ཨ་རིའི་གྲོས་ཚོགས་འཐུས་མི་ ༦༥ ཡིས་བོད་དོན་ཞུ་ཡིག་ཕུལ།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ ༣༧ དང་གྲོས་ཚོགས་འོག་མའི་འཐུས་མི་ ༢༧ མཉམ་འབྲེལ་ཐོག་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་སྲིད་པའི་ལྕམ་ཨུ་ཛི་ར་ཛེ་ཡ་ལགས་སུ་༧གོང་ས་མཆོག་དང་སྲིད་འཛིན་བྷའེ་ཌིན་མཆོག་རྣམ་གཉིས་མཇལ་འཕྲད་ཡོང་ཐབས་སོགས་ཀྱིས་མཚོན་པའི་བོད་དོན་དང་འབྲེལ་བའི་གནད་དོན་ ༡༡ ཙམ་གྱི་ཐོག་འབད་བརྩོན་གནང་དགོས་པའི་རེ་སྐུལ་གནང་ཡོད་འདུག

 

ཁ་སང་ཕྱི་ཚེས་ ༡༤ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ ༦༠ མཉམ་འབྲེལ་གྱིས། རིང་མིན་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་སྲིད་པའི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་། དམངས་གཙོ། འགྲོ་བ་མི་ཡི་ཐོབ་ཐང་ཚན་པའི་དྲུང་ལས་ལྕམ་ཨུ་ཛི་ར་ཛེ་ཡ་ (Uzra Zeya) ལགས་ཀྱི་མཚན་ཐོག་ལ་རེ་སྐུལ་ཞུ་ཡིག་ཅིག་བཏང་སྟེ། ལྕམ་ཨུ་ཛི་ལགས་ཀྱི་ངོས་ནས་སྲིད་འཛིན་བྷའེ་ཌིན་མཆོག་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྣམ་གཉིས་དབར་མཇལ་འཕྲད་ཡོང་ཐབས་དང་། ཨ་རིའི་བོད་དོན་སྲིད་ཇུས་ཀྱི་ཁྲིམས་ཡིག་དེ་ཉིད་ལག་བསྟར་དོན་འཁྱོལ་ཡོང་ཐབས་ལ་འབད་བརྩོན་གནང་དགོས་པ་དང་། གཞན་ཡང་། ཨ་རིའི་གཞུང་ངོས་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་སྐོར་བརྗོད་རྒྱུ་མིན་པ་སོགས་ཨ་རིའི་ཕོ་བྲང་དཀར་པོས་ལག་ལེན་བསྟར་གནང་དགོས་པའི་བོད་འབྲེལ་གནད་དོན་བཅུ་གཅིག་ཙམ་གྱི་ཐོག་གླེང་སློང་གནང་ཡོད་འདུག

 

ད་ཐེངས་ཀྱི་རེ་སྐུལ་ཞུ་ཡིག་འདི་ནི་ཨ་རིའི་གྲོས་ཚོགས་གོང་མ་ནས་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་(Marco Rubio)ལགས་དང་དམངས་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་པེ་ཊི་རིག་ལི་ཧི་ (Ratrick Leahy)ལགས་རྣམ་གཉིས་དང་། གྲོས་ཚོགས་འོག་མ་ནས་དམངས་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་(Jim McGovern)ལགས་དང་སྤྱི་མཐུན་ཚོགས་པའི་སྐུ་ཞབས་སི་མེ་ཐི་ (Chris Smith)ལགས་བཅས་ཀྱིས་སྣེ་ཁྲིད་པའི་ཐོག་ནས་བཏང་བ་ཞིག་ཡིན་ཞིང་། ཞུ་ཡིག་ནང་ལྕམ་ཨུ་ཛི་ར་ཛེ་ཡ་ལགས་གང་མགྱོགས་ཨ་རིའི་ཕོ་བྲང་དཀར་པོའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་ཡོང་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད་པ་དང་། འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་ནང་ཨ་རིའི་གྲོས་ཚོགས་ཀྱི་དཀྱིལ་འཁོར་ནང་བོད་དོན་ཐད་སྲིད་དོན་ཚོགས་པ་གཉིས་ཀའི་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད་པ་ལྟར། ཨ་རིའི་ཕྱི་འབྲེལ་སྲིད་ཇུས་གང་འདྲ་ཞིག་ཡིན་ནའང་བོད་མིའི་ཐོབ་ཐང་དང་ཆེ་མཐོང་རྣམས་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་ཡོད་འདུག

