག་རྒྱུ་ཡོད་པའི་གཟུགས་ཅན་གྱི་དངོས་པོ་ཞིག་ཆགས་མེད། གཞི་ཕན་ཚུན་དབར་ལ་ཁྱད་པར་ཕྲན་བུ་ཡོད། ཡིན་ནའང་རྩ་བ་དཔྱད་པ་བྱ་རྒྱུ་དེ་གཅིག་པ་ཆགས་ཡོད། ལྷག་པར་དུ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་རྗེས་དཔག་མྱོང་བས་གྲུབ་པ་ཞེས་རྗེས་སུ་དཔག་པས་དཔྱད་པའི་རྗེས་མངོན་སུམ་མྱོང་བ་ལ་བསྟུན་དགོས་ཀྱི་ཡོད། ཚན་རིག་པ་དང་ཚོའི་དབར་འབྲེལ་བ་བྱ་རྒྱུ་འདི་ང་ཚོས་སྤོབས་པའི་ངང་ནས་འབྲེལ་བ་བྱེད་ཆོག་པ་དང༌། འབྲེལ་བ་བྱེད་ཐུབ་པ་ཞིག་ཡིན། དེར་བརྟེན་ངས་སྐབས་དེ་དུས་ནས་འབྲེལ་བ་བྱས་པ་ཡིན། འབྲེལ་བ་བྱས་པའི་འབྲས་བུར་དེང་སང་ཚན་རིག་པའི་ནང་ནས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ཀྱིས་ཚན་རིག་པར་ཕར་ཕན་ཐོགས་ཡོད་པ་ངོས་འཛིན་གསལ་པོ་བྱེད་པ་དང༌། བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ནས་འགྲེལ་བཤད་བརྒྱབ་པ་དེ་ཚོའི་ཐོག་དོ་སྣང་བྱེད་མཁན་གྱི་ཚན་རིག་པ་ཇེ་མང་ཇེ་མང་དུ་འགྲོ་གི་ཡོད། ཁོང་ཚོས་དོ་སྣང་བྱེད་པ་ཙམ་མ་ཟད་དངོས་སུ་ཚོད་བལྟ་དང་ལག་ལེན་བྱ་རྒྱུའི་དུས་མཚམས་སུ་སླེབས་ཡོད། ཐོག་མར་ང་རང་སྒེར་གྱི་ངོས་ནས་དེ་ལ་དོ་སྣང་གིས་འབྲེལ་བ་བཙུགས་པ་ཡིན་ཡང༌། ད་ལྟའི་ཆར་དེ་ནི་སྒེར་གྱི་གནས་ཚུལ་ཞིག་མིན་པས་ང་ཚོའི་བསླབ་པ་སློབ་གཉེར་བྱེད་མཁན་ཚོས་མུ་མཐུད་ནས་ཚན་རིག་པ་དང་འབྲེལ་བ་བྱེད་དགོས་པ་ཡིན། ཚན་རིག་པ་དང་འབྲེལ་བ་ཡག་པོ་ཡོང་བ་ལ་རང་ལུགས་ལ་ཚན་རིག་གི་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་ཡིན། འདས་པའི་ལོ་བཞི་ལྔ་ཙམ་གྱི་རིང་ཚན་རིག་སློབ་སྦྱོང་སྤྲོད་རྒྱུའི་འགོ་ལྟ་བུ་བཙུགས་ཏེ་ཆོས་སྒར་རིས་མེད་ནས་སློབ་གཉེར་བ་སོ་སོའི་འདོད་མོས་ལ་བསྟུན་ནས་མི་གྲངས་ལྔ་བཅུ་ང་གྲངས་ཤིག་ལ་སློབ་སྦྱོང་སྤྲད་ཡོད། རིམ་བཞིན་སློབ་སྦྱོང་དེ་ཚོ་ཚན་རིག་གི་འགོ་མའི་སློབ་སྦྱོང་ཙམ་མ་ཡིན་པར་གཏིང་ཟབ་པོ་ཚད་ལོངས་པ། རང་མགོ་ཐོན་པའི་ཚན་རིག་གི་སློབ་སྦྱོང་ཞིག་དགེ་འདུན་པའི་ནང་དུ་སྤྲོད་ཐུབ་ན་བསམས་ནས་ད་ལྟ་འགོ་འཛུགས་ས་དགེ་འདུན་པ་རེད། གཞུང་ཆེན་སྦྱངས་ཟིན་པའི་སློབ་གཉེར་བ་དེ་ཚོའི་དྲི་བ་གནང་སྟངས་དང་བསམ་བློ་གཏོང་སྟངས་གཞན་དང་མི་འདྲ་བ་ཞིག་འདུག་ཅེས་དགེ་རྒན་ཚོས་ཤོད་ཀྱི་འདུག