མཚོ་སྔོན་པོ།

མཚོ་སྔོན་པོ།

མཚོ་སྔོན་པོ་ནི་མཚོ་ལྷོ་ཁུལ་གྱི་བྱང་རྒྱུད་དུ་གནས་ཤིང་། ཧ་ལམ་སའི་གོ་ལའི་བྱང་གི་འཕྲེད་ཚད་༣༦།༣༢་ནས་༣༧།༡༥ཡི་མཚམས་དང་། ཤར་གྱི་གཞུང་ཚད་༩༩།༣༦་ནས་༡༠༠།༤༧་གྱི་མཚམས་ན་ཡོད། འདིའི་སྲིད་ཀྱི་རིང་སར་སྤྱི་ལེ་༡༡༦དང་། ཞེང་གི་ཆེ་སར་སྤྱི་ལེ་༦༣་མཐའ་འཁོར་གྱི་རིང་ཚད་ལ་ཧ་ལམ་སྤྱི་ལེ་༣༦༠མཚོ་ངོས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༤༥༧༣ མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་༣༡༩༦ ཆ་སྙོམས་ཀྱི་ཟབ་ཚད་ལ་སྨི་༡༩།༡༥་བཅས་ཡོད། མཚོ་སྙིང་ནས་བྱང་དུ་སྤྱི་ལེ་༡༢་ཀྱིས་ཆོད་པའི་མཚམས་ནི་མཚོ་སྔོན་པོའི་ཟབ་ས་ཡིན་ཞིང་དེའི་ཟབ་ཚད་ལ་སྨི་༢༨།༧ཡོད།

མཚོ་འདིའི་ཁ་དོག་གི་སྒོ་ནས་མིང་ཡང་དེ་སྐད་དུ་ཐོགས། མཚོ་འདི་ལ་ཁྲི་ཤོར་རྒྱལ་མོ་ཞེས་པའི་མཚོའི་སྨན་མོ་ཞིག་གནས་སྟབས། མཚོ་འདིའི་མིང་ལ་ཁྲི་ཤོར་རྒྱལ་མོ་ཟེར། གནའ་དུས་གནས་འདིར་ཆུ་མིག་ཅིག་གློ་བུར་བརྡོལ་ནས་མཚོ་ཆེན་པོར་གྱུར་ཅིང་། མི་ཁྱིམ་ཁྲི་ཕྲག་མཚོ་ལ་ནུབ་པའི་རྒྱུ་མཚན་གྱིས། མཚོ་འདིའི་མིང་ལ་ “མཚོ་ཆེན་ཁྲི་ཤོར་རྒྱལ་མོ”ཞེས་ཐོགས་པའི་བཤད་ཚུལ་ཀྱང་མཆིས མཚོ་འདི་ནི་རང་རྒྱལ་གྱི་སྐམ་སའི་སྟེང་གི་ཆེས་ཆེ་བའི་ཚྭ་ཡོད་མཚེའུ་ཡིན་ལ།[1]  “” “མཚོ་སྔོན་པོའི་ནང་དུ་འབབ་པའི་ཆུ་རྒྱུན་ཆེ་ཆུང་༤༠ལྷག་ཡོད་ལ། དེ་ལས་མང་ཆེ་ཤོས་ནི་ཆབ་འགྲིབ་ཅན་གྱི་ཆུ་རྒྱུན་ཡིན་ཏེ། འབབ་ཆུ་དེ་དག་གི་གཞུང་ཆུའི་རྒྱུན་ཐུང་ལ་ཆར་དུས་ཁོ་ནར་ཆུ་རྒྱུན་ཅུང་ཆེ།”ཞེས་བཀོད་ཡོད་དོ། །ངག་རྒྱུན་ལ་མཚོ་སྔོན་པོའི་ནང་དུ་ཆུ་རྒྱུན་༡༠༨འབབ་པར་གྲགས་ཀྱང་། དོན་དུ་སྔོན་གྱི་དུས་སུ་ཆུ་རྒྱུན་བརྒྱ་ཕྲག་གཉིས་ལ་ཉེ་བ་ཙམ་འབབ་ཀྱིན་ཡོད་ངེས།

མཚོ་སྔོན་པོ་བྱང་ཤར་མཚམས་ཀྱི་མདའ་བཞིའི་སྨོན་ལམ་མཐོན་པོ་དང་། ར་ལུག་སྒོ་སྲུང་མཐོན་པོ། དམག་དཔོན་ཕྱུག་རི་མཐོན་པོ། སྨན་ལུང་རི་བདུན། (འོ་ལུང་རུ་བདུན་ཡང་ཟེར།) དཀར་ལྡང་བསྟན་སྲུང་མཐོན་པོ། རི་བོ་ཉི་ཟླ། འགྱིང་ལ། ཨ་མ་ཟོ་དགུ། ཨ་མྱེས་བར་དབོན། ལྷོ་ངོས་ཀྱི་བློན་པོ་གསེར་ནམ་གསེར་ཆེན་སྐྱེས་ལྷ་མཐོན་པོ། ཤ་ལའི་རྫ་རྒན་མཐོན་པོ། དཔའ་ཐུལ་རྫ་རྒན། དགའ་ལྡན་ལྷ་རི། བྲག་དཀར། ནུབ་ངོས་ཀྱི་ཙག་ཝ་ཨ་སུ་དང་། བྲག་ཆོས་བརྩིགས། ཁྱ་(ཁྲ)རིང་རྫ་རྒན། ཧེ་རི་རི་ཕྱོར་མཐོན་པོ། ནུབ་ཕྱོགས་གཡག་རི་མཐོན་པོ། བྲག་དཀར་ཐེམ་ཆེན་མཐོན་པོ། བྱང་ངོས་ཀྱི་རྐང་ཚའི་རྫ་དམར་རམ་རྫ་དམར་ནང་རྫ་མཐོན་པོ། རྐང་ཚའི་བ་ཡན་མཐོན་པོ། དགེ་བསྙེན་ཀུན་བཟང་མཐོན་པོ། གཉན་ཆེན་ཞལ་དཀར་མཐོན་པོ་བཅས་མཚོ་མོའི་ནང་རྫ་བཅུ་གསུམ་དུ་གྲགས་པ་ལ་སོགས་པའི་ས་འཛིན་གནམ་གྱི་ཀ་བ་ལྟ་བུ་དག་གིས་བསྐོར་ཡོད་དོ། །

མཚོ་སྔོན་པོའི་ཤར་ཕྱོགས་ལ་མཚོ་མགོ་དང་། ནུབ་ཕྱོགས་ལ་མཚོ་རྔ་ཟེར། མཚོ་མགོའི་གནས་མཆོག་བྱེ་མ་ལ་བདུན་གྱི་གཡས་ཕྱོགས་སུ་མཚོ་ཆུང་ནོར་བུ་དང་། གཡོན་ཕྱོགས་སུ་མཚོ་རྣ་ལུང་(མཚོ་ལོང་གའང་ཟེར)སྟེ། མཚོ་སྔོན་པོའི་རྣ་ལུང་དུ་གྲགས་པའི་མཚོ་གོར་གཉིས་ཡོད། མཚོ་སྔོན་པོའི་བྱང་ནས་ཤར་ངོས་ཀྱི་ཕྱོགས་ལ་མཚོ་ཉིན་ཟེར་ལ། ལྷོ་ནས་ནུབ་ངོས་ཀྱི་ཕྱོགས་ལ་མཚོ་སྲིབ་ཟེར། མཚོ་སྔོན་པོའི་དབུས་ཕྱོགས་སུ་མཚོ་སྙིང་དང་། མཚོ་མགོ་ན་གློ་བ་རི། མཚོ་མོའི་རྐེད་པའི་སྟོད་ཀྱི་ཆར་གླང་ཆེན་མཆེ་བ་བཅས་ཡོད། མཚོ་སྔོན་པོ་ནི་འཛམ་གླིང་དུ་སྐད་གྲགས་ཆེ་བའི་ལྗོངས་རྒྱུ་ཁམས་གསེང་བྱེད་སའི་གནས་མཆོག་ཅིག་ཡིན་ཏེ། མཚོ་སྙིང་མ་ཧཱ་དེ་ཝ་དང་། མཚོ་རྔའི་མཚེར་བ་རི། མགོན་པོ་གདོང་། གླིང་གེ་སར་རྒྱལ་པོའི་གཏེར་མཛོད་བྱེ་མ་ལ་བདུན། ཆུ་མིག་བརྒྱ་རྩའི་གནས་སྒོ། གླིང་ཆེན་མཆེ་བ་སོགས་ནི་གནས་སྐོར་བའི་གཟིགས་གནས་གཙོ་བོ་ཡིན།