 

དེ་ཡང་གྲོས་ཚོགས་འཐུས་མི་རྣམས་ཀྱིས། ཨ་རིའི་སྲིད་འཛིན་གོང་མ་ལྔའི་ཁྲོད་ནས་བཞི་ཡིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་གདན་འདྲེན་ཞུས་ཡོད་པ་ལྟར། སྲིད་འཛིན་བྷའེ་ཌིན་མཆོག་ནས་ཀྱང་མགོན་པོ་མཆོག་ཕོ་བྲང་དཀར་པོའི་ནང་གདན་དྲངས་ཏེ་ད་ཡོད་འཛམ་གླིང་གི་དཀའ་རྙོག་སེལ་ཐབས་སོགས་ཀྱི་སྐོར་ནས་གླེང་མོལ་ཞུ་དགོས་པ་དང་། གལ་ཏེ་༧གོང་ས་མཆོག་ཨ་རིར་ཕེབས་ཐུབ་ཐབས་མེད་ཚེ། སྲིད་འཛིན་བྷའེ་ཌིན་མཆོག་དངོས་སུ་རྒྱ་གར་ལ་ཕེབས་ཏེ་ཁོང་ཉིད་ལ་མཇལ་འཕྲད་ཞུ་དགོས་སྐོར་དང་། དེ་ལྟར་མ་བྱུང་ནའང་སྲིད་འཛིན་གཞོན་པའམ་དྲུང་ཆེ་རྣམ་པས་མཚོན་པའི་ཆེས་མཐོའི་སྐུ་ཚབ་ཅིག་རྒྱ་གར་ལ་མངག་གཏོང་གནང་དགོས་སྐོར་གྱི་དགོངས་ཚུལ་གསུངས་ཡོད་འདུག

 

གྲོས་ཚོགས་འཐུས་མི་ ༦༠ ཡིས་ཨ་རིའི་ཕོ་བྲང་དཀར་པོ་དང་གྲོས་ཚོགས་ངོས་ནས་ཕྱི་ལོ་ ༢༠༠༢ དང་ ༢༠༢༠ ལོ་སོ་སོར་གཏན་འབེབ་བྱས་པའི་ཨ་རིའི་བོད་དོན་སྲིད་ཇུས་ཀྱི་ཁྲིམས་ཡིག་གི་དགོངས་དོན་རྣམས་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་མཉམ་ལས་དགོས་སྐོར་དང་། ༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་བྷའེ་ཌིན་རྣམ་གཉིས་དབར་མཇལ་འཕྲད་ཀྱིས་མཚོན་པའི་གནད་དོན་ ༡༡ ཐོག་འབད་རྩོལ་སྔར་ལྷག་དགོས་པའི་རེ་སྐུལ་ཞུས་ཡོད་འདུག དེ་ཡང་ལྕམ་ཨུ་ཛི་ར་ཛེ་ཡ་ལགས་ནས་སྲིད་སྐྱོང་གསར་པ་སྤེན་པ་ཚེ་རིང་མཆོག་དང་མཉམ་འབྲེལ་སྒོས་བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་དཀའ་རྙོག་སེལ་ཐབས་དང་། བོད་མིའི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ། བོད་མིའི་བདེ་དོན་སོགས་ཀྱི་ཐད་ཡར་རྒྱས་ཅི་དགོས་ཐད་གྲོས་བསྡུར་བྱ་རྒྱུ་གལ་ཆེན་ཡིན་པ་དང་། ཨ་རིའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་ཡིག་ནང་༧གོང་ས་མཆོག་གི་ཡང་སྲིད་སྐོར་གྱི་ཐག་གཅོད་སྐུ་དབང་དེ་༧གོང་ས་མཆོག་ཁོང་ཉིད་དང་བོད་མི་ཁོ་ནར་མངའ་བ་འཁོད་ཡོད་པ་ལྟར། བྷའེ་ཌིན་སྲིད་གཞུང་ངོས་ནས་སྲིད་ཇུས་དེ་ཉིད་ཡོངས་ཁྱབ་ཀྱི་ཐོག་ནས་སྒྲོག་དགོས་པ་མ་ཟད། ཨ་རིའི་མཐུན་གྲོགས་རྒྱལ་ཁབ་རྣམས་དང་མཉམ་འབྲེལ་གྱིས་སྲིད་ཇུས་དེ་ཉིད་རྒྱལ་སྤྱིའི་ངོས་ལེན་ཡོད་པ་ཞིག་ཏུ་བསྒྱུར་དགོས་སྐོར་གསུངས་འདུག

