ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱི་ལྷན་ཚོགས་ཐོག་བོད་ནང་གི་གནས་སྟངས་གླེང་སློང་གནང་།

ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་མཉམ་ཞུགས་གནང་བའི་ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱི་མགོ་ཁྲིད་ལྷན་ཚོགས་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་དང་མཐུན་གྲོགས་རྒྱལ་ཁབ་རྣམས་སྔར་ལས་མཉམ་འབྲེལ་གྱི་ཐོག་ནས་རྒྱ་ནག་གི་བཙན་དབང་ལ་གདོང་ལེན་བྱེད་དགོས་པའི་གྲོས་ཆོད་བཞག

ཁ་སང་ཕྱི་ཚེས་ ༡༥ ཉིན་སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་(Brussel) དུ་ཨ་རིའི་སྲིད་འཛིན་བྷའེ་ཌིན་མཆོག་གིས་ཡུ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་མགོ་ཁྲིད་ཁག་ལ་མཇལ་འཕྲད་གནང་སྟེ། ཕྱོགས་གཉིས་བར་གྱི་མཉམ་འབྲེལ་ཡར་རྒྱས་གཏོང་ཕྱོགས་ཐད་གྲོས་མོལ་གནང་རྗེས། མཉམ་འབྲེལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ་ཨ་རི་དང་ཡུ་རོབ་མཐུན་ཚོགས་གཉིས་ནས་མཉམ་འབྲེལ་སྔར་ལྷག་གནང་རྒྱུ་ཡིན་སྐོར་བརྗོད་འདུག་ལ། ཐེངས་འདིའི་མགོ་ཁྲིད་ལྷན་ཚོགས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་གནང་ཡོད་འདུག

 

ཕྱོགས་གཉིས་ཀྱི་མགོ་ཁྲིད་ཁག་བར་གྲོས་ཆོད་དོན་ཚན་ཁག་ཅིག་བཞག་ཡོད་པའི་ནང་། རྒྱ་ནག་དང་འབྲེལ་ནས་ཕྱོགས་ཡོངས་ཀྱི་མཉམ་འབྲེལ་དང་འགྲན་རྩོད་རང་བཞིན། འཛིན་སྐྱོང་གི་ཁ་གཏད་ཡིན་པའི་ལངས་ཕྱོགས་བཟུང་སྟེ་མཉམ་འབྲེལ་སྔར་ལྷག་གནང་རྒྱུ་ཡིན་པ་དང་། མུ་མཐུད་བོད་དང་ཤར་ཏུར་ཀི་སི་ཐན་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་པ་དང་། ཧོང་ཀོང་གི་དམངས་གཙོ་དང་རང་སྐྱོང་གི་གནས་བབ་ཉམས་ཆག དེ་བཞིན་དཔལ་འབྱོར་གྱི་བཙན་དབང་དང་རྒྱལ་སྤྱིའི་ཐོག་གནས་ཚུལ་འཁྱོག་བརྗོད་བྱེད་བཞིན་པ་སོགས་ལ་གདོང་ལེན་བྱ་ཆེད་མུ་མཐུད་མཉམ་འབྲེལ་བྱ་རྒྱུ་ཡིན་སྐོར་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་བརླིང་ནི་ཧ་ཅང་གལ་ཆེན་ཡིན་པར་ངོས་འཛིན་དང་། ཁུལ་དེའི་གནད་དོན་ཞི་བའི་ངང་སེལ་ཐབས་ལ་འབད་བརྩོན་བྱ་རྒྱུ་ཡིན་སྐོར་སོགས་བཀོད་འདུག

 

མཇལ་མོལ་རྗེས་ཀྱི་གསར་འགོད་གསལ་བསྒྲགས་སྐབས་ཡུ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་ཨོར་སོ་ལཱ་ཝན་དྷར་ལའེ་ཡན་ (Ursula von der Leyen) གྱིས། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་འགལ་ཟླ་བཟོ་བའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་པ་དང་། དེ་ལ་བརྟེན་ནས་རྒྱ་ནག་ནི་ཡུ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་གི་ཁ་གཏད་དུ་གྱུར་པ་ཡིན་སྐོར་དང་།  ཡང་ཁོང་མོས། འཛིན་སྐྱོང་རང་གི་ཐོག་ལ་འབབ་དུས་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་ནི་གཙོ་བོ་ཡིན་པ་དང་། དེ་ཡིས་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་གཉིས་མངོན་གསལ་དོད་པོའི་ཐོག་ནས་འགལ་ཟླ་བཟོ་བཞིན་ཡོད་པ་རེད། ཅེས་བརྗོད་འདུག

 