ཁ་ཅིག་གིས་གནའ་སྔ་མོ་མཚོ་དེ་མ་བྱུང་བའི་སྔོན། མི་སྡེ་ཆིག་ཁྲི་ཙམ་ཡོད་པ་ལ། རྗེས་སུ་མཚོ་དེ་བྱུང་ནས་བསྣུབས་ཟིན་པས་མཚོ་དེའི་མིང་ལ་ཁྲི་ཤོར་རྒྱལ་མོ་ཞེས་བཏགས་པ་དང་། ཡང་ཁ་ཅིག་གིས། མཚོ་དེའི་ཤུལ་དུ་མི་ཁྱིམ་ཆིག་ཁྲི་ཙམ་ཤོང་བ་ཡིན་ཟེར་ནས་ཁྲི་ཤོང་རྒྱལ་མོ་ཞེས་བཏགས་པ་དང་། ཡང་མདོ་སྨད་ཆོས་འབྱུང་ལ་སོགས་པའི་དཔེ་ཆའི་ནང་དུ་ཁྲི་གཤོག་རྒྱལ་མོ་ཞེས་འཁོད་ཡོད་པ་ཡང་སྣང་། མཚོ་སྔོན་པོའི་ཉེ་འགྲམ་དུ་ཁྱབ་པའི་གཏམ་རྒྱུད་ཅིག་ལ། མཚོ་དེའི་ནང་དུ་མི་ཁྱིམ་ཆིག་ཁྲི་ལྷག་གི་སྲོག་ཤོར་བས། མཚེ་དེ་ལ་མཚོ་ཁྲི་ཤོར་རྒྱལ་མོ་ཞེས་མིང་གིས་འབོད་པ་ཡིན་ཟེར་བཞིན་འདུག ད་ལྟ་ཁྲི་ཕྱོགས་རྒྱལ་པོ་དང་། ཁྲི་གཤོག་རྒྱལ་མོ། ཁྲི་ཤོང་རྒྱལ་མོ། ཁྲི་ཤོར་རྒྱལ་མོ་བཅས་འབོད་ཚུལ་མི་གཅིག་པ་དུ་མ་ཡོད།

ངག་རྒྱུན་དང་པོ།[2] གནའ་དུས་སུ་ས་འདི་ནི་སྔོ་ལྗང་ལྗང་གི་རྩྭ་ཆུ་གཉིས་ཀ་འཛོམས་པའི་རྩྭ་ཐང་ཆེན་པོ་ཞིག་ཡིན། དེ་དང་དེའི་ཁོར་ཡུག་ཀུན་ཏུ་འབྲོག་ཁྱིམ་ཁྲི་སྡེ་མང་པོ་ཡོད། སྟོད་སྨད་བར་གསུམ་གྱི་རི་རྒྱུད་མཐོ་ལ་དུས་བཞིར་རི་རྩེ་གངས་ཀྱིས་བཟུང་བས་གངས་ལུང་ཞེས་འབོད། ཡུལ་ཆེན་པོ་འདིར་བསྐལ་པ་དུ་མའི་རིང་ལ་རྣམ་དག་ཆོས་ལ་འབད་པའི་ཨ་ནེ་གོང་སྨན་རྒྱལ་མས་རྒྱལ་ཁམས་ཚུལ་བཞིན་སྐྱོང་། དེར་བློན་པོ་བཞི་ཡོད་པ་ནི་བློན་གསེར་ཆེན། གཉན་ཆེན་ཞལ་དཀར། ཨ་མྱེས་རྫ་དམར། མོ་བློན་མཐོན་པོ་དེ་བུད་མེད་ཅིག་ཡིན། བློན་པོ་དེ་བཞི་ནི་བློ་རིག་བཀྲ་ཞིང་དཔའ་མཛངས་ལྡན་པས་འབངས་རྣམས་ཀྱིས་ཞི་བདེ་བག་ཕེབས་ངང་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད།

ས་དེ་ན་ཀླུའི་ཆུ་མིག་ཅིག་ཡོད་ལ་ཁར་གསེར་གྱི་རུས་སྦལ་ཕ་ལོང་འདྲ་བ་ཞིག་གིས་བཅད་ཡོད། བློན་པོ་གསེར་ཆེན་གྱི་སྟོབས་རྩལ་རྫོགས་ཀྱང་བློ་རིག་ཞན། ཉིན་ཞིག་ཆུ་མིག་ཁར་རྩེ་རུ་སོང་དུས། ནུབ་ཀྱི་བྲག་དཀར་ཐེམ་ཆེན་ན་འདུག་པའི་འདྲེ་མོ་ལག་དཀར་མས་དུས་དང་རྣམ་པ་ཀུན་ཏུ་ཨ་ནེ་གོང་སྨན་རྒྱལ་མོར་འཚེ་བར་བྱེད། ཉིན་དེར་འདྲེ་མོ་ལག་དཀར་མ་བུ་མོ་གཞོན་ནུ་མ་ཞིག་ཏུ་སྤྲུལ་ནས་ཀླུའི་ཆུ་མིག་གི་ཁར་ཕྱིན་ཏེ་བློན་པོ་གསེར་ཆེན་གྱི་བུ་ལ།  “ཡ། བུ་ཆུང་། ཡུལ་འདི་ན་གོ་ས་སུ་མཐོ། བློ་རིག་སུ་གསལ། རྩལ་ཤུགས་སུ་ཆེ”ཞེས་དྲིས་པར། བུས “ཡུལ་སྐྱོང་བཞི་ཡི་གོ་ས་མཐོ་དམའ་མེད། བློ་རིག་བདག་གི་ཕ་ལས་ལྷག་པ་མེད། རྩལ་ཤུགས་ཟེར་ན་བུ་ཆུང་ང་རང་ཡིན”ཞེས་ལན་བཏབ་པ་ན། འདྲེ་མོས “འདི་འདྲའི་ཡུལ་ཆེན་པོ་ཞིག་ན། ཁྱོད་ལས་ལྷག་པའི་རྩལ་ཆེན་མེད་ཟེར་ན་སུའི་རྣར་འགྲོ། འུད་ཤོབ་མ་བཤད་ཁ་རོག་གེར་སྡོད”ཅེས་པར། བུས་ཀྱང་རྩལ་ཆེན་ཁོ་རང་ལས་ལྷག་པ་མེད་པའི་ཨུ་ཚུགས་བྱས། འདྲེ་མོས།  “འོ་ན། ཁྱོད་ཀྱིས་གསེར་གྱི་རུས་སྦལ་འདི་ཡར་བཀྱག་ནས་ཆུ་མིག་འདི་ནས་ང་ལ་ཆུ་ཟོ་བ་གང་ལེན་ཐུབ་ན། ཁྱོད་དངོས་གནས་རྩལ་ཆེན་ཡིན་པའི་རྟགས་རེད”ཅེས་པར། བུས“ཨ་ཕས་ང་ལ་རྒྱུན་དུ་གསེར་གྱི་རུས་སྦལ་འདི་སྒུལ་མི་ཉན་ཟེར”ཞེས་ལན་བཏབ། འདྲེ་མོས་ཧབ་ཆ་དི་རི་རི་ཞིག་བརྒྱབ་སྟེ།  “བུ་རང་ལ་རྩལ་མེད་ན། ཕ་དམ་པར་ཁག་མ་འཇོག”ཅེས་བཤད་པ་ན། བུ་རང་ངོ་ཚ་སྟེ་གསེར་གྱི་རུས་སྦལ་དེ་བཀྱགས་པ་ན་རླུང་འཚུབ་ཅིག་དང་མཉམ་དུ་ཆུ་འཕྱུར་ཅིང་། འདྲེ་མོ་དེ་གར་སོང་ཆ་མེད་དུ་གྱུར། གསེར་ཆེན་གྱི་བུ་དེ་སྐྲག་ནས་ཆུ་མིག་གི་ཁ་གཅོད་རྒྱུའང་བརྗེད་དེ་བྲོས།

