ཧ་ཝར་ཌིའི་རྒྱའི་སྐད་ཡིག་སློབ་སྦྱོང་ལས་གཞི་རྒྱ་ནག་ནས་ཐའེ་ཝན་ནང་སྤོ་གཏན་འཁེལ།

རྒྱལ་སྤྱིའི་སྟེང་སྙན་གྲགས་ཆེ་བའི་ཨ་རིའི་ཧ་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོས་ལོ་ལྟར་རྒྱ་ནག་པེ་ཅིན་སྐད་ཡིག་རིག་གཞུང་སློབ་ཆེན་(Beijing Language and Culture University) ནང་སྤེལ་བཞིན་པའི་རྒྱའི་སྐད་ཡིག་སྦྱོང་བའི་ལས་གཞི་དེ་ཉིད་ལོ་རྗེས་མ་ནས་ཐའེ་ཝན་ལ་སྤོས་ཏེ་ཐའེ་ཝན་གྱི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སྤེལ་གཏན་འཁེལ་ཡོད་འདུག

 

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཧ་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱའི་སྐད་ཡིག་ལས་གཞིའི་འགན་འཛིན་ཇེ་ནི་ཧྥར་ལིའུ་ (Jennifer Liu) ལགས་ཀྱིས། རྒྱའི་སྐད་ཡིག་སྦྱོང་བའི་ལས་གཞི་དེ་ཉིད་ཐའེ་ཝན་ལ་གནས་སྤོས་བྱས་དགོས་དོན་ནི། ལས་གཞི་སྤེལ་ཡུལ་པེ་ཅིན་སྐད་ཡིག་སློབ་གྲྭའི་ངོས་ནས་ལས་གཞི་གོ་སྒྲིག་སོགས་ཀྱི་ཐད་ལ་གྲོགས་འདྲིས་ཀྱི་རྣམ་པ་དེ་ཙམ་བསྟན་མེད་སྐོར་དང་། ཉེ་བའི་ལོ་ཤས་ནང་ལས་གཞིའི་དགོས་མཁོ་གཞིར་བཟུང་གི་འཛིན་ཁང་མ་རག་པའི་དཀའ་ངལ་ཡང་ཕྲད་ཡོད་འདུག པེ་ཅིན་གྱི་སྐད་ཡིག་སློབ་ཆེན་དེས་ལས་གཞིའི་དེའི་ནང་མཉམ་ཞུགས་བྱེད་མཁན་གྱི་ཧ་ཝར་ཌིའི་སློབ་ཕྲུག་ཡོངས་རྫོགས་གཤོང་སའི་འཛིན་ཁང་ཞིག་བཀོད་སྒྲིག་བྱ་རྒྱུའི་ཚབ་ཏུ། འཛིན་ཁང་མི་འདྲ་བ་གཉིས་བཀོད་སྒྲིག་བྱས་རྐྱེན་སློབ་ཕྲུག་རྣམས་སྡེ་ཚན་གཉིས་ལ་ཆ་བགོས་བྱེད་དགོས་བྱུང་ཡོད་འདུག་ཅིང་། གནས་སྟངས་འདི་འདྲའི་འོག་ནས་ཧ་ཝར་ཌིའི་ལས་གཞི་དེ་ཉིད་ཐོག་མའི་དམིགས་ཡུལ་ལྟར་སྤུས་ཚད་ལྡན་པའི་ཐོག་ནས་ལག་བསྟར་བྱེད་དཀའ་བར་གྱུར་ཡོད་ཚུལ་འགྲེལ་བརྗོད་བྱས་ཡོད་འདུག

 

ཧ་ཝར་ཌིའི་སློབ་མའི་ཚགས་པར་སྟེང་དེ་འབྲེལ་གནས་ཚུལ་ཐོག་མར་འཁོད་པའི་ནང་། ཇེ་ནི་ཧྤར་ལིའི་ཡི་མཐོང་ཚུལ་ལ་རྒྱ་ནག་གི་སློབ་གྲྭ་དེས་རྒྱའི་སྐད་ཡིག་གི་ལས་གཞི་དེར་མཐོང་ཆེན་མ་བྱས་པར་ཅུང་སྣང་མེད་ལྟ་བུ་བྱས་དོན་གཙོ་བོ་ནི། སྲིད་འཛིན་ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་དུ་གྱུར་བ་ནས་བཟུང་། ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་གི་ཨ་རིར་ལྟ་ཕྱོགས་འགྱུར་བཞིན་པའི་རྐྱེན་གྱིས་ཡིན་སྲིད་སྐོར་འགྲེལ་བརྗོད་བྱས་འདུག་པ་མ་ཟད། དེ་སྔ་ཡིན་ན་རྒྱའི་སྐད་ཡིག་གི་ལས་གཞིའི་ལས་བྱེད་དང་སློབ་མ་རྣམས་ཀྱིས་བདུན་པའི་ཚེས་བཞི་སྟེ་ཨ་རིའི་རང་བཙན་ཉིན་མོར་ཨ་རིའི་རྒྱལ་གླུ་ལེན་པ་དང་པི་ཛ་(Pizza)ཟོས་ཏེ་དགའ་སྤྲོ་བྱེད་ཀྱི་ཡོད་ནའང་། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གི་སློབ་གྲྭ་དེས་དགེ་སློབ་རྣམས་ལ་དེ་ལྟར་བྱ་མི་ཆོག་པའི་བཀའ་བཏང་ཡོད་འདུག

