རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་གཏོང་ཐབས་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་མཚོན་ཆེད་ཨ་རིའི་གཞུང་འབྲེལ་མི་སྣ་པེ་ཅིན་དགུན་དུས་ཨོ་རྩེད་འགྲན་ཚོགས་ཐོག་མངག་གཏོང་གནང་རྒྱུ་མིན་པའི་ཐག་གཅོད་གནང་ཟིན་པ་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་ཀྱང་དེ་བཞིན་གྱི་ཐག་གཅོད་གནང་དགོས་པའི་འབོད་སྐུལ་གནང་བཞིན་འདུག
དེ་རིང་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ལྕམ་ཇན་སཱ་ཀི་ (Jen Psaki) ལགས་ཀྱིས་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པར་བརྟེན། སྲིད་འཛིན་བྷའེ་ཌིན་སྲིད་གཞུང་ངོས་ནས་ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༢ པའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཚོག་གཏན་ཁེལ་བའི་དགུན་དུས་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་ནང་ཨ་རིའི་ཕྱི་འབྲེལ་མི་སྣ་དང་སྐུ་ཚབ་རྣམས་མངག་གཏོང་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་སྐོར་གསལ་བསྒྲགས་གནང་འདུག
དེ་ཡང་གསར་འགོད་ལྷན་ཚོགས་སྟེང་ལྕམ་ཇན་སཱ་ཀི་ཡིས། བྷའེ་ཌིན་སྲིད་གཞུང་ངོས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཤིན་ཅང་(ཤར་ཊུར་ཀི་སི་ཐན་)ནང་མི་རིགས་རྩ་མེད་དང་འགྲོ་བ་མིའི་རིགས་ཀྱི་ཐོག་གཏུམ་སྤྱོད་སྤེལ་བཞིན་པ་དང་། འགྲོ་བ་མིའི་ཐོབ་ཐང་གཞན་ལ་རྡོག་རོལ་གཏོང་བཞིན་པར་བརྟེན། ཕྱི་ལོ་ ༢༠༢༢ ལོའི་པེ་ཅིན་གྱི་དགུན་དུས་ཨོ་རྩེད་དང་། དབང་པོ་སྐྱོན་ཅན་རྣམས་ཀྱི་རྩེད་འགྲན་ཆེན་མོ་(Paralympic Games) ནང་ཨ་རིའི་ཕྱི་འབྲེལ་མི་སྣ་དང་གཞུང་འབྲེལ་སྐུ་ཚབ་གཅིག་ཀྱང་མངག་གཏོང་རྒྱུ་མ་རེད། ཅེས་དང་། རྒྱ་ནག་གཞུང་གིས་ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་དང་དྲག་སྤྱོད་སྤེལ་བཞིན་པའི་སྐབས་འདིར། ང་ཚོས་རྩེད་འགྲན་དེའི་ནང་སྐུ་ཚབ་མངག་གཏོང་བྱས་པ་དེས་རྩེད་འགྲན་དེ་ཉིད་རྒྱུན་ལྡན་གྱི་བྱ་འགུལ་ལྟ་བུ་ཞིག་ལ་ངོས་འཛིན་བྱ་ཉེན་ཡོད་པས། ང་ཚོས་དེ་ལྟར་བྱེད་ཐུབ་ཐབས་མེད། ཅེས་བརྗོད་འདུག
འདས་པའི་ལོ་གཅིག་ནང་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀའི་འཐུས་མིས་སྲིད་འཛིན་བྷའེ་ཌིན་མཆོག་ལ་རྒྱ་ནག་གི་དགུན་དུས་ཨོ་རྩེད་དེར་གཞུང་འབྲེལ་སྐུ་ཚབ་མངག་གཏོང་བྱ་རྒྱུ་མེད་པའི་སྐུལ་འདེད་དང་གནོན་ཤུགས་ཆེན་པོ་སྤྲད་ཡོད་པ་ལྟར། ཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་ཐག་གཅོད་དེར་དགའ་བསུ་ཆེན་པོ་བྱས་ཡོད་འདུག དེ་ཡང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་རྒན་གྲས་སྐུ་ཞབས་མིཊ་རོམ་ནི་ (Mitt Romney) ལགས་ཀྱིས་རང་གི་ཊི་ཝི་ཊར་སྟེང་། པེ་ཅིན་ཨོ་རྩེད་ནང་གཞུང་འབྲེལ་སྐུ་ཚབ་མི་བཅར་རྒྱུ་དེས་རྒྱ་ནག་དམར་ཤོག་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་ཡུ་གུར་མི་རིགས་རྩ་མེད་ཀྱི་བྱས་ཉེས་དག་ཐེར་འདོན་བྱེད་ཐུབ་པ་ཡིན། ཞེས་བརྗོད་དེ་སྲིད་འཛིན་བྷའེ་ཌིན་སྲིད་གཞུང་གི་ཐག་གཅོད་ལ་རྒྱབ་སྐྱོར་གནང་འདུག་ལ། དེ་བཞིན་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་ཀྱང་། ང་ཚོས་རང་གི་རྩེད་འགྲན་པ་རྣམས་ལ་རྒྱབ་སྐྱོར་དང་དགའ་བསུ་ཞུ་དགོས་ངེས་ཡིན་ཀྱང་། ཨ་རི་གཙོས་པའི་འཛམ་གླིང་ཡོངས་ཀྱིས་མི་རིགས་རྩ་མེད་དང་འགྲོ་བ་མིིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་རྒྱལ་ཁབ་གཅིག་ནང་ཨོ་ལིམ་ཕིག་འཚོག་རྒྱུ་དེ་ནོར་འཁྲུལ་གང་ཡང་མིན་པའི་ཚུལ་གྱིས། རྩེད་འགྲན་དེར་གཞུང་འབྲེལ་གྱི་ཐམ་ཀ་བརྒྱབ་ཐུབ་ཐབས་མེད་པ་ཡིན། ཞེས་གསུངས་འདུག
འོན་ཀྱང་ཨ་རིའི་སྲིད་དོན་མི་སྣ་སྐོར་ཞིག་ཐག་གཅོད་དེར་ད་དུང་འདོད་བློ་ཚིམས་མེད་པ་རེད་འདུག དེ་ཡང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཊོམ་ཀོ་ཊོན་ (Tom Cotton) ལགས་ཀྱིས། གཞུང་འབྲེལ་སྐུ་ཚབ་མི་གཏོང་རྒྱུ་དེ་ནི་ཐབས་ལམ་ཆ་མ་ཚང་བ་ཞིག་ཡིན་པར་བརྟེན། ཨ་རིའི་ལུས་རྩལ་བ་རྣམས་ཀྱང་རྒྱ་ནག་གི་རྩེད་འགྲན་ནང་ཞུགས་རྒྱུ་ཕྱིར་འཐེན་དགོས་སྐོར་བཤད་འདུག དེ་བཞིན་གྲོས་ཚོགས་འཐུས་མི་ཊིམ་རི་ཡན་ (Tim Ryan)ལགས་ཀྱིས་བྷའེ་ཌིན་སྲིད་གཞུང་ངོས་ནས་ཐག་གཅོད་དེ་ལྟར་གནང་བར་དགའ་བསུ་ཞུ་ཡི་ཡོད་ཀྱང་། ཐབས་ལམ་དེས་ཕན་ཐོགས་དེ་ཙམ་ཡོང་གི་མེད་པས། དེ་ལས་རྩེད་འགྲན་དེ་རྒྱལ་ཁབ་གཞན་དུ་འཚོག་ཐུབ་ཐབས་གནང་དགོས་སྐོར་བརྗོད་ཡོད་འདུག
ད་ལྟའི་ཆར་རྒྱ་ནག་དབུས་གཞུང་ངོས་ནས་ཨ་རིའི་ཐག་གཅོད་དེར་གཞུང་འབྲེལ་གྱི་ལན་འདེབས་བྱས་མེད་ནའང་། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། རྒྱ་ནག་ངོས་ནས་ཨ་རིའི་སྲིད་དོན་མི་སྣ་རྣམས་ལ་མགྲོན་ཤོག་བཏང་མེད་པས། ཨ་རིའི་བྱ་སྤྱོད་དེ་ནི་ཆབ་སྲིད་ཀྱི་གཡོ་ཐབས་ཤིག་ཡིན་སྐོར་སྐྱོན་བརྗོད་བྱས་འདུག་ལ། བྱ་སྤྱོད་དེ་རིགས་ལ་ཡ་ལན་སྤྲོད་ངེས་ཡིན་སྐོར་གྱི་ཉེན་བརྡ་བཏང་ཡོད་འདུག
རུ་ཊར་གསར་ཁང་(Reuters)གི་དེ་འབྲེལ་གནས་ཚུལ་ལྟར་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཨེན་ཊོ་ནི་བྷི་ལིན་ཀན་མཆོག་གིས་ཨ་རིའི་ངོས་ནས་རང་གི་མཐུན་གྲོགས་རྒྱལ་ཁབ་རྣམས་ལ་པེ་ཅིན་ཨོ་རྩེད་ཐད་ཐག་གཅོད་གཅིག་མཚུངས་ཡོང་ཐབས་སྐོར་གོ་བསྡུར་ཞུས་ཡོད་སྐོར་བརྗོད་ནའང་། ད་ལྟའི་ཆར་ཁེ་ན་ཌ་དང་། ཨོ་གླིང་། ཉི་ཧོང་བཅས་ཀྱིས་རྒྱ་ནག་གི་ཨོ་རྩེད་ཐད་བསམ་བློ་གཏོང་བཞིན་པའི་སྒང་ལ་ཡིན་པ་ལས་ཐག་གཅོད་གཙང་མ་བྱུང་མེད་སྐོར་བརྗོད་ཡོད་པ་ལྟར། ནིའུ་ཛི་ལེན་ཌི་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་རང་གི་གཞུང་འབྲེལ་སྐུ་ཚབ་རྣམས་རྒྱ་ནག་ཏུ་མངག་གཏོང་བྱེད་ཐབས་མེད་སྐོར་གསལ་བསྒྲགས་བྱས་ཟིན་པ་རེད་འདུག
དེ་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་དོན་ལས་འགུལ་བསྟི་གནས་ཁང་(Tibet Action Institute)། ཨོ་སི་ཊོ་ལི་ཡའི་བོད་དོན་ལས་འགུལ་ཚོགས་པ། སི་ཝེ་ཌིན་བོད་དོན་ལས་འགུལ་ཚོགས་པ་(Swedish Tibet Committee) ཡུ་རོབ་བོད་ཀྱི་གཞོན་ནུ་ཚོགས་པ། བོད་རང་དབང་ལས་འགུལ་ཚོགས་པ་(Free Tibet)སོགས་དང་། དེ་བཞིན་འཛམ་གླིང་ཡུ་གུར་མཐུན་ཚོགས་དང་ལྷོ་སོག་འགྲོ་བ་མིའི་ཐོབ་བསྟི་གནས་ཁང་(Southern Mongolian Human Rights Center)། ཐའེ་ཝན་རང་དབང་སྲུང་སྐྱོབ་ཚོགས་པ་(Keep Taiwan Free) ང་ཚོ་ཧོང་ཀོང་བ་(We the Hongkongers)སོགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་པ་ཁག་ ༢༥༠ ལྷག་ནས་ཨ་རིའི་གཞུང་ནས་གོམ་པ་དང་པོ་སྤོས་ཟིན་པ་དང་། ད་དུང་དབྱིན་ཡུལ་དང་ཁེ་ན་ཌ། ཨོ་སི་ཊོ་ལི་ཡ། ཉི་ཧོང་སོགས་ནས་ཀྱང་པེ་ཅིན་ཨོ་རྩེད་ནང་མཉམ་ཞུགས་མི་བྱེད་པའི་ཐག་གཅོད་གནང་དགོས་པའི་འབོད་སྐུལ་གནང་བཞིན་འདུག
ད་ལན་ཨ་རིའི་གཞུང་འབྲེལ་སྐུ་ཚབ་མ་གཏོགས་རྩེད་འགྲན་པ་རྣམས་རྒྱ་ནག་གི་ཨོ་རྩེད་ནས་ཕྱིར་འཐེན་བྱས་མེད་པ་རེད། འོན་ཀྱང་ཕྱི་ལོ་ ༡༩༧༩ ལོར་ཨུ་རུ་སུ་མཉམ་འབྲེལ་གྱིས་ཨབ་གྷན་(Afghanistan)ལ་བཙན་འཛུལ་བྱས་པའི་རྒྱུ་མཚན་གྱིས། ལོ་གཅིག་རྗེས་ཨུ་རུ་སུར་འཚོགས་པའི་ཨོ་ལིམ་ཕིག་རྩེད་འགྲན་ནང་ཨ་རིས་གཞུང་འབྲེལ་སྐུ་ཞབ་ཙམ་དུ་མ་ཟད་རྩེད་འགྲན་པ་རྣམས་ཀྱང་མངག་གཏོང་བྱས་མེད་པ་རེད། ཨུ་རུ་སུས་དེར་ཡ་ལན་གྱི་ཚུལ་དུ། ཕྱི་ལོ་ ༡༩༨༤ ལོར་ཨ་རིའི་གྲོང་ཁྱེར་ལོ་སི་ཨེན་ཇི་ལེ་སི་(Los Angeles) ལ་འཚོགས་པའི་གཡར་དུས་ཨོ་རྩེད་ནས་ཕྱིར་འཐེན་བྱས་ཡོད་པ་རེད།
བོད་ཀྱི་དུས་བབ་ལས།