ད་ལྟ་བར་དུ་དེ་འདྲ་བྱས་ཡོད། མ་འོངས་པར་སེར་སྐྱ་ཕོ་མོ་ཁྱད་མེད་ལ་སློབ་སྦྱོང་སྤྲད་རྒྱུ་དགོན་པ་ཁག་གི་ལས་འགན་ཆགས་ཀྱི་ཡོད་ན་ཕྱོགས་ག་ས་ནས་ཡར་རྒྱས་གཏོང་དགོས་པ་ཡིན། ཚུར་ཕྱོགས་ལས་ཀ་དེ་ཚོ་བསྒྲུབ་པར་འགན་ཁུར་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་དགོས་ཤིང༌། ཐོག་མར་ང་ཚོ་བཙན་བྱོལ་ལ་ཡོང་བའི་སྐབས་ང་དང་བཀའ་བློན་ཁ་ཤས་ཤིག་ཡོད་པ་དེ་ནི་ལོ་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པའི་དགའ་ལྡན་ཕོ་བྲང་གཞུང་གི་རྒྱུན་ལྟ་བུ་ཞིག་ཆགས་ཡོད། མ་སུ་རིར་སླེབས་པའི་སྐབས་ལ་རིམ་བཞིན་མང་གཙོའི་ལམ་དུ་བསྐྱོད་རྒྱུ་འགོ་བཙུགས་ནས་ཐོག་མར་སྤྱི་འཐུས་ལྷན་ཚོགས་འཛུགས་རྒྱུ་ནས་ད་ལྟའི་བར་དུ་མང་གཙོའི་ལས་འགུལ་གྱི་ཐོག་ལག་ལེན་རིམ་པ་བསྟར་ནས་མཐའ་མར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་བསྡུ་བྱ་རྒྱུ་བྱུང་བ་རེད། དེ་བཞིན་དུ་གྲོས་ཚོགས་ཀྱང་ཡར་རྒྱས་ཕྱིན་ཡོད། དེ་ལྟར་འཛིན་སྐྱོང་དང༌། ཁྲིམས་བཟོ་ལྷན་ཚོགས། ཁྲིམས་ཞིབ་བཅས་མང་གཙོའི་ཀ་བ་གསུམ་པོ་དེ་བཙན་བྱོལ་བའི་གནས་སྟངས་ཐོག་ནས་མང་གཙོའི་གཞི་རྩའི་སྒྲོམ་གཞི་ཡག་པོ་ཞིག་ཆགས་ཡོད། དེ་སྤུས་དག་པོ་དང་ནུས་པ་ཐོན་པ་ཞིག་ཡོང་བར་ང་ཚོས་ཤུགས་རྒྱག་དགོས་པ་ཡིན། འཐུས་མི་ཚོར་ཆ་མཚོན་ན་ངས་སྔ་མོ་ནས་ཞུ་གི་ཡོད་པ་བཞིན། གྲོས་ཚོགས་འདིའི་ནང་སླེབས་པའི་རྗེས་ལ་ཆོལ་ཁའི་སྐད་ཆ་བཤད་རྒྱུ་ཡོད་པ་མ་རེད་ལ། ཆོས་ལུགས་ཀྱི་སྐད་ཆ་ཡང་བཤད་རྒྱུ་ཡོད་པ་མ་རེད། འདིར་སྤྱི་པའི་དོན་དུ་སྐད་ཆ་ཤོད་མཁན་གྱི་སྤྱི་མི་ཞིག་བྱེད་དགོས་ཞེས་རིམ་པར་སྐད་ཆ་བྱུང་ཡོད། འདི་རྩ་དོན་གཅིག་ཡིན།
དེ་ནས་སྤྱི་པའི་ལས་ཀ་ག་འདྲ་བྱས་ནས་འཐུས་ཤོར་འགྲོ་གི་ཡོད་དང༌། གང་ནས་འཐུས་ཤོར་འགྲོ་གི་ཡོད། དེ་ག་འདྲ་བྱས་ནས་ཡར་རྒྱས་གཏོང་དགོས་པ། ཉམས་པ་སོར་ཆུད། མི་ཉམས་གོང་འཕེལ་ཡོང་བ། དེ་བཞིན་བཙན་བྱོལ་བའི་སྒྲིག་འཛུགས་དང་འབྲེལ་བའི་ལས་རིགས་ཐོག་ལ་ཉམས་ཞིབ་དང་བསྒྱུར་བཅོས་ལེགས་སྤེལ་ཉེས་འགོག་གང་ཞིག་བྱེད་དགོས་མིན་ཐད་ཁུར་བླངས་ནས་བྱེད་དགོས་པ་ཡིན། ལྷག་དོན་དུ་གྲོས་ཚོགས་ཀྱི་ནང་འཐུས་མི་གསར་པ་སླེབས་པ་ཚོ་ད་ལྟ་བར་དུ་སྤྱི་ཚོགས་དང་མང་ཚོགས་ཀྱི་ཁྲོད་དུ་བསྡད་ཡོད། དྷརྨ་ཤཱ་ལའི་བཀའ་ཤག་དང་གྲོས་ཚོགས་ཀྱིས་མ་འགྲིགས་པ་བརྒྱ་སྟོང་ཁྱེད་ཚོའི་ཨམ་ཆོག་ལ་གོ་ཡོད་ཀྱི་རེད། ད་ཆ་དངོས་སུ་འདིར་སླེབས་དུས། དེ་སྔོན་ཕྱི་ལ་ཡོད་དུས་འགྲིགས་མ་འགྲིགས་ཀྱི་སྐད་ཆ་ཐོས་པ་དེ་ཚོ་ཏག་ཏག་བསྡད་ཡོད་མེད་དང༌། ཕྱི་ལོགས་ནས་སྐྱོན་བརྗོད་དང་འཐུས་ཤོར་འགྲོ་གི་འདུག་ཅེས་བཤད་པའི་བསམ་འཆར་དེ་ཚོའི་རིགས་གང་དང་གང་བདེན་པ་ཡིན་ཁྱེད་རང་ཚོ་གྲོས་ཚོགས་ནང་སླེབས་ཟིན་པས་དེ་ཚོའི་རིགས་འཛེམས་ཟོན་སྤངས་ནས་གསལ་པོ་བཤད་དེ་འཁྱོག་པོ་ཡོ་བསྲང་བྱ་རྒྱུ་གལ་ཆེན་པོ་ཡིན།