 

པེ་ཅིན་གྱི་སྐད་ཡིག་རིག་གཞུང་སློབ་གྲྭའི་དགེ་རྒན་ཞིག་གིས་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་ལ། ལས་གཞི་དེ་ཉིད་རྒྱ་ནག་ནང་མཚམས་འཇོག་བྱས་དགོས་པའི་རྒྱུ་མཚན་གཞན་ཞིག་ནི། འདས་ལོར་འཛམ་གླིང་ཁྱོན་དུ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཕྱིན་པའི་རྐྱེན་གྱིས། རྒྱ་ནག་གཞུང་གིས་ཕྱིའི་འགྲུལ་བ་རྣམས་རྒྱ་ནག་ཏུ་ཡོང་རྒྱུར་བཀག་སྡོམ་ནན་པོ་བྱས་ཡོད་པ་ལྟར། ལས་གཞི་འདི་དང་འབྲེལ་བའི་སློབ་མ་རྣམས་ལའང་ཐོངས་མཆན་རེག་ཐབས་སོགས་ཀྱི་ཐད་ནས་དཀའ་ངལ་འཕྲད་པར་བརྟེན། ལས་གཞི་དེ་ཉིད་གནས་སྐབས་མཚམས་འཇོག་དགོས་བྱུང་ཡོད་སྐོར་བརྗོད་ཡོད་འདུག

 

ཧ་ཝར་ཌི་སློབ་གྲྭ་ཆེན་མོའི་རྒྱའི་སྐད་ཡིག་གི་ལས་གཞི་དེ་ནི་ཕྱི་ལོ་ ༢༠༠༥ ལོར་རྒྱ་ནག་གི་པེ་ཅིན་སྐད་ཡིག་རིག་གཞུང་སློབ་ཆེན་དང་ཟུང་འབྲེལ་ཐོག་ནས་མགོ་བཙུགས་པ་ཞིག་ཡིན་ཞིང་། ལས་གཞི་དེའི་འོག་ཧ་ཝར་ཌི་དང་ཡེལ་ལྟ་བུའི་ཨ་རིའི་སློབ་གྲྭ་ཆེན་མོའི་སློབ་མ་རྣམས་ཀྱིས་ཟླ་བ་ ༩ རིང་རྒྱའི་སྐད་ཡིག་དང་རིག་གནས་ཐོག་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༩ བར་ལས་གཞིའི་དེའི་ཁོངས་སུ་ཁྱོན་སློབ་མ་ ༡༣༠༠ ལྷག་མཉམ་ཞུགས་བྱས་ཡོད་འདུག ལོ་རྗེས་མར་འཚོག་གཏན་འཁེལ་བའི་ཐའེ་ཝན་དང་ཧ་ཝར་ཌིའི་མཉམ་འབྲེལ་ལས་གཞི་དེ་དང་འབྲེལ་བའི་ལས་ཁུངས་གསར་པ་ཧ་ཝར་ཌི་ཐའེ་པེ་ཤེས་ཡོན་ལྟེ་གནས་ཁང་ (Harvard Taipei Academy) གིས། ལས་གཞིའི་དེའི་ཁོངས་སུ་ཡོད་པའི་སློབ་མ་རྣམས་ལ་དཔེ་མཛོད་དང་ཞལ་ལག་གིས་མཚོན་པའི་མཐུན་འགྱུར་ཚང་མ་མཁོ་སྤྲོད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

 

ད་ལན་གྱི་གནས་ཚུལ་དེ་ནི་ཨ་རི་དང་རྒྱ་ནག ཐའེ་ཝན་བཅས་གསུམ་དབར་གྱི་ཆབ་སྲིད་གནས་སྟངས་ཅུང་ཛ་དྲག་ཡིན་པའི་སྐབས་སུ་ཁེལ་ཡོད་ཅིང་། འདས་ལོར་ཨ་རིའི་གཞུང་གིས་ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་འབྲེལ་ཡན་ལག་གསར་འགྱུར་བརྒྱུད་ལམ་སྐོར་ཞིག་ཕྱིའི་རྩ་འཛུགས་ལ་ངོས་འཛིན་གྱིས། དེ་དག་གི་ལས་དོན་བྱེད་ཕྱོགས་ལ་ཚད་བཀག་བཟོས་པའི་རྐྱེན་གྱིས། རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡོད་པའི་ཨ་རིའི་སྒེར་གཉེར་གསར་ཁང་ནེའུ་ཡོག་དུས་བབ་ (New York Times) དང་། ཝ་ཤིང་ཊོན་ཆ་འཕྲིན་ (The Washington Post) སོགས་ཀྱི་གསར་འགོད་པའི་ལག་ཁྱེར་ཕྱིར་བསྡུ་བྱས་པར་བརྟེན། གསར་ཁང་དེ་དག་གི་གསར་འགོད་པ་རྣམས་ཀྱི་རྟེན་གཞི་ཡང་ཐའེ་ཝན་དུ་གནས་སྤོས་བྱས་ཡོད་པ་རེད།

བོད་ཀྱི་དུས་བབ་ལས་དྲངས།

About རྩོམ་སྒྲིག་པ།