ཨ་རིས་པེ་ཅིན་ཨོ་རྩལ་འགྲན་ཚོགས་ནས་ཕྱིར་འཐེན་གནང་རྒྱུར་བསམ་བློ་གཏོང་གི་ཡོད་འདུག

བོད་དང་ཡུ་གུར་གཙོ་བོར་གྱུར་བའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་མང་པོས་མཉམ་འབྲེལ་གྱི་ཐོག་ནས་འབོད་སྐུལ་ཞུས་པ་ལྟར་ཨ་རིས་མཐུན་གྲོགས་རྒྱལ་ཁབ་ཁག་དང་གྲོས་བསྡུར་བྱས་ཏེ་པེ་ཅིན་ཨོ་རྩལ་འགྲན་ཚོགས་ནས་ཕྱིར་འཐེན་གནང་རྒྱུར་བསམ་བློ་གཏོང་གནང་གི་ཡོད་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་དང་ཚོགས་སྡེ་མི་ཉུང་བས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བརྟེན་ནས། ཨ་རིས་པེ་ཅིན་གྱི་དགུན་དུས་ཨོ་ལིམ་ཕིག་ནང་ནས་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཞུ་བཞིན་པ་ལྟར། ཁ་སང་བྷའེ་ཌིན་སྲིད་གཞུང་གི་མགྲིན་ཚབ་པས་ཨ་རིས་མཐུན་འབྲེལ་རྒྱལ་ཁབ་རྣམས་དང་གྲོས་བསྡུར་བརྒྱུད་མཉམ་གཅིག་ཏུ་པེ་ཅིན་ཨོ་ལིམ་ཕིག་ནས་ཕྱིར་འཐེན་བྱ་རྒྱུར་བསམ་བློ་གཏོང་བཞིན་ཡོད་སྐོར་བརྗོད་འདུག

 

ཨ་རིའི་གཞུང་གི་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གསར་འགོད་པ་ཞིག་གིས། ཕྱི་ལོ་ ༢༠༢༢ ལོའི་པེ་ཅིན་གྱི་དགུན་དུས་ཨོ་ལིམ་ཕིག་ནས་ཨ་རིས་ཕྱིར་འཐེན་གནང་རྩིས་ཡོད་མེད་དྲིས་པར། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ནེཌ་པ་རའེ་སི་ (Ned Price)ལགས་ཀྱིས། ང་ཚོས་དེའི་ཐོག་ངེས་པར་དུ་རང་གི་མཐུན་འབྲེལ་རྒྱལ་ཁབ་དང་གྲོས་བསྡུར་གནང་འདོད་ཡོད། ང་ཚོས་རང་གི་མཐུན་གྲོགས་དང་མནའ་འབྲེལ་རྒྱལ་ཁབ་རྣམས་དང་གྲོས་བསྡུར་གཟབ་ནན་བྱས་ཏེ་པེ་ཅིན་གཞུང་ལ་མཉམ་འབྲེལ་གྱི་བརྡ་ལན་ཞིག་སྤྲོད་ཐུབ་པར་བསམ་ཡོད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་དང་། ཤིན་ཅང་ཁུལ་དུ་མི་རིགས་རྩ་མེད་གཏོང་ཐབས་སོགས་ཀྱི་གནད་དོན་ཐད་མཐུན་འབྲེལ་རྒྱལ་ཁབ་དང་མཉམ་འབྲེལ་བྱས་ཚེ། ད་གཟོད་རྒྱ་ནག་ལ་གནོན་ཤུགས་ཆེ་བ་སྤྲོད་ཐུབ་ཀྱི་ཡོད། ཅེས་དང་། ང་ཚོས་རྒྱ་ནག་དང་འབྲེལ་བ་འཛུགས་སྐབས་དུས་ནམ་ཡང་ང་ཚོ་དང་ང་ཚོའི་མཐུན་གྲོགས་རྒྱལ་ཁབ་རྣམས་ཀྱི་ཁེ་ཕན་དང་། ང་ཚོའི་རིན་ཐང་གཉིས་གཞི་རྩར་འཇོག་ངེས་རེད། ཅེས་བརྗོད་ཡོད་འདུག