དེ་ནས་བོད་རྒྱའི་འབྲེལ་ལམ་གྱི་ཐོག་ལ་ང་ལ་དམིགས་བསལ་ཞུ་རྒྱུ་གང་ཡང་མི་འདུག ངས་ཧ་ལམ་ལོ་ཉི་ཤུ་ཙམ་གྱི་གོང་ནས་ྋརྒྱལ་བ་རིན་པོ་ཆེ་མེད་པ་ནང་བཞིན་བྱས་ནས་ཁྱེད་ཚོས་ལས་འགན་ཁུར་དགོས་ཀྱི་རེད་ཅེས་ཤོད་ཀྱི་ཡོད། དེ་འདྲ་བྱས་ན་དགེ་མཚན་གཉིས་ཡོད། དགེ་མཚན་གཅིག་དེ་ལག་ལེན་ངོ་མའི་ཆ་ནས་ངས་ཞིབ་ཕྲའི་གནས་ཚུལ་མགོ་ཡང་འཚོས་ཀྱི་མ་རེད་ལ། དེ་བྱེད་ཀྱིན་བསྡད་ན་བྱབ་ཀྱང་མེད། ལས་དོན་དེའི་ཐོག་ལ་རྒྱུས་ཡོད་མཁན་དང་ཆེད་དུ་མངགས་ནས་ཉམས་མྱོང་བསགས་ཡོད་མཁན་ཚོས་ཀུན་སློང་གཙང་མ་ཁྱེར་ནས་བྱས་པ་ཡིན་ན་ཚགས་ཚུད་པ་དང་ཡག་པ་ཡོང་གི་རེད་མ་གཏོགས་ྋརྒྱལ་བ་རིན་པོ་ཆེའི་བཀའ་དང་ལམ་སྟོན་ལྟ་བུ་ཞིག་སྒུག་གིན་བསྡད་ན་ནོར་འཁྲུལ་ཡིན། དེས་འཐུས་ཤོར་འགྲོ་རྒྱུ་ལས་དགོས་པ་གང་ཡང་མི་འདུག ང་རང་གིས་ཚན་རིག་པ་དང་འབྲེལ་བ་བྱས་པ་དེ་ྋརྒྱལ་བ་རིན་པོ་ཆེའི་མིང་དང་འབྲེལ་བ་གང་ཡང་མེད། བོད་བསྟན་སྲིད་ཀྱི་དོན་དག་དང་འབྲེལ་བའི་ཐོག་ནས་ངས་ཚན་རིག་པ་དང་འབྲེལ་བ་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད། དེ་ནི་ང་རང་སྒེར་གྱི་ངོས་ནས་གལ་ཆེན་པོ་ཞིག་ཏུ་མཐོང་ནས་ང་རང་སྒེར་གྱི་ཐོག་ནས་དོ་སྣང་དང་ཤེས་འདོད་བྱས། མ་གཞི་ཚན་རིག་པ་དང་འབྲེལ་བ་མ་བྱུང་བའི་གོང་ནས་འཛམ་བུ་གླིང་གི་ས་བབ་ཆགས་ཚུལ་དེ་ཚོ་སྔ་མོ་ནས་ཤེས་ཀྱི་ཡོད། དེ་ཚོའི་སྐོར་གྱི་དེབ་ཆུང་ཆུང་སྐབས་ནས་ཀློག་གི་ཡོད། ལྷག་པར་དུ་ཚན་རིག་པ་དང་འབྲེལ་བ་བྱས་ནས་ཡིད་ཆེས་གཙང་མ་བྱུང་བ་ཞིག་ལ། རི་རབ་དང་གླིང་བཞི་གླིང་ཕྲན་ཡོད་པ་མ་རེད་ཅེས་ཤོད་ཀྱི་ཡོད། རིགས་ཁ་ཤས་ཀྱིས་ྋརྒྱལ་བ་རིན་པོ་ཆེ་ཆད་ལྟ་རེད་བསམ་སྲིད། ངས་རྒྱུན་དུ་གཅིག་བྱས་ན་ཁྱེད་ཚོས་ྋརྒྱལ་བ་རིན་པོ་ཆེ་ཆད་ལྟ་བ་རེད་དགོངས་ཀྱི་ཡོད་འགྲོ ྋརྒྱལ་བ་རིན་པོ་ཆེ་ཆད་ལྟ་ཡིན་མིན་གཟིགས་ཤོག་ཨང་ཞེས་ལབ་ཀྱི་ཡོད། ཚན་རིག་པ་དང་འབྲེལ་བ་བྱ་རྒྱུ་དེ་ཚོ་ང་རང་སྒེར་གྱི་ངོས་ནས་དམིགས་བསལ་དོ་སྣང་བྱས་ནས་བྱེད་ཀྱི་ཡོད། དེ་བཞིན་དུ་ཁྱེད་རང་ཚོ་མང་ཆེ་བས་ཤེས་གསལ་ལྟར། མི་ཚེའི་སྙིང་པོ་གཞན་ཕན་བྱ་རྒྱུ་འདི་ཡིན། སྤྱོད་འཇུག་ནས་གསུངས་པ་བཞིན། །དེ་བས་སྐྱོ་ངན་ཀུན་སེལ་བའི། །བྱང་ཆུབ་སེམས་ཀྱི་རྟར་བཞོན་ནས། །བདེ་ན་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་གསུངས་པ་དེ་ལ་མོས་པ་དང་ཡིད་ཆེས་གཙང་མ་ཡོད་ལ་ཉམས་མྱོང་ཡང་ཕྲན་བུ་ཡོད་པ་ལྟ་བུ་ཡིན། དེ་འདྲ་ཡིན་དུས་བོད་པ་གཅིག་པུ་ཙམ་མ་ཡིན་པར་ཀུན་ལ་ཕན་པ་ཞིག་བྱུང་ན་དེས་བོད་པར་ཕན་པ་དང༌། བོད་ཀྱི་རིག་གཞུང་ལའང་ཞབས་འདེགས་ཡོང་བ། བོད་མི་རིགས་ཀྱི་མཐོང་ཡང་དེའི་ཐོག་ནས་སླེབས་ཀྱི་ཡོད། དེ་འདྲ་ཡིན་དུས་ཐོག་མར་ཕྱི་ལོ་ ༡༩༧༣ ལོ་སྟེ་ང་རང་ཐོག་མར་ཡོ་རོབ་ལ་འགྲོ་བའི་སྐབས་སུ་ངས་སྤྱི་སེམས་ (Universal Responsibility) ཞེས་པ་འདིའི་སྐོར་ཤོད་ཀྱི་ཡོད། དེང་སྐབས་རྙོག་དྲ་ཚང་མ་ཆེ་སའི་ཐོག་བསམ་བློ་མ་ཐོང་བར་སོ་སོའི་ཁ་ཐུག་འཕྲལ་སེལ་གྱི་ཁེ་ཕན་ལ་བསམ་བློ་བཏང་ནས་ཆེ་ས་བློས་བཏང་བའི་རྐྱེན་གྱིས་འཛམ་གླིང་ནང་ཡོད་པའི་དཀའ་ངལ་མང་པོ་ཞིག་ཆེད་མངགས་མིས་བཟོས་ཏེ་ཡོང་གི་ཡོད། ཕལ་ཆེ་བ་ང་ཚོས་ལྷོད་གཡེང་དང་འཐུས་ཤོར་བཏང་ནས་ཆེ་ས་མ་མཐོང་བར་རང་རང་གི་ཁ་ཐུག་གི་ཁེ་ཕན་ཁོ་ན་ལ་བསམ་བློ་བཏང་བའི་ཉེར་ལེན་གྱིས་སྐྱོན་དེ་དག་ལྷག་པ་ཡིན། དེར་བརྟེན་ཕྱི་ལོ་ ༡༩༧༣ ལོ་ནས་ངས་དེའི་སྐོར་ཤོད་ཀྱི་ཡོད། རིམ་པས་དེའི་སྐོར་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་དང༌། སྤྱི་སེམས་ཡོང་བ་ལ་གཞན་ཕན་བསམ་བློ་དགོས་པ། གཞན་ཕན་གྱི་བསམ་བློའི་རྩ་བ་སྙིང་རྗེ་ཡིན་པས་བྱམས་བརྩེ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་བཅས་ད་བར་འདི་བཤད་ཀྱི་ཡོད། བྱམས་བརྩེའི་སྐོར་འདི་སངས་རྒྱས་ཀྱི་ཆོས་སྤེལ་བའི་དོན་དུ་ཤོད་ཀྱི་མེད་ལ། བོད་སྤྱི་པའི་དོན་དུ་ཡང་བྱམས་བརྩེའི་སྐོར་བཤད་ཀྱི་མེད། མི་ཞིག་ཡིན་པའི་ཆ་ནས་བྱམས་བརྩེ་ཡོད་ན་བདེ་སྐྱིད་ཡོང་བ་དང༌། དེས་སོ་སོར་ཕན་པ་དང༌། མི་ལ་ཡང་ཕན་པ། སྤྱི་ཚོགས་ལ་ཕན་པ་བཅས་ཡོང་གི་ཡོད། མིའི་ལས་རིགས་གང་དང་གང་ཡིན་ནའང་བྱམས་བརྩེས་ཀུན་བསླངས་པའི་ལས་རིགས་ཤིག་ཡིན་ཕྱིན་གཞན་ཕན་གྱི་རང་བཞིན་ལྡན་པ་ཞིག་ཡོང་གི་ཡོད། དཔེར་ན་ཆོས་འཆད་སྤེལ་བྱེད་པ་དེ་ཡང་ང་རྒྱལ་དང༌། ཕྲག་དོག འགྲན་སེམས། ཆགས་སྡང་བཅས་ཀྱི་དབང་གིས་ཆོས་འཆད་སྤེལ་བྱས་ཡིན་ན། དེས་མི་ལ་གནོད་པ་ལས་ཕན་ཐོགས་ཡོང་མི་ཐུབ། བྱམས་བརྩེའི་བསམ་པ་དང་ལྡན་པ་ཞིག་ཡིན་ན་དམག་གི་ལས་ཀ་ལྟ་བུར་ཆ་མཚོན་ནའང་མི་དེས་འུ་ཐུག་ཐབས་ཟད་ཀྱི་གནས་ཚུལ་འོག་འཚེ་བའི་ལས་བྱེད་དགོས་པ་བྱུང་ན་ལས་དེ་མིན་དོན་མེད་དང་སྣང་མེད་ངང་མིའི་སྲོག་ལ་སྐྱོན་གཏོང་བ་དང༌། མི་མང་པོར་བརྡབ་གསིག་གཏོང་བའི་ལས་ཀ་བྱེད་ཀྱི་མ་རེད་ཅེས་ངས་རྟག་པར་ཤོད་ཀྱི་ཡོད། དེ་ནི་ང་རང་མི་སྒེར་པ་ཞིག་གིས་དེ་འདྲའི་རིགས་ལ་དོ་སྣང་ཡོད་མཁན་དང་འབྲེལ་བ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ང་རང་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཁག་མཐུན་བསྒྲིལ་བྱུང་ན་མིའི་བརྡབ་གསིག་ཉུང་དུ་འགྲོ་གི་ཡོད་རེད། དེ་ཡང་ང་བོད་མི་ཞིག་དང་ྋརྒྱལ་བ་རིན་པོ་ཆེ་ཡིན་པའི་ཐོག་ནས་བཤད་ཀྱི་མེད། ཆོས་ལུགས་ཀྱིས་མི་ལ་ཕན་གྱི་ཡོད། ཕྱོགས་གཞན་ཞིག་ནས་དེའི་མིང་ཐོག་ནས་མི་ལ་བརྡབ་གསིག་ཀྱང་ཡོང་གི་ཡོད། དེར་བརྟེན་ཆོས་ལུགས་ཁག་གི་མཐུན་བསྒྲིལ་ཐོག་ལ་ངས་ཤུགས་རྒྱག་གི་ཡོད། དབྱིན་ཇིའི་སྐད་ནང་དུ་ Promotion Of Human Value, Promotion Of Compassion, Promotion Of Religious Harmony ཞེས་པ་དེ་ཚོའི་ཐོག་ལ་ངས་ཤུགས་རྒྱག་གི་ཡོད། ད་རེས་ཉེ་ཆར་ཨ་མི་རི་ཀའི་ནང་དུ་མི་ཐུག་འཕྲད་བྱུང་བའི་ནང་ནས་གཅིག་གིས་སྔོན་མ་ངས་སྐད་ཆ་བཤད་པ་དེ་འདྲ་གོ་བའི་རྐྱེན་གྱིས་ཁོང་རང་ནས་དབང་པོ་སྐྱོན་ཅན་དང༌། བྱིས་པ་ཉམ་ཐག་ཚོར་བྱམས་བརྩེའི་ཐོག་ནས་སློབ་སྦྱོང་སྤྲོད་པ་དང༌། མི་ཚེའི་མདུན་ལམ་འཚོལ་བའི་ལས་འགུལ་བརྩམས་པ་ཡིན་ཞེས་ཤོད་མཁན་བྱུང༌། ཡང་གཞན་ཁ་སྔོན་ལོསཨེནཇལིས་ (Los Angeles) ལ་ཐོག་མར་ངས་ Public Talk ཞིག་བཤད་པ་རེད། དེ་རྗེས་ས་ཆ་ཁག་ཁ་ཤས་ཤིག་ལ་ཕྱིན་པ་དེར་བདུན་ཕྲག་གཉིས་མ་ཟིན་ཙམ་ཞིག་འགོར་སོང༌། དེ་རྗེས་ཡང་བསྐྱར་ལོསཨེནཇིལིས་ (Los Angeles) ལ་སླེབས་སྐབས་མི་ཞིག་ཐུག་བྱུང་བ་དེས་ཁ་སྔོན་ངས་ Public Talk ཤོད་སྐབས་བྱམས་བརྩེ་གལ་ཆེན་པོ་རེད་ཅེས་བཤད་པ་དེས་ཁོ་རང་སློབ་གྲྭའི་དགེ་རྒན་ཡིན་སྟབས་འཛིན་གྲྭའི་ནང་བྱམས་བརྩེའི་སྐོར་སློབ་སྦྱོང་སྤྲད་རྒྱུ་འགོ་བཙུགས་པ་ཡིན་ཞེས་ཤོད་ཀྱི་འདུག མི་ལ་གང་འཚམ་ཕན་གྱི་ཡོད་འདུག ངས་འབོད་སྐུལ་བྱེད་པའི་སྐབས་སུ་བསམ་པ་རྣམ་དག་གིས་འབོད་སྐུལ་བྱས་པ་ལ་བརྟེན་ནས་ཕྲན་བུ་ཕན་གྱི་ཡོད་པ་ལྟ་བུ་འདུག གལ་སྲིད་ངའི་དུས་ཚོད་ཡོངས་རྫོགས་བོད་དོན་གཅིག་པུའི་ཐོག་ཏུ་བཏང་བ་ཡིན་ན་དེ་ཚོ་ཡོང་ཐབས་མེད། ཕྱོགས་གཞན་ནས་ྋརྒྱལ་བ་རིན་པོ་ཆེས་མི་གཞན་ལ་ཕན་ཐོགས་ཡོང་བའི་ཐབས་ཤེས་དང༌། ལས་ཀ་བྱེད་རྒྱུ་དེ་ཚོའི་ནང་དུས་ཚོད་མང་ཙམ་བཏང༌། ཚུར་ཕྱོགས་ང་ཚོའི་སྒྲིག་འཛུགས་ཀྱི་ལས་ཀ་དེ་ཚོ་ང་ཚོ་བོད་མིས་སྲ་ཐག་ཐག་བྱེད་ཐུབ་པ་དང༌། གྲོས་ཚོགས་ནས་བསམ་བློ་བཏང༌། བློ་གྲོས་བཏོན། འཛིན་སྐྱོང་ནང་ཉམས་མྱོང་ཡོད་པའི་མི་ཤ་སྟག་ཡིན་དུས་དེ་ཚོས་བསམ་བློ་བཏང་ན་ངས་བྱེད་པ་དང་མཛུབ་སྟོན་བྱས་པ་ལས་ལྷག་པ་བྱེད་ཐུབ་ཀྱི་རེད་ལ། བྱེད་ཀྱི་ཡང་ཡོད་པ་རེད། ངས་ལོ་ཁ་ཤས་གོང་ནས་ང་རང་ཕྱེད་རྒས་ཡོལ་ལམ་རྒས་ཡོལ་རྗེས་མཐུན་པ་ཡིན་ཞེས་ཤོད་ཀྱི་ཡོད། དེ་ནི་བསམ་པ་རྣམ་དག་གིས་ཡིན། དགོས་པ་གལ་ཆེ་བ་གཞན་ཞིག་ནི་ང་ཚོ་བོད་མིའི་འཐབ་རྩོད་འདི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་མཛུབ་སྟོན་དང་བྱིན་རླབས་ཀྱི་འོག་ནས་གངས་ཅན་པ་ཞེས་པའི་མི་རིགས་འབུར་དུ་ཐོན་པ་ཞིག་དང༌། དེ་དང་འབྲེལ་བའི་ཆོས་དང་རིག་གཞུང༌། ཡ་རབས་སྤྱོད་བཟང་དམིགས་བསལ་ཡོད་པའི་མི་རིགས་ཤིག་གི་འཐབ་རྩོད་ཡིན་པ་ལས་ྋརྒྱལ་བ་རིན་པོ་ཆེའི་ཁེ་ཕན་གྱི་དོན་དུ་འཐབ་རྩོད་བྱེད་པ་དང༌། ཡང་ན་བོད་མི་བཙན་བྱོལ་བ་འབུམ་གཅིག་ལྷག་ཙམ་གྱི་ཁེ་ཕན་དོན་འཐབ་རྩོད་བྱེད་པ་ཞིག་གཏན་ནས་མིན། གངས་ཅན་པ་སྤྱིའི་དོན་དུ་ང་ཚོས་ལས་ཀ་བྱེད་ཀྱི་ཡོད་པ་དང༌། དེ་ནི་གངས་ཅན་པ་སྤྱིའི་ལས་འགན་ཡིན་པ་ལས་ང་མི་གཅིག་གི་དོན་དག་དང༌། མི་གཅིག་གིས་བྱེད་དགོས་པ་དེ་འདྲ་མིན་ལ། ང་མི་གཅིག་གིས་འགྲུབ་ཐུབ་པ་ཡང་མིན། ང་ཚོ་ཚང་མས་གཡས་གཞོགས་གཡོན་འདེགས་དང༌། ཐུན་མོང་གི་ནུས་པ་བཏོན་པའི་ཐོག་བྱེད་དགོས་པ་ཞིག་ཡིན། གཙོ་བོ་བོད་ནང་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་ཚོའི་ལྷག་བསམ་དང་སྙིང་སྟོབས་ལ་རག་ལས་ཡོད། དེ་ནི་ད་ལྟ་ཡོད་བཞིན་པ་ཡིན། ང་ཚོ་བཙན་བྱོལ་ལ་ཡོད་པ་ཚོས་རང་དབང་གི་གོ་སྐབས་བཟུང་སྟེ་བོད་མི་སྤྱིའི་ཚབ་བྱས་ནས་དེ་དག་གི་བསམ་དོན་དང་འདོད་དོན་འགྲུབ་པ་བྱེད་དགོས། ང་ཚོར་དེ་འདྲའི་གོ་སྐབས་ཡོད་པ་ཡིན། ང་ཚོ་བོད་མི་སྤྱིའི་ནུས་པ་འདོན་དགོས་ཀྱི་ཡོད་པ་ལྟར། ལམ་ལུགས་ཡག་ཤོས་མང་གཙོའི་ལམ་ཐོག་ཕྱིན་པ་ཡིན་ན། སྤྱི་པའི་གོང་བུའི་ནུས་པ་འདོན་རྒྱུར་ཕན་ཐོགས་ཡོད་པ་ཡིན། དཔེར་ན་རྒྱ་གར་ལྟ་བུར་ཆ་མཚོན་ན་ལུང་པ་ཆེན་པོ་དང༌། མི་རིགས་འདྲ་མིན་ཡོད་པ། སྐད་ཡིག་འདྲ་མིན་ཡོད་པ། དེ་དང་འབྲེལ་བའི་གོམས་གཤིས་ཀྱང་འདྲ་མིན་ཡོད་པར་བརྟེན་བློ་མཐུན་མི་མཐུན་ཡོང་གི་ཡོད། སྐབས་རེར་རྒྱ་གར་གྱི་ཆབ་སྲིད་པ་ཚོའི་ནང་བློ་རྒྱ་ཆུང་བའི་རྐྱེན་གྱིས་རྙོག་དྲ་བཟོས་པ་མང་པོ་ཡོང་གི་ཡོད། ཡིན་ནའང་ཁྲིམས་ཀྱི་དབང་བསྒྱུར་དང༌། མང་གཙོ་ཡོད་པ། རང་དབང་ཡོད་པ་ཞིག་ཡིན་དུས། རྙོག་དྲ་ག་རེ་ཡོད་པ་དེ་དག་ཁ་ནས་བཏོན་པ་ལས། གཏིང་ལ་དཀའ་ངལ་ཡོད་ཀྱང་མདུན་ལ་འདྲ་ཆགས་པོ་བྱས་ནས་སྡོད་ཀྱི་མེད། གང་ཡིན་ཟེར་ན། དེ་ནི་མང་གཙོ་དང་རང་དབང་ཡོད་པའི་རྐྱེན་གྱིས་རེད། ཁྱིམ་མཚེས་ཀྱི་ལུང་པ་པཀིསཐཱན་ (Pakistan) དང༌། སྦང་ལ་དེཤ་ (Bangladesh) ཤྲིའ་ལང་ཀ་ (Sri Lanka) བཅས་དང་བསྡུར་བ་ཡིན་ན། རྒྱ་གར་བརྟན་པོ་ཡོད། དེ་ལྟར་ཡོང་དགོས་པའི་རྩ་བ་རྒྱ་གར་ལ་མང་གཙོ་ཡང་དག་པ་ཡོད་པའི་རྐྱེན་གྱིས་ཡིན། རྒྱ་གར་གྱི་རྒྱ་ཆེའི་མང་ཚོགས་ཤེས་ཡོན་གྱིས་མ་ལྡངས་པའི་ཆ་ཏན་ཏན་ཡོད་ཀྱང༌། མང་གཙོའི་ལམ་སྲོལ་ཡག་པོ་ཡོད་པའི་རྐྱེན་གྱིས་རྒྱ་གར་བརྟན་པོ་དང་ཚགས་ཚུད་པོ་བྱུང་བ་ཡིན། རྒྱ་ནག་ལྟ་བུར་ཆ་མཚོན་ན། ཕྱི་ནས་བལྟས་ན་བརྟན་བརླིང་ཡོད་པ་ལྟ་བུ་ཞིག་མངོན་གྱི་ཡོད་ཀྱང༌། དེ་ནི་མགོ་རྡུང་བཏང་ནས་བྱུང་བ་ཡིན། དེ་སྔའི་ཨུ་རུ་སུ་ལྟ་བུར་ཆ་མཚོན་ན། ཧ་ཅང་བརྟན་བརླིང་གི་རྣམ་པ་ཞིག་ཡོད་པ་དེ་ནི་བཙན་དབང་བཏང་ནས་བྱུང་བ་ལས་མི་སེམས་འདོད་པ་ཚིམས་ནས་བྱུང་བ་ཞིག་མ་རེད། དེ་འདྲ་ཡིན་དུས་ཆབ་སྲིད་ཀྱིས་བསྡམས་བཅིངས་དེ་ལ་འགྱུར་བ་ཕྱིན་པ་དང་དཀའ་ངལ་ཕྲད་ཡོད། རྒྱ་ནག་ཀྱང་དེ་དེ་བཞིན་ཡིན། རྒྱ་ནག་གི་འགོ་ཁྲིད་ཚོས་དངངས་སྐྲག་བྱས་ནས་གང་ཐུབ་བཙན་པོའི་དབང་བསྒྱུར་བྱེད་དོན་ཡང་དེ་ཡིན། ང་རང་ཚོ་མང་གཙོའི་ཐོག་ཡག་པོ་འགྲོ་ཐུབ་པ་ཡིན་ན། ང་ཚོའི་རང་དབང་འཐབ་རྩོད་ཀྱི་ནུས་པ་ཏན་ཏན་ཤུགས་ཆེ་རུ་འགྲོ་རྒྱུ་དང༌། མི་གཅིག་ལ་ལྟོས་པ་ལྟ་བུ་མ་ཡིན་པར་མང་ཚོགས་རང་གིས་འགན་ཁུར་བ་ཞིག་ཡིན་དུས་མི་རབས་ནས་མི་རབས་བར་རྒྱུན་མཐུད་ནས་བྱེད་ཐུབ་པ་ཡིན། དེ་མིན་མི་གཅིག་གིས་འགན་ཁུར་ནས་བསྡད་པ་ཡིན་ན། མི་གཅིག་པོ་དེའི་མི་ཚེ་ཚད་ངེས་ཅན་ཡོད་པ་ཞིག་ཡིན་དུས། དེ་མེད་པ་ཆགས་པའི་མཚམས་སུ་དཀའ་ངལ་འཕྲད་རྒྱུ་རང་བཞིན་ཆོས་ཉིད་ཡིན། དེ་འདྲ་ཡིན་དུས་ང་རང་ཚོའི་འཐབ་རྩོད་འདི་མི་རིགས་ཤིག་གི་རང་དབང་གི་འཐབ་རྩོད་ཡིན་པས་མི་རིགས་ཡོངས་ཀྱིས་འགན་ཁུར་དགོས་པ་ལས་མི་གཅིག་ལ་ལྟོས་ནས་སྡོད་པའི་གནས་ཚུལ་ཞིག་མིན། ང་ཚོས་མང་གཙོ་གལ་ཆེན་པོར་བརྩི་བ་དང༌། མང་གཙོ་ཡོང་བའི་འབད་བརྩོན་རིམ་པར་བྱས་པའི་རྒྱུ་མཚན་ཡང་དེ་ཡིན། དེ་འདྲ་ཡིན་དུས་ྋརྒྱལ་བ་རིན་པོ་ཆེ་ཡོད་ཀྱང་རུང༌། མེད་ཀྱང་རུང༌། གང་ལྟར་གངས་ཅན་པའི་རང་དབང་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་གིས་རང་དབང་གི་ལུང་པའི་ནང་དུ་ཚགས་ཚུད་པོ་བྱས་ཏེ་མི་རབས་ནས་མི་རབས་བར་འགན་ཁུར་ཐུབ་པ་ཞིག་བྱེད་དགོས་པ་ཡིན། དེར་བརྟེན་ང་ཚོ་མང་གཙོའི་ཐོག་ལ་འགྲོ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
འདས་པའི་ལོ་ལྔ་དྲུག་གི་གོང་ནས་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱས་ནས་སླེབས་ཡོད། དེ་ནི་རྒྱལ་ཁ་ཆེན་པོ་ཞིག་ཡིན། དེ་ཕྱི་ལ་འདྲ་ཆགས་པོ་ཡོང་ཕྱིར་བསྟན་རྒྱུ་ཞིག་མིན་ལ། རྒྱ་མི་ལ་ང་ཚོ་མང་གཙོའི་ལམ་དུ་འགྲོ་གི་ཡོད་པ་བསྟན་པའི་ཆེད་དུ་ཡང་མིན། དོན་ངོ་མའི་ཆ་ནས་མི་མང་གིས་འོས་བསྡུ་བྱས་ཏེ་བསྐོས་པའི་མིས་འགན་གཙང་མ་ཁུར་ནས་ཐག་གཅོད་གཙང་མ་བྱེད་དགོས། ངས་བསམ་འཆར་བཤད་ཆོག་ལ། ཚུར་གོ་བསྡུར་བྱེད་དགོས་པའང་ཡོང་རྒྱུ། སྔོན་མ་ནས་དེ་ལྟར་བྱེད་ཀྱི་ཡོད། ད་དུང་ཡང་བྱ་རྒྱུ་ཡིན། དེ་མིན་རྩ་བའི་འགན་ཁུར་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་མི་དེས་བྱེད་དགོས་པ་དང༌། ཐག་གཅོད་བྱེད་དགོས་པ་ཁག་མི་དེ་བརྒྱུད་ནས་བྱེད་དགོས་པ་ཡིན། བྱེད་ཀྱི་ཡང་ཡོད་པ་རེད། འདི་གལ་ཆེན་པོ་ཞིག་ཆགས་ཀྱི་འདུག ངས་འདིར་ཆབ་སྲིད་ཀྱི་གནས་ཚུལ་ཐོག་དམིགས་བསལ་གང་ཡང་བཤད་རྒྱུ་མེད། ང་རང་གནས་ཚུལ་མང་པོ་ཞིག་གི་ཐོག་བསམ་བློ་བཏང་ནས་བསྡད་ཀྱི་ཡོད། ང་ཚོ་དུས་ནས་དུས་སུ་གོ་བསྡུར་ཡོང་རྒྱུ་ཡིན། ངས་འདིར་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། མདོ་དོན་སྙིང་པོ་ཁྱེད་རང་ཚོས་སེམས་ཤུགས་དང་རིག་པ་བསྒྲིམས་ནས་ལས་ཀ་བྱ་རྒྱུའི་དུས་ཚོད་རེད། འཛམ་བུ་གླིང་འདིའི་སྒང་ལ་བོད་པའི་དོན་དག་ལ་དོ་ཁུར་བྱེད་མཁན་ལོ་རེ་བཞིན་མང་དུ་འགྲོ་གི་ཡོད། ང་ཚོས་འདིར་འབད་བརྩོན་བྱ་རྒྱུ་དེ་ཆབ་སྲིད་རྐྱང་རྐྱང་གི་སྐད་ཆ་མ་རེད། ཆབ་སྲིད་ཀྱི་འགྱུར་བ་ཞིག་མ་ཕྱིན་པར་བོད་ནང་དུ་བོད་མི་མི་རེ་ངོ་རེའི་དཀའ་ངལ་སེལ་མི་ཐུབ་པ་དང༌། ཁོར་ཡུག་གི་གནས་སྟངས་ཀྱི་ཆ་ནས་དཀའ་ངལ་སེལ་མི་ཐུབ་པ། དཔལ་འབྱོར་ཆ་སྙོམས་ཡོང་བ་བཅས་ཀྱི་དཀའ་ངལ་སེལ་ཐུབ་ཀྱི་མེད། དེར་བརྟེན་ཆབ་སྲིད་ཀྱི་ཐོག་ནས་མིང་དོན་མཚུངས་པའི་རང་སྐྱོང་ཞིག་དགོས་ཞེས་ཤོད་ཀྱི་ཡོད་པ་ལས། ང་ཚོར་ཐོབ་ཐང་དང་དབང་ཆ་དགོས་ཞེས་ཤོད་ཀྱི་མེད། བོད་ནང་ཆོས་དང༌། རིག་གཞུང༌། སྐད་ཡིག ཁོར་ཡུག མི་རིགས་ཀྱི་དཔལ་འབྱོར་ཡར་རྒྱས། དེ་བཞིན་བརྟན་བརླིང་བཅས་ཡོང་བ་ལ་བོད་མི་འདོད་པ་ཁེངས་པ་ཞིག་བྱུང་ན་བརྟན་བརླིང་ཡོང་རྒྱུ་ཡིན། སེམས་ཀྱི་ནང་ཡིད་མ་ཚིམས་པ་དང༌། འདོད་པ་མི་ཁེངས་པའི་སྡུག་བསྔལ་ཞིག་གནས་ཕྱིན་གོ་སྐབས་ཤིག་བྱུང་བ་དང་རྙོག་དྲ་ལྷག་རྒྱུ་ཡིན་པ་ཐག་ཆོད་པ་ཡིན། རྒྱ་ནག་གཞུང་གི་ངོས་ནས་ཀྱང་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་ནས་བསམ་བློ་ཡག་པོ་ཞིག་བཏང་བ་ཡིན་ན་ང་ཚོས་ད་ལྟ་ཤོད་བཞིན་པའི་དབུ་མའི་ལམ་ཞེས་པ་འདི་རྒྱ་ནག་གི་བརྟན་བརླིང་དང་མཐུན་བསྒྲིལ་ཡར་རྒྱས་གོང་འཕེལ་བཅས་ཡོང་བར་ཕན་པ་ལས་གནོད་ཀྱི་མེད། ང་ཚོས་བོད་སྤྱི་པའི་དོན་དུ་འཐབ་རྩོད་བྱེད་པ་འདི་ཆབ་སྲིད་རྐྱང་རྐྱང་གི་སྐད་ཆ་མིན་པར་མི་རིགས་ཤིག་འཚོ་གནས་ཡོང་བའི་ཆེད་དང༌། ཆོས་དང་རིག་གཞུང་ཕན་ཐོགས་ཡོད་པ་ཞིག་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་ཡིན། དེ་བཞིན་རྒྱ་དཀར་ནག་གིས་མཚོན་པའི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་དང་འབྲེལ་བ་ཡོད་པའི་ཁོར་ཡུག་གནས་སྟངས་ཀྱི་ཐོག་ནས་བསམ་བློ་བཏང་ཡང་འགན་ཁུར་དགོས་པ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་ང་ཚོའི་འཐབ་རྩོད་འདི་བོད་མི་ས་ཡ་དྲུག་གི་ཁེ་ཕན་གཅིག་པུའི་ཆེད་མ་ཡིན་པར་མི་ས་ཡ་སྟོང་ཕྲག་ཁ་ཤས་ཀྱི་ཁེ་ཕན་གྱི་དོན་དུ་ལས་ཀ་བྱེད་ཀྱི་ཡོད་པ་ལྟ་བུ་ཡིན། དེ་ཚོ་སྙིང་ལ་བཅངས་ནས་ད་ལྟ་ནང་བཞིན་ཧུར་བསྐྱེད་གནང་རོགས་ཞེས་ཞུ་རྒྱུ་ཡིན། དེ་མིན་ང་ལ་བཤད་རྒྱུ་གང་ཡང་མི་འདུག བཀྲིས་བདེ་ལེགས། ཞེས་བཀའ་སློབ་སྩལ།