སྐབས་དེ་ཨ་ནེ་གོང་སྨན་རྒྱལ་མོ་ཞལ་དཀར་རིའི་སྒྲུབ་ཕུག་ཏུ་ཏིང་ངེ་འཛིན་ལ་བཞུགས་ཡོད། སྔར་བྱུང་མ་མྱོང་བའི་ཤང་སྒྲ་དང་འུར་སྒྲ་དེ་ལྟ་བུ་ཞིག་གྲགས་པས་ཞལ་དཀར་རིའི་རྩེར་བྱོན་པ་ན། ཆུ་མིག་འཕྱུར་བ་མཐོང་བས་དེ་མ་ཐག་བློན་ཆེན་བཞི་ལ་བཀའ་ཕབ་སྟེ། ཤར་གྱི་རུ་སྡེ་རྣམས་མོ་བློན་མཐོན་པོ་གཙོ་བྱས་པའི་བཀའ་སྲུང་ཁག་ལ་ཤར་གྱི་མཐོན་པོ་རི་ཡི་ཕར་ཕྱོགས་སུ་འགེལ་དུ་བཅུག ལྷོ་ཡི་རི་སྡེ་རྣམས་བློན་པོ་གསེར་ཆེན་གཙོ་བྱས་པའི་བཀའ་སྲུང་ཁག་ལ་ལྷོ་ཡི་གསེར་ཆེན་རིའི་ཕར་ཕྱོགས་སུ་རུ་འགེལ་དུ་བཅུག ནུབ་ཀྱི་རུ་སྡེ་རྣམས་བློན་པོ་ཨ་མྱེས་རྫ་དམར་གཙོ་བྱས་པའི་བཀའ་སྲུང་ཁག་ལ་ནུབ་ཀྱི་རྫ་དམར་རིའི་ཕར་ཕྱོགས་སུ་རུ་འགེལ་དུ་བཅུག བྱང་གི་རུ་སྡེ་རྣམས་བློན་པོ་གཉན་ཆེན་ཞལ་དཀར་གཙོ་བྱས་པའི་བཀའ་སྲུང་ཁག་ལ་བྱང་གི་ཞལ་དཀར་རི་ཡི་ཕར་ཕྱོགས་སུ་རུ་འགེལ་དུ་བཅུག

དེ་ནས་ཨ་ནེ་གོང་སྨན་རྒྱལ་མོའི་ཐུགས་ལ། ཀླུ་ཡི་ཆུ་མིག་འདིའི་ཁ་མ་བཅད་ན་མུ་མཐུད་དུ་འཕྱུར་ངེས་དགོངས་ནས། རྒྱ་གར་ཡུལ་གྱི་གནས་རི་མ་ཧཱ་དེ་ཝའི་རྩེ་མོ་བཅད་ནས་ཆུ་མིག་གི་ཁ་བཅདྲ འདྲེ་མོ་ལག་དཀར་མས་དེ་མཐོང་ནས་བྲག་དཀར་ཐེམ་ཆེན་ནས་བསྟུད་མར་ཆུ་མིག་གི་ཁ་གཅོད་བྱེད་ཀྱི་རི་བོ་མ་ཧཱ་དེ་ཝ་ལ་ལག་རྡོ་གསུམ་འཕངས་ཀྱང་གོང་སྨན་རྒྱལ་མོས་བཀག  དེ་ལྟར་ཨ་ནེ་གོང་སྨན་རྒྱལ་མོ་དང་འདྲེ་མོ་ལག་དཀར་གཉིས་ཀྱིས་རྩལ་དང་རྫུ་འཕྲུལ་མང་པོ་འགྲན་མཐར་འདྲེ་མོ་ཕམ་པར་གྱུར། སྔར་གྱི་སྔོ་ལྗང་ལྗང་གི་རྩྭ་ཐང་དེའང་གནམ་སྔོན་པོ་ཐང་ལ་ལྷུང་བ་ལྟ་བུའི་མཚོ་མོ་ཤིན་ཏུ་ཡིད་དུ་འོང་བ་ཞིག་ཏུ་གྲུབ་པས་བློན་ཆེན་བཞི་བོ་ཕྱོགས་བཞིའི་མཐོན་པོ་རི་དང། གསེར་ཆེན་རི། རྫ་དམར་རི། ཞལ་དཀར་རི་བཞི་ལ་གནས་པར་བྱས། བླ་མཚོ་མི་སྐེམ་པའི་ཆེད་དུ་ཕྱོགས་བཞིའི་ཆུ་སྣ་བརྒྱ་དང་བརྒྱད་མཚོ་མོར་དྲངས། མཐར་ཆུ་སྣ་གཅིག་གིས་མ་འདང་བས་ལྷོ་ཕྱོགས་རིག་སྨོན་ཐང་གི་ཆུ་ཕྲན་དེ་གྱེན་དུ་བཞུར་དུ་བཅུག

རྗེས་སུ་རིམ་བཞིན་མི་རྣམས་ཀྱི་མཚོ་མོ་འཕྱུར་བའི་ཉིན་དེ་མི་བརྗེད་པའི་ཆེད་དུ་ལོ་རེའི་ཧོར་ཟླ་ ༤པའི་ཡར་ངོས་ཀྱི་མཚོ་བསྟོད་བྱེད་ལ། ལ་ལས་ཉིན་དེ་ནི་གོང་སྨན་རྒྱལ་མོ་མཚོ་ལ་ཁྲུས་བྱེད་དུ་འོངས་པའི་ཉིན་ཡིན་ཟེར། ཡང་ལ་ལས་ཉིན་འདི་ནི་མ་ཨ་ནེ་གོང་སྨན་རྒྱལ་མོས་རང་གི་བླ་མཚོ་མཆོད་དུ་ཕེབས་པའི་ཉིན་ཡིན་པས་རྗེས་སུ་མཚོ་མཆོད་བྱེད་པའི་སྲོལ་ཆགས་ཟེར།