ཡུ་རོབ་མཐུན་ཚོགས་དང་ཨ་རི་གཉིས་ཀྱི་མཉམ་འབྲེལ་གོང་མཐོར་གཏོང་ཐབས་ཀྱི་མཇལ་མོལ་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ནས་གླེང་སློང་བྱས་ཡོད་པའི་ཐད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་མཐུན་ཚོགས་ཀྱི་སྲིད་ཇུས་ཚན་པའི་འགན་འཛིན་ཝིན་སེན་ཏི་མེ་ཊེན་ (Vincent Metten) ལགས་ཀྱིས་བསྔགས་བརྗོད་བྱས་འདུག་ལ། དེ་ནི་རྒྱ་ནག་གཞུང་དང་འབྲེལ་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་འཛུགས་ཕྱོགས་ཀྱི་གོམ་པ་མདུན་སྤོ་ཞིག་ཡིན་པ་དང་། པེ་ཅིན་གཞུང་དང་ཞི་ཅིན་ཕིན་གྱིས་འགྲོ་བ་མིའི་ཐོབ་ཐང་ཚབས་ཆེན་རྡོག་རོལ་དུ་གཏོང་བཞིན་པར་མཐུན་གྲོགས་རྒྱལ་ཁབ་ཚོས་མུ་མཐུད་ཕྱི་འབྲེལ་སྲིད་ཇུས་ཀྱི་ཐོག་ནས་མཉམ་འབྲེལ་བྱེད་པ་དང་། མཉམ་གཅིག་ཏུ་དེར་གདོང་ལེན་དང་སྐྱོན་བརྗོད་བྱེད་པ་ནི་ཧ་ཅང་གལ་ཆེན་ཡིན་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་གནས་སྟངས་དང་འབྲེལ། ཉེ་བའི་ལོ་ཤས་རིང་ཨ་རི་དང་ཁེ་ན་ཌ། ཡུ་རོབ་མཐུན་ཚོགས་དང་དབྱིན་ཡུལ་སོགས་ཀྱིས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ལ་ཉེས་ཆད་བཅད་སྟབས། རྒྱ་ནག་གཞུང་གིས་དེར་རྒོལ་ལན་གྱི་ཚུལ་དུ་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་སྐོར་ཞིག་ཚུད་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དཔོན་རིགས་མང་པོ་ཞིག་ལ་ཉེས་ཆད་བཅད་ཡོད་པ་རེད། དེར་མཐུད་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་ཀྱིས་རྒྱ་ནག་གི་ཉེས་ཆད་དེ་དག་ཕྱིར་བསྡུ་མ་བྱས་བར་དུ་ཕྱོགས་གཉིས་བར་བཞག་པའི་ཚོང་དོན་མ་འཛུགས་གྲོས་ཆོད་ (EU-China Comprehensive Agreement on Investment) དེར་མོས་མཐུན་ཆོག་མཆན་རག་ཐབས་མེད་སྐོར་བརྗོད་ཡོད་པ་རེད་ལ། རྒྱ་ནག་ལ་གདོང་ལེན་བྱེད་ཕྱོགས་དང་འབྲེལ་ནས་ཡུ་རོབ་མཐུན་ཚོགས་དང་ཨ་རི་གཉིས་ནས་མཉམ་འབྲེལ་ཤུགས་ཆེ་རུ་གཏོང་དགོས་སྐོར་ནན་བརྗོད་བྱས་ཡོད་པ་རེད།

 

ཐེངས་འདིའི་ཡུ་རོབ་མཐུན་ཚོགས་དང་ཨ་རིའི་མཇལ་མོལ་གྱི་གླེང་གཞི་གཙོ་བོ་ཁག་ནི་ཏོག་དབྱིབས་གཉན་རིམས་དང་རྒྱ་ནག་གཞུང་། ཚོང་དོན་རྒྱལ་ཁྲལ་དང་འཕྲུལ་རིགས་ཀྱི་ཁྲིམས་སྒྲིག གནམ་གཤིས་འགྱུར་ལྡོག་དང་དམགས་གཙོ་སོགས་ཀྱི་གནད་དོན་ལ་གདོང་ལེན་བྱེད་ཕྱོགས་ཀྱི་སྐོར་ཡིན་འདུག་པ་དང་། དེ་རིང་ཕྱི་ཚེས་ ༡༦ ཉིན་སྲིད་འཛིན་བྷའེ་ཌིན་མཆོག་ནས་ཨུ་རུ་སུའི་སྲིད་འཛིན་པུ་ཌེན་ (Vladimir Putin) ལ་འཕྲད་འཕྲད་གནང་རྗེས། སྲིད་འཛིན་བྷའེ་ཌིན་མཆོག་གི་བདུན་གཅིག་ཙམ་གྱི་རྒྱལ་ཕྱིའི་གཞུང་འབྲེལ་ཕྱོགས་ཕེབས་དང་པོ་མཇུག་སྒྲིལ་གྱི་ཡོད་འདུག་པ་དང་། ཐེངས་འདིའི་ཕྱོགས་ཕེབས་སྐབས་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་མགོ་ཁྲིད་ཀྱི་ཚོགས་ཆེན་ནང་མཉམ་ཞུགས་དང་། ནུབ་གླིང་རྒྱ་མཚོ་བྱང་མའི་དམག་དོན་སྒྲིག་འཛུགས་ (NATO) ཀྱི་ཆེས་མཐོའི་མཐོ་ཁྲིད་དང་ཡུ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་མགོ་ཁྲིད་ཁག་ལ་མཇལ་འཕྲད་གནང་སྟེ། རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ཤུགས་རྐྱེན་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་ཐོག་མཉམ་འབྲེལ་གྱིས་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་ཐད་གླེང་སློང་དང་གྲོས་ཆོད་བཞག་ཡོད་འདུག

བོད་ཀྱི་དུས་བབ་ལས་དྲངས།

About རྩོམ་སྒྲིག་པ།