འདས་པའི་ལོ་གཅིག་ནང་ཨ་རིའི་ནང་རྟེན་གཞི་བྱས་པའི་བོད་དང་། ཡུ་གུར་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་མང་པོས་མཉམ་འབྲེལ་གྱི་ཡོངས་ཁྱབ་གསལ་བསྒྲགས་སོགས་བརྒྱུད། ཨ་རི་པེ་ཅིན་གྱི་དགུན་དུས་ཀྱི་ཨོ་ལིམ་ཕིག་རྩེད་འགྲན་ནས་ཕྱིར་འཐེན་དགོས་པའི་ཞུ་འབོད་བྱས་ཡོད་ཅིང་། ཁ་སང་རང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རིག་སི་ཀོ་ཊི་ (Rick Scott) ལགས་ཀྱིས།  ད་ལྟ་ཨ་རིའི་ངོས་ནས་རྒྱ་ནག་དམར་ཤོག་གཞུང་གིས་དྲག་གནོན་དང་མི་རིགས་རྩ་མེད་གཏོང་བཞིན་པར་གཏན་ནས་བཟོད་སྒོམ་བྱེད་ཐབས་མེད་པ་གསལ་པོ་བཟོ་རྒྱུའི་དུས་ལ་བབས་ཡོད་སྟབས། སྲིད་འཛིན་བྷའེ་ཌིན་མཆོག་ནས་ ༢༠༢༢ ལོའི་དགུན་དུས་ཨོ་ལིམ་ཕིག་གི་ཚོགས་ཡུལ་གཞན་དུ་སྤོ་ཐབས་ལ་འབད་དགོས་སྐོར་གསུངས་འདུག

 

སྤྱིར་ཨོ་ལིམ་ཕིག་རྩེད་འགྲན་དེ་སུད་སིར་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལྷན་ཚོགས་ཀྱིས་སྟངས་འཛིན་བྱེད་ཀྱི་ཡོད་ཅིང་། ཉེ་ཆར་བྷི་བྷི་སི་གསར་ཁང་སོགས་ཀྱི་ཞིབ་འཇུག་བརྒྱུད་ཤར་ཊུར་ཀི་སི་ཐན་ཁུལ་དུ་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་སྤེལ་བཞིན་པའི་གནས་ཚུལ་མངོན་གསལ་དུ་ཆགས་བཞིན་པ་དང་བསྟུན། རྒྱལ་ཁབ་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས་ཨོ་ལིམ་ཕིག་ལྷན་ཚོགས་ལ་པེ་ཅིན་གྱི་རྩེད་འགྲན་དེ་ཕྱིར་འཐེན་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་ནའང་། འདི་ལོའི་ཕྱི་ཟླ་ ༣ པའི་ནང་ལྷན་ཚོགས་ཀྱི་ཚོགས་གཙོ་ཐོ་མ་སི་བྷེ་ཆི་(Thomas Bach) ཡིས། ལོ་རྒྱུས་ནང་ཨོ་ལིམ་ཕིག་རྩེད་འགྲན་ཞིག་ལ་མཉམ་ཞུགས་བྱ་རྒྱུ་ཕྱིར་འཐེན་བྱས་པ་དེས་གང་ཡང་སྒྲུབ་ཐུབ་མེད་སྐོར་དང་། ཚང་མས་ལོ་རྒྱུས་ནས་བསླབ་བྱ་ལེན་དགོས་སྐོར་བརྗོད་ཡོད་འདུག

 

དེ་ཡང་ཕྱི་ལོ་ ༡༩༧༩ ལོར་ཨུ་རུ་སུས་ (Soviet) ཨ་ཧྤ་གྷ་ནི་སི་ཐན་བཙན་འཛུལ་བྱས་པའི་རྒྱུ་མཚན་གྱིས། ཨ་རིའི་སྣེ་ཁྲིད་འོག་འཛམ་གླིང་གི་རྒྱལ་ཁབ་ ༦༥ ཡིས་ཕྱི་ལོ་ ༡༩༨༠ ལོར་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་ཚོགས་པའི་དབྱར་དུས་ཀྱི་ཨོ་ལིམ་ཕིག་རྩེད་འགྲན་ནང་ཞུགས་རྒྱུ་ཕྱིར་འཐེན་བྱས་ཡོད་ཅིང་། དེ་ནི་དེང་རབས་ཨོ་ལིམ་ཕིག་ལོ་རྒྱུས་ཁྲོད་རྩེད་འགྲན་ནས་ཕྱིར་འཐེན་བྱེད་ཤུགས་ཆེ་ཤོས་དེ་ཆགས་ཡོད། ཨུ་རུ་སུས་ཀྱང་ཨ་རིར་ངོ་རྒོལ་ཆེད་ཕྱི་ལོ་ ༡༩༨༤ ལོར་ཨ་རིར་ཚོགས་པའི་ཨོ་ལིམ་ཕིག་རྩེད་འགྲན་ནང་ཞུགས་མེད་པ་རེད།

 

བོད་ཀྱི་དུས་བབ་ལས་དྲངས།

 

About རྩོམ་སྒྲིག་པ།