ངག་རྒྱན་གཉིས་པ་རྒྱལ་པོ་སྲོང་བཙན་སྒམ་པོ་ལ། བཀའ་ཡི་བློན་པོ་སུམ་བརྒྱ་ཡོད་[3]པའི་ནང་ནས། བློན་ཆེན་པོ་མགར་སྟོང་བཙན་ཡུལ་སྲུང་ནི་མེད་དུ་མིང་རུང་བའི་བློན་ཆེན་པོ་བཞིའི་ནང་གི་གཅིག་ཡིན་ལ། བོད་ཀྱི་མཛངས་མི་བདུན་གྱི་ནང་གི་ལྔ་པར་གྲགས་པ་ཞིག་ཀྱང་ཡིན། བློན་ཆེན་པོ་འདི་ནི་གཞུང་དྲང་ཞིང་བློ་རིག་རྣོ་བ། ཁོག་རྒྱ་ཆེ་ཞིང་དཔའ་རྩལ་འཛོམས་པའི་མཚན་སྙན་ཕྱོགས་བཞིར་ཁྱབ། ཁོང་ལ་མགར་བཙན་སྙན་སྡོམ་བུ་དང་། མགར་ཁྲི་འབྲིང་བཙན་བྲོད། མགར་སྟ་གུ། མགར་འབོ་ལོན་བཅས་སྲས་སྤུན་མཆེད་བཞི་ཡོད། མགར་ཟེར་བ་ནི་རུས་ཡིན་ཏེ། ཁོང་གི་མཚན་ལ་མགར་སྟོང་བཙན་ཡུལ་སྲུང་ཟེར། བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་གྱི་འགན་བཞེས་པ་ནས་ཡོངས་གྲགས་སུ་བློན་པོ་མགར་ཞེས་ཁྱབ་པ་དང་། བཀུར་བསྟིའི་ཚུལ་གྱིས་བོས་ནས་བློན་པོ་མགར་དམ་པ་ཟེར།