 

གཞན་ཡང་། ཨ་རིའི་གཞུང་ངོས་ནས་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་ཡོང་ཐབས་དང་། ཨ་རིའིི་གྲོས་ཚོགས་ཀྱིས་གཏན་འབེབ་བྱས་པའི་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་ཡིག་(Reciprocal Access to Tibet Act) གི་དགོངས་དོན་རྣམས་ལག་བསྟར་ཚགས་ཚུད། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས། དེ་བཞིན་བལ་ཡུལ་ནང་གནས་སྡོད་བོད་མི་རྣམས་ལ་ཁྲིམས་མཐུན་གྱི་ངོས་འཛིན་རེག་ཐབས་བཅས་ལ་འབད་བརྩོན་ཞུ་དགོས་པའི་རེ་འདུན་བཏོན་ཡོད་འདུག་ལ། འཕྲིན་ཡིག་གི་མཇུག་དེར་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་ནི་ཨ་རིར་གནས་འཁོད་བོད་མི་ཁོ་ནའི་གནད་དོན་ཞིག་མིན་པར། འདི་ནི་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་གཙིགས་སུ་འཛིན་པའི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཚབ་མཚོན་ཞིག་ཡིན་སྐོར་གསུངས་ཡོད་འདུུག

 

འདས་ལོར་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་དྲིལ་བསྒྲགས་སྐབས་ཏེ། ཕྱི་ལོ་ ༢༠༢༠ ཟླ་ ༩ པའི་ནང་སྲིད་འཛིན་བྷའེ་ཌིན་མཆོག་གིས་རང་ཉིད་སྲིད་འཛིན་དུ་བསྐོ་གཞག་བྱུང་རྗེས་༧གོང་ས་མཆོག་ལ་མཇལ་འཕྲད་ཞུ་རྒྱུ་ཡིན་སྐོར་དང་། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་དཔལ་འབྱོར་ཉེས་ཆད་གཅོད་རྒྱུ་ཡིན་པ་དང་། གཞན་ཡང་། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུར་རྒྱབ་སྐྱོར་དང་། བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་བྱ་རྒྱུ་ཡིན་སྐོར་གསུངས་ཡོད་པ་མ་ཟད། སྐབས་དེའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་རང་གི་སྲིད་འཛིན་ལས་ཡུན་རིང་༧གོང་ས་མཆོག་ལ་མཇལ་འཕྲད་མ་ཞུས་པར་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་རེད། ཊོམ་ཕུ་འཛིན་སྐྱོང་ཕུད་དེ་སྔའི་ཨ་རིའི་ཕོ་བྲང་དཀར་པོའི་ལམ་སྲོལ་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ནི་དྲུང་ལས་གནས་རིམ་ཡིན་པའི་ཨ་རིའི་སྤྱི་དམངས་བདེ་འཇགས་དང་། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་དེས་གཅིག་ལྕོགས་གནང་གི་ཡོད་ཅིང་། ལྕམ་ཨུ་ཛི་ར་ཛེ་ཡ་ལགས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་ནས་ཚན་པ་དེའི་འགོ་འཛིན་དུ་བསྐོ་གཞག་གནང་ཡོད་ནའང་། ད་ལྟའི་ཆར་བྷའེ་ཌིན་སྲིད་གཞུང་གིས་ཁོང་མོ་གཞུང་འབྲེལ་ཐོག་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་མེད་པ་རེད།

བོད་ཀྱི་དུས་བབ་ལས་དྲངས།

About རྩོམ་སྒྲིག་པ།