བློན་ཆེན་པོ་མགར་དམ་པས་བོད་ཁམས་ཀྱི་ཆབ་སྲིད་ཀྱི་གཟི་བསྐྱེད་ཅིང་། ཕྱོགས་བཞིའི་རྒྱལ་ཁམས་སོ་སོར་འབྲེལ་བ་བཙུགས་ནས་བལ་བོའི་རྒྱལ་པོའི་སྲས་མོ་དང་། རྒྱ་ནག་གི་རྒྱལ་པོའི་སྲས་མོ་གཉིས་ཀྱང་བློ་གྲོས་ཀྱི་རྩལ་ཤུགས་ཀྱིས་དྲངས་ཏེ་བོད་ཡུལ་གྱི་ལྷ་ལྕམ་གསུམ་དང་བཅས་རྒྱལ་པོའི་བཙུན་མོར་བསུས། སྤྲུལ་པའི་དམག་དཔུང་གི་ཁ་ལོ་མཛད་ནས་བོད་ཁམས་ཀྱི་མཐའ་མཚམས་བསྲུངས་པ་སོགས་བཀའ་དྲིན་བརྗོད་ཀྱིས་མི་ལང་ནའང་། བློན་པོ་གཞན་དག་གིས་ཕྲ་མ་བཅུག་པར་བརྟེན། རྒྱལ་པོ་ཐུགས་ཁྲོས་ཏེ་བློན་པོ་མགར་དམ་པ་ལ་སྲོག་གི་ཉེས་ཆད་གཅོད་པའི་གྲོས་བཤམས་ཚེ། བློན་བགྲེས་པོ་ཞིག་གིས་རྒྱལ་པོ་དང་བློན་པོ་འཁོར་ཚོགས་རྣམས་ལ། མགར་པ་འདི་ཉིད་ནི་བདག་ཅག་གི་བློན་པོ་རྣམས་ཀྱི་ཁྲོད་དུ་ཁྱད་དུ་འཕགས་ཤིང་མཁས་མཛངས་ལྡན་པ། རྒྱལ་པོ་དང་བོད་འབངས་སྤྱི་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་བློན་ཆེན་ཞིག་ཡིན་གཤིས། སྲོག་ཆད་གཅོད་པ་ནི་འོས་སུ་མ་མཆིས། ཞེས་ཞུས་པ་ལ། རྒྱལ་པོས་ཀྱང་བདེན་པར་དགོངས་ཏེ། མགར་དམ་པ་ལ་ཉི་འོད་འོག་ཏུ་གསེར་གྱི་ཐང་མ་གདལ་དུ་བཅུག་ནས་མིག་ནུས་འཕྲོགས་ཏེ་ལོང་བར་བྱས། བློན་པོའི་གྲས་ནས་ཕྱུང་བས། ཁོང་གི་བུ་ཞིག་གིས་ཁྲིད་དེ་ཡུལ་ཕྱོགས་སོ་སོར་འཁྱམས། ས་ཆ་འདིར་སླེབས་དུས་བུས་ཆུ་མ་རྣེད་པར་ཁོང་ལ་ས་དབྱིབས་དྲིས་པར། སྔོན་རྒྱ་བཟའ་ཀོང་ཇོ་བོད་ལ་གདན་འདྲེན་ཞུ་སྐབས་བརྒྱུད་མྱོང་བའི་ས་དེ་ག་བ་ཞིག་ན་ཆ་མགོ་ཞིག་ཡོད་པ་ཡིད་ལ་ཤར་ནས། བུ་ལ་འདི་ཙམ་ཞིག་ན་རྡོ་ལེབ་ཅིག་གི་འོག་ཏུ་ཆུ་མགོ་ཞིག་ཡོད། དེ་ལས་ཆུ་ལོངས། ཁ་གཅོད་རྒྱུ་མ་བརྗེད་ཅེས་གདམས། བུས་ཀྱང་ཆུ་མགོ་བཙལ་ནས་བླངས་ཏེ་ཕྱིར་ལོག ཡང་ཕ་རྒན་ཁྲིད་ནས་སོང་སྟེ་ཅང་མ་འགོར་བར་ཕྱིར་མིག་ཅིག་བལྟས་ཚེ། ཕུག་རོན་ཁྲི་འབུམ་ཁྱུ་གཅིག་ཏུ་བསྡེབས་ནས་འཕུར་ཡོང་བ་ལྟ་བུ་ཞིག་མཐོང་ནས་ཕ་རྒན་ལ་ཞུས་པ་ན། མགར་གྱི་བསམ་པར། སྤང་ཐང་འདིར་ཕུག་རོན་དེའདྲ་མང་པོ་ཡོད་དོན་མེད་སྙམ་སྟེ། བུ་ལ་ཁྱོད་ཀྱིས་ཆུ་བླངས་ནས་རྡོ་ལེབ་ཀྱིས་ཆུ་མགོའི་ཁ་མ་གབ་ཡིན་ནམ་ཞེས་དྲིས། བུ་ཡིས་འདང་ཞིག་བརྒྱབ་སྟེ། རྡོ་ལེབ་དེ་ཕྱིར་མ་གབ་པ་འདྲའོ་ཟེར། མགར་གྱུས་དེ་མཚོ་འཕྱུར་བ་ཡིན། ཁྱོད་ཀྱིས་ང་ཁུར་ནས་མྱུར་དུ་འབྲོ་དགོས་ཞེས་བཤད་པ་བཞིན་བུ་ཡིས་ཀྱང་ཕ་རྒན་ཁུར་ནས་བྲོས། དེ་ནས་མགར་གྱིས་ཕྱིར་ལྟོས་དང་། ཅི་ཞིག་མཐོང་ཞེས་བཤད་པར། ཕྱིར་བལྟས་ཏེ་དེ་འུ་གཉིས་ཀྱི་རྗེས་སུ་ཆོད་ལ་ཁད་འདུག་ཅེས་བཤད། མགར་གྱིས་རི་ངོས་ལ་འབྲོ་བར་བྱའོ་ཟེར། རི་སྐེད་ལ་སླེབས་ནས་ཕྱིར་མིག་ཅིག་བལྟས་ཏེ། སྔོན་ཕ་མཐའ་མི་མངོན་པའི་སྤང་ཐང་དེ་མཚོ་ཆེན་པོ་ཞིག་ཏུ་གྱུར་པ་དང་། མཚོ་དེའི་དཀྱིལ་ན་བན་སེར་མོ་སྐུ་གཟུགས་ནམ་མཁའ་ལ་ཟུག་པ་ཞིག་གིས་གཟན་ལྕག་གིས་འབྲབ་བཞིན་ཡོད་པ་མཐོང་ནས་ཚུལ་དེ་རྣམས་ཕ་རྒན་ལ་སྨྲས་པས། ཕ་རྒན་གྱིས་བསམ་བློ་ཞིག་བཏང་ནས་ན་རེད། ད་ནི་སྐྱོན་མེད་དེ་སེར་མོ་དེ་ནི་རྒྱ་གར་གྱི་སློབ་དཔོན་ཨརྱ་དེ་ཝ་ཡིན་ནོ་ཟེར་ནས་རི་སྐེད་དེ་ནས་བསྡད་ཅིང་རྗེས་སུ་དེར་གནས་ཆགས་སོ་ཟེར་སྐད། སྐབས་དེར་སློབ་དཔོན་ཨརྱ་དེ་ཝས་རྒྱ་གར་གྱི་རི་བོ་ཆེན་པོ་མཱ་ཧ་དེ་ཝའི་རྩེ་མོ་བཅད་ནས་མཚོ་དེ་འཕྱུར་བའི་སྟེང་དུ་བཞག་ཅིང་མནན་པས་ན། མཚོ་འཕྱུར་མཚམས་བཅད་པ་དང་།  རི་དེའི་རྩེ་མོ་མཚོའི་སྟེང་དུ་བུད་ནས་འདུག་པ་ལ་ད་ལྟ་ཀུན་གྱིས་མཐོང་བའི་མཚོ་སྙིང་ཟེར་བ་དེ་ཡིན་པ་དང་། གནས་དེར་སེམས་ཅན་ལ་འཚེ་བའི་འདྲེ་མོ་ཞིག་ཡོད་པ་དེས་ཚུལ་དེ་མཐོང་ནས་ཁོང་ཁྲོ་ལངས་ནས་མཚོ་དེའི་ནུབ་ངོས་སུ་ཡོད་པའི་བྲག་དཀར་ཐེམ་ཆེན་གྱི་རྩེ་མོ་བཅད་ནས་སློབ་དཔོན་ལ་བརྒྱབ་པ་མཚོ་ནང་དུ་ལྷུང་། དེ་ནི་ད་ལྟའི་འདྲེ་མོ་བྲག་དཀར་རམ་འདྲེ་མོ་བྲག་ཐོ་དཀར་རི་ཡིན། བྲག་དཀར་ཐེམ་ཆེན་གྱིོ་རྩེ་མོ་མེད་པའི་རྒྱུ་མཚན་ཡང་དེ་ཡིན་ཟེར། མཚོ་དེ་འཕྱུར་བ་ནས་མི་ཁྱིམ་ཆིག་ཁྲི་ལྷག་ཙམ་མཚོ་དེའི་ནང་ལ་ཤོར་བས། དེ་ནས་བཟུང་མཚོ་དེའི་མིང་ལ་མཚོ་ཁྲི་ཤོར་རྒྱལ་མོ་ཞེས་འབོད་སྐད། ངག་རྒྱུན་གསུམ་པ། གནའ་སྔ་མོ་ཞིག་ལ་ཤར་གྱི་མཚོ་བདག་ཀླུ་རྒྱལ་ལ་བུ་ཆེ་ཆུང་བཞི་སྐྱེས་པ་ལས། བུ་ཆེ་བས་ཤར་གྱི་མཚོ་མོའི་བདག་པོ་མཛད། བུ་གཉིས་པས་བྱང་གི་མཚོ་མོའི་བདག་པོ་མཛད། བུ་གསུམ་པས་ལྷོ་ཡི་མཚོ་མོའི་བདག་པོ་མཛད། བུ་བཞི་གནས་སའི་མཚོ་མེད་པས་སེམས་སྡུག་ནང་དུ་ལྷུང་། ཁོའི་ཨ་ཕས་དེ་ཚུལ་དེ་མཐོང་ནས་བུ་སྡུག་བསྔལ་མ་བྱེད། ཁྱོད་རང་ལ་བརྩོན་པ་ལྡན་ན་ནུབ་ཕྱོགས་གངས་རིའི་ལྗོངས་སུ་མཚོ་མོ་ཡིད་དུ་འོང་བ ཞིག་བསྐྲུན་ཐུབ་ངེས་ཡིན་ཞེས་གསུངས། བུ་ལའང་སྤོབས་པ་དང་ལ་རྒྱ་སྐྱེས་ནས་རི་ཆུ་སྟོང་ཕྲག་མང་པོ་བརྒལ་ཏེ་རི་ལུང་གྲངས་མེད་ལ་གཟིགས། གནས་འདིར་ཐང་ཡངས་ཤིང་། མཐའ་རྫ་རི་མཐོ། ཆུ་བོ་ཆེ་ཆུང་མང་པོ་རང་དགར་བཞུར་གྱིན་འདུག་པས། ཁོང་གིས་ཆུ་སྣ་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུ་རྒྱའི་སེམས་ཐག་བཅད་དེ་ཆུ་སྣ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཀྱང་བརྒྱ་དང་བདུན་ལས་མ་ལོངས། ཁོང་ཅི་བྱ་གཏོལ་མེད་དུ་གྱུར་ནས་ཕྱོགས་བཞི་མཚམས་བརྒྱད་ལ་བཙལ་ཀྱང་མ་རྙེད་པས། རིག་སྨོན་ཆུ་བོ་བཙན་གྱིས་ཡར་ལ་དྲངས་ཏེ་ཆུ་སྣ་བརྒྱ་དང་བརྒྱད་འདུས་ཏེ་མཚོ་མོ་འདི་གྲུབ། འདིའི་ཤར་ན་ཨ་མ་ཟོ་དགུ། ལྷོ་ན་བློན་པོ་གསེར་ཆེན། ནུབ་ན་བྲག་དཀར་ཐེམ་ཆེན། བྱང་ན་རྐང་ཚྭའི་རྫ་དམར་དང་སྨོན་ལམ་མཐོན་པོ་སོགས་ཀྱིས་བསྐོར། དེའི་སྟོད་སྨད་བར་གསུམ་དུ་གློ་བ་རི་དང་། མཚོ་སྙིང་མ་ཧཱ་དེ་ཝ། མཚེར་བ་རི་སོགས་ཀྱིས་མངོན་པར་བརྒྱན་ཅིང་། མཚོ་ཆུང་རྣ་ལུང་དང་། དབུས་ཀྱི་ཚྭ་མཚོ་དཀར་མོ། མཚོ་ཆུང་ནོར་བུ་སོགས་མཚོ་དང་མཚེའུ་མང་པོ་མཆོད་པ་བཤམས་པ་ལྟར་སྣང་ཞིང་། སྨུག་ཞགས་དང་རླངས་པ་ནི་བདུག་སྤོས་ཀྱི་དྲི་ཞིམ་དང་ཀུན་ནས་མཚུངས། འདི་ནི་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་བླ་མཚོར་བཤད་ཅིང་། བོད་ཀྱི་གངས་ཆེན་བཞི་ལ་སྒྲུབ་ཁང་མཛདཿབྲག་ཕུག་ཆེན་པོ་བརྒྱད་ལ་ཡང་དབེན་མཛདཿཕྱོགས་བཞིའི་བྲག་ལ་སྤྲུལ་སྐུའི་ཞབས་རྗེས་བཞགཿགྲགས་པའི་མཚོ་ཆེན་བཞི་ལ་ཕྱག་རྗེས་བཞགཿའགྲོ་དྲུག་སྒྲུབ་སྦྱོར་མཛད་ལ་གསོལ་བ་འདེབསཿཞེས་གསུངས་པ་ལྟར་གང་ཉིད་ཀྱི་ཕྱག་རྗེས་བཞག་པའི་མཚོ་ཆེན་བཞིའི་གཅིག་ཡིན་པར་བཤད་ཅིང་གནམ་ཐང་ཚེ་ཕྱག་རྗེས་དང་ཁང་བརྩེགས་དང་ཕོ་བྲང་སོགས་ཀྱང་གསལ་པོར་མཐོང་ཐུབ་ཟེར། ལུང་ལས། འདི་ལ་ལན་གཅིག་བསྐོར་བ་བྱས་གྱུར་ན། །བསྐལ་པ་སྟོང་དུ་བསགས་པའི་སྡུག་སྒྲིབ་ཀྱང་། །མྱུར་དུ་དག་པར་འགྱུར་བར་ཐེ་ཚོམ་མེད། །ཕྱི་མ་བདེ་བ་ཅན་ནས་སྐྱེ་བར་ཡོང་། །ཞེས་པའི་ལུང་ནི་སྐྱེས་བུ་དམ་པ་མང་པོས་གསུངས། །

ངག་རྒྱུན་བཞི་པ། སྔོན་ཡུལ་ཁམས་འདིའི་བྱང་མཐའ་རུ་སྡེའི་འབྲོག་ཁྱིམ་ཞིག་ལ་ཡུམ་ཆུང་ལྷ་མོ་ཞེས་པའི་བུ་སྒེག་ཅིང་མཛེས་པ་ཞིག་ཡོད། དེའི་སྐྱེས་པའི་མིང་ལ་བེར་སྐྱ་འོད་འབུམ་ཞེས་ཟེར་ཞིང་། བཟའ་ཟླ་གཉིས་ཕན་ཚུན་ཤིན་ཏུ་བརྩེ་ཞིང་དུངས། ལོ་གཅིག་འགོར་བའི་རྗེས་སུ།ཡུལ་ཆུང་ལྷ་མོར་བུ་ཞིག་འཁྲུངས་སྟབས་བེར་སྐྱ་འོད་འབུམ་དགའ་སྟེ་གཏམ་སྙན་དེ་ཕྱོགས་སོ་སོར་འུར་ཅིང་གཏམ་དེ་སྒྲོག་གིན་སྒྲོག་གིན་ཀླུའི་ཕོ་བྲང་གི་གཡུ་འབྲུག་རྒྱལ་མོའི་རྣ་རུ་འབྱོར། རྒྱལ་མོས་མྱུར་བར་སྦལ་བ་ཀླུ་སྒྲུབ་མི་ཡུལ་དུ་མངགས་ནས་མྱུར་དཔྱོད་བྱས་དུས་སུ། བུ་མོ་ཤ་རྩ་དཀར་པོ་དུང་དང་འདྲ་བ་དང་མཛེས་མདངས་མེ་ཏོག་པདྨ་ལས་ལྷག་པ་ཞིག་བུ་ཞིག་འཁྲུངས་པ་མཐོང་། དེ་ནས་སྦལ་བ་མྱུར་བར་ཕྱིར་ལོག་སྟེ་ཀླུའི་རྒྱལ་མོ་ལ་འདི་སྐད་དུ  “རྒྱལ་མོ་ལགས། ས་སྟེང་བྱང་མཐའི་རུ་སྡེ་ན། བུ་མོ་མཛེས་ཤིང་ལྟ་ན་སྡུག་པ། མཐོང་བས་ཡིད་དབང་འཕྲོག་པ། ཀླུ་ཡུལ་ན་དོ་ཟླ་མེད་པ་ཞིག་མཆིས། མིང་ལ་ཡུལ་ཆུང་ལྷ་མོ་ཟེར་”ཞེས་ཞུས་ཚེ། རྒྱལ་མོའི་ཐུགས་དགོངས་ལ་ “སྔ་ཉིན་བཀྲ་མི་ཤིས་པ་ཞིག་ཀླུ་སྒོར་ཡོང་ནས་ཀླུ་ཆུའི་སྒོ་ཕྱེས་པ་དང་། དེ་རིང་བུ་མོ་མཛེས་མོ་ཡིད་སེམས་འགུགས་པ་དེ་འདྲ་ཞིག་ཡོད་པ་ཡིན་ན། ངས་དབྱར་མོ་ཐང་མོ་མཚོ་ཞིག་བསྐྱིལ་ནས་རུ་སྡེ་ཐམས་ཅད་བསྣུབས་ཏེ། བུ་མོ་དེ་སྲས་ཀྱི་མནའ་མར་འཕྲོག་དགོས”སྙམ། དེ་ནས་བློན་ཆེན་སྡིག་སྲིན་མགོ་ལ་བཀའ་ཕབ་སྟེ། ཕོ་བྲང་བླ་རིའི་གཏིང་འོག་གི་མདའ་མ་མདེའུ་མཚོན་རྫོང་བ་བྱས་ནས་ཀླུ་དམག་རྣམས་ལ་དབྱུག་གི་ཐོ་བ་ཁ་དགུ་དང་རྣོ་ནག་ཕུར་བུ་སྣེ་དགུ་སོགས་འཁུར་དུ་བཅུག་ནས། ཀླུ་ཆུ་མཚོ་མོའི་ཁར་ཕྱིན་ཏེ་མཚོ་རགས་རྣམས་བཤིགས་ཤིང་། མཚོ་ཆུ་རྦ་རླབས་འཕྱོ་བཞིན་དུ་ཀླུ་ཆུར་འདྲེས་ཏེ་ཀླུ་སྒོ་ནས་ས་སྟེང་དུ་དུ་འཕྱུར། དེར་བརྟེན་བཀྲ་ཤིས་དབྱར་མོ་ཐང་ཧྲིལ་པོ་སྐད་ཅིག་ཉིད་ལ་ཆུས་བཀང་སྟེ་འབྲོག་རུ་ཁྲི་སྟོང་མང་པོ་བསྣུབས་ཤིང་། རྩྭ་ཐང་ཡོངས་རྫོགས་མཚོ་ཆེན་ཞིག་ཏུ་གྱུར། རྒྱལ་མོས་སྐབས་དེར་བསྟུན་ནས་མྱུར་བར་དམག་བཏང་སྟེ་བྱང་འགྲམ་རུ་སྡེ་ནས་ཡུམ་ཆུང་ལྷ་མོ་ཀླུའི་ཕོ་བྲང་དུ་ཕྲོགས། དགོང་མོ་དེར། རྒྱལ་མོས་གསོལ་སྟོན་རྒྱ་ཆེན་པོ་བཤམས། ཕོ་བྲང་གི་ཕྱི་ནང་དུ་རིན་པོ་ཆེ་དཀར་སེར་དམར་ལྗང་གི་གཟི་འོད་འཕྲོ་བ་དང་། ཤེལ་ཁང་གི་སྒྲོན་འོད་དཀར་ཆེམ་ཆེམ་ཉི་མ་ཤར་བ་ལྟར་ཡུལ་ཁམས་ཡོངས་ལ་ཁྱབ། གསོལ་སྟོན་ཁང་དུ་གཡང་ཊིའི་ཅོག་ཙེ་དང་། མུ་མེན་གྱི་སྒྲོན་མེ། བྱུ་རུའི་ཆང་བུམ། མུ་ཏིག་གི་ཆང་དཀར། གླང་ཆེན་མཆེ་བའི་བཞུགས་ཁྲི། གསེར་དངུལ་གྱི་སྡེར་སྣོད། ཞལ་ཟས་ཕུན་སུམ་ཚོགས་པ་ཅི་འདོད་དུ་བཤམས་པའོ། །

གཡུ་འབྲུག་རྒྱལ་མོའི་བསམ་པ་ལ། “བུ་མོ་གང་དང་གང་ཡིན་ཡང་རྒྱུ་ནོར་ཟས་གོས་ལ་ཞེན་པ་ཡིན”སྙམ་མོད། འོན་ཀྱང་དེ་དག་རྣམས་ཇི་ལྟར་མཛེས་ཤིང་ལེགས་ཀྱང་ཡུམ་ཆུང་ལྷ་མོས་མིག་གི་ཟུར་གྱིས་ཀྱང་མ་བལྟས་པར་མགོ་བསྒུར་ནས་བསྡད། དེར་གཉེན་མཁན་སྐུ་དམར་མཚོ་མོ་ཡུམ་ཆུང་ལྷ་མོའི་རྩུབ་ལ་ཡོང་ནས་ཡག་བཤད་རྩུབ་བཤད་གང་བྱས་ཀྱང་མོའི་རྣ་ནང་དུ་ཚིག་སྤུ་ཙམ་ཡང་མ་སོང་ཞིང་། མོས་སེམས་སྡུག་ངང་ནས་ངུ་བཞིན་དུ་ཤི་གསོན་གྱི་ལམ་བསྙེགས་ཤིང་རྒྱལ་མོར་གདུག་མཛུབ་བཙུགས་ཏེ “ང་ཕྱུར་འགྲོ་རུ་ཆུག”ཅེས་བཤད། རྒྱལ་མོས་ཚུལ་དེ་མཐོང་བས་ཁོང་ཁྲོ་སྐྱེས་ཏེ།  “ཧང་། ཁྱོད་ལ་སྟོན་མོ་འདི་འདྲ་ཞིག་བསྒྲིགས་ཀྱང་ད་དུང་མནའ་མ་བྱེད་མི་འདོད་ན། ཁྱོད་ཕྱིར་འགྲོ་ས་མེད། ཆུ་སྲིན་དམག་དཔོན། བུ་མོ་ཐ་ཤལ་འདི་ཆུ་རྙོག་རྫིང་བུར་ཕོངས་ཤིག”ཅེས་བཀའ་ཕབ། ཆུ་སྲིན་གྱིས་ཀླུ་དམག་བོས་ནས་ཡུམ་ཆུང་ལྷ་མོ་བཀྱགས་ནས་ཆུ་རྙོག་ནང་དུ་ཉོག་སྒྲ་དང་བཅས་འཕངས། རུས་སྦལ་བློན་གྱིས་དེ་མཐོང་བས་ཧ་ལས་ཏེ་བརྒྱུགས་འོངས་ནས་བུ་མོ་སྐྱོབ་འདོད་ཀྱང་སྐྱོབ་ལོང་མ་བྱུང་བ་རེད། ཡུམ་ཆུང་ལྷ་མོས་རྫིང་བུའི་ནང་དུ་འཕག་ར་བྱས་བྱས་པས་ཆུ་ཁར་གཡེང་འདུག རྐང་པ་གཉིས་ལ་རྡོ་བཏགས་པ་ལྟར་འགུལ་རྒྱུ་ཅི་ཡང་མེད་པར་གྱུར་འདུག དེ་ནས་མོའི་སེམས་ལ “འདི་ལྟར་ང་རང་ལ་ཅི་བྱས་ཀྱང་རང་ཡུལ་ལ་འགྲོ་དགོས”སྙམ་བཞིན་སེམས་སྐྱོ་སྟེ་མཆི་མ་འཛད་མེད་དུ་བཞུར་གྱིན་དྲན་མེད་དུ་བརྒྱལ་སོང་།

སྐབས་དེར། རུས་སྦལ་བློན་གྱི་བསམ་པ་ལ་ངས་ཅིས་ཀྱང་ཡུམ་ཆུང་ལྷ་མོ་སྐྱོབ་དགོས་བསམས་ཏེ། ལྐོག་ནས་རིན་ཆེན་རིལ་བུ་གཅིག་ཁྱེར་ཏེ་ཡུམ་ཆུང་ལྷ་མོའི་ཁ་ནང་དུ་བཞག ཅུང་མ་འགོར་བར་ཡུམ་ཆུང་ལྷ་མོ་བརྒྱལ་བ་ལས་སངས་ཏེ་མིག་འཕུར་བཞིན་དུ། “ཨ་ཡ། ང་ལ་ཅི་མ་ཉན།”ཟེར་བཞིན་གཡས་གཡོན་དུ་ལྟ་དུས། རུས་སྦལ་བློན་ནི་མོའི་གམ་དུ་ཡོད་པ་མཐོང་། དེ་ནས་རུས་སྦལ་བློན་གྱིས་བུ་མོ་སད་པ་མཐོང་བས་དངངས་འཚུབ་འཚུབ་ཏུ་ “ཡ་བུ་མོ། ད་ཁྱོད་འདུག་རན་མ་རེད། མྱུར་ཏུ་བྲོས་ཤིག ཁྱོད་ལ་ད་དུང་སྦྲུམ་ཆགས་ཡོད་པ་རེད”ཅེས་བཤད། ཡུམ་ཆུང་ལྷ་མོས་སྐད་ཆ་དེ་ཐོས་པས་ཡིད་ཤིན་ཏུ་སྐྱོ་བ་དང་། མོའི་སེམས་ལ་འཕྲལ་དུ་བེར་སྐྱ་འོད་འབུམ་དང་རང་ཡུལ་གྱི་བྱིས་པ་གཉིས་ཤར་ཏེ་བཟོད་མ་ནུས་པར་རུས་སྦལ་བློན་གྱི་རོགས་རོམ་འོག་ཏུ་ཀླུ་སྒོར་ཕྱིན། ཀླུ་མཁར་སྒོ་སྲུང་གིས་མོ་རང་བཀག་སྟེ་འགྲོ་རུ་མི་འཇུག་དུས། ཡང་རུས་སྦལ་བློན་གྱིས་ཀླུའི་རྒྱལ་མོའི་བཀའ་ཡིན་ཁུལ་བྱས་ནས་སྲུང་དམག་ལ་ལབ་པ་སྒོ་སྲུང་གས་བདེན་སྙམ་ནས་འགྲོ་རུ་བཅུག དེར་བརྟེན་ནས་ཡུམ་ཆུང་ལྷ་མོ་ཀླུ་ཆུའི་བཞུར་ལོག་ཅིག་ལ་འབྲེལ་ནས་མྱུར་བར་ཀླུ་སྒོའི་ཕྱི་རུ་ཐོན། འོན་ཀྱང་ཕྱི་རོལ་གྱི་ཡུལ་ཁམས་ཐམས་ཅད་ཀྱང་སྔོ་ལྟེམ་ལྟེམ་གྱི་ཆུས་བཀང་སྟེ་མངོན་མཐའ་མེད་པར་གྱུར་འདུག ཡིན་ནའང་ཡུམ་ཆུང་ལྷ་མོ་བཟའ་ཟླ་དང་བྱིས་པར་ང་འཕྲད་པའི་ཆེད་དུ། ཡིད་མ་ཆད་པར་ཉིན་ནས་ཞག་དང་ཞག་ནས་ཉིན་བསྣན་ནས་ཉི་མའི་ཤར་ནུབ་ལ་བལྟས་ཏེ་བྱང་ཕྱོགས་སར་རྐྱལ། མཚམས་མཚམས་སུ་ལམ་ཕྱོགས་ནོར་ནའང་ནམ་མཁའི་བྱ་རྣམས་ལ་འདྲི་ཞོར་དུ་སྔོན་ལ་རྐྱལ། ལམ་བར་དུ་མོས་བཀྲེས་ལྟོགས་དང་དཀའ་ངལ་གང་མང་ཁྱད་དུ་བསད་དེ་ཉིན་ཅི་མང་ལ་སོང་རྗེས་སུ་ཉིན་གཅིག་མཚོའི་མཐའ་རང་གི་རུ་སྡེ་ཡི་འདབས་སུ་བསླེབས་འདུག མོས་རང་སྡེའི་འབྲོག་པ་དང་བེར་སྐྱ་འོད་འབུམ་རྣམས་མཚོ་ཁ་ན་ཡོད་པ་མཐོང་། དེ་ནས་ཡུམ་ཆུང་ལྷ་མོའི་སེམས་ལ་དགའ་བརྗོད་ཀྱིས་མི་ལང་བ་ཞིག་སྐྱེས་ཏེ། སེམས་ལ་མྱུར་བར་གཤོག་པ་ཞིག་ཐོགས་ཏེ་བྱ་འཕུར་བ་ལྟར་ཁོང་རྣམས་ཀྱི་གམ་དུ་འབྱོར་ན་ཅི་མ་རུང་འདོད་མོད། འོན་ཀྱང་མི་ལེགས་པ་ཞིག་ལ། སྐབས་དེར་མཚོའི་རྦ་རླབས་གཅིག་རྗེས་གཅིག་གིས་མནན་འོངས་པའི་ཁར་ལུས་ངལ་བས་མནར་ཏེ་མཚོ་མཐར་འབུད་མ་ནུས་ཤིང་། མི་རྣམས་ཀྱིས་མཚོ་ནང་དུ་སྲོག་ཆགས་ཤིག་ཡོད་བ་འདྲ་སྙམ། དེ་ནི་ཡིན་པ་ཡུམ་ཆུང་ལྷ་མོ་ཡིན་པ་མ་ཤེས་པར་སེམས་ལ་ “ཆུ་སྲིན་དམག་དཔོན་སླར་ཡང་མི་འཛིན་དུ་ཡོང་བ་རེད”སྙམ་ནས་རང་རང་སར་བྲོས་སོང་། དེ་ནས་བཟུང་ཡུམ་ཆུང་ལྷ་མོ་མཚོ་ནང་དུ་ལུས་ཏེ་རང་གི་ཡུལ་མི་ཚོར་ལྷན་འཛོམ་མ་ཐུབ་པའི་རྐྱེན་གྱིས་ཞེ་སྡུག་སྟེ་མཆི་མ་འཆོར་བཞིན་མཚོ་ནང་དུ་འཁྱམས་སོ། །

དེ་དུས་མཚོ་ནི་ད་དུང་ཀླུ་སྒོའི་ཆུ་འཕྱུར་བར་བརྟེན་ནས། མུ་མཐུད་དུ་ཆེས་ཆེར་རྒྱས་ཏེ་སྟོང་སྐོར་དང་ཁྲི་ཀའི་ཕྱོགས་སུ་འབྱོ་ཉེན་ཡོད། རྒྱ་གར་ཆོས་ཀྱི་རྒྱལ་པོའི་དགེ་འདུན་པ་ཨོ་རྒྱན་པདྨས་ཀླུའི་རྒྱལ་མོས་ཀླུ་ཆུ་འཕྱུར་དུ་བཅུག་སྟེ་རྩྭ་ཐང་གི་འབྲོག་རུ་ཁྲི་ཕྲག་བསྣུབས་ནས་མི་ཡུལ་ལ་གནོད་འཚེ་ཆེན་པོ་བསྐྱལ་འདུག་པ་མངོན་པར་མཁྱེན་ཅིང་། གནོད་འཚེ་དེ་སེལ་བའི་ཆེད་དུ་ཨོ་རྒྱན་པདྨས་རྒྱ་གར་གྱི་རི་བོ་མ་ཧཱ་དེ་ཝའི་དབུ་རྩེ་བཅད་ནས་མར་དབྱུགས་ཏེ་ཀླུ་ཆུའི་ཆུ་མིག་ཁ་བཅད་པར་མ་ཟད། ཁོང་དངོས་སུ་བྱོན་ཏེ་ཡར་ལ་མེར་བཞིན་པའི་མཚོ་ཆུ་གཟན་ལྕག་གིས་བྲབས་ཏེ་རྫུ་འཕྲུལ་གྱིས་ཕྱིར་བསྡུས་པ་དང་། མཚོ་ཆུ་མི་སྐེམ་པའི་ཆེད་དུ་ཡང་མཐའ་སྐོར་གྱི་རི་ལུང་སོ་སོའི་ཆུ་སྣ་ཆེ་ཆུང་བརྒྱ་དང་བརྒྱད་མཚོ་ནང་དུ་དྲངས། དེ་ལས་ཆུ་གཅིག་གིས་མ་འདང་བས་ཤར་ཕྱོགས་སུ་བཞུར་བའི་རིག་སྨོན་ཆུ་དེ་དུག་སྦྲུལ་ཞིག་ལ་འཁྲིད་དུ་བཅུག་སྟེ་ནུབ་ཕྱོགས་སུ་དྲངས། མི་རྣམས་ཀྱིས་དེར་རྗེས་དྲན་བྱ་ཆེད། མཚོ་དེར “ཁྲི་ཤོར་རྒྱལ་མོ”ཞེས་པ་དང་། རི་དེ་མཚོ་ཡི་དབུས་སུ་གནས་པའི་དབྱིབས་སྙིང་དང་འདྲ་བས་ “མཚོ་སྙིང”དང་འཆད་ཁུངས་རྒྱ་གར་གྱི་རི་བོ་མ་ཧཱ་དེ་ཝའི་རི་ཡིན་པས་ “མཚོ་སྙིང་མ་ཧཱ་དེ་ཝ”ཞེས་བྱའོ། །

དེ་ནས་ཀླུ་ཁམས་ཀྱི་དམག་དཔོན་ཆུ་སྲིན་གྱི་ཨ་ཁུ་སྲིན་པོས་ཨོ་རྒྱན་པདྨའི་བྱེད་ལུགས་ལ་ཤིན་ཏུ་མ་དགའ་བར་ཐུགས་ཁྲོས་ཏེ། སེམས་ལ “གང་ལྟར་མཚོ་སྙིང་གི་རི་དེ་བཤིགས་ཏེ། ཀླུ་ཆུའི་ཁ་སླར་ཡང་འབྱེད་དགོས”སྙམ་ནས། ཤེད་ཤུགས་གང་ཡོད་ཕྱུང་སྟེ་བྲག་དཀར་ཐེམ་རྫོང་གི་དབུ་རྩེ་བཅད་ནས་མར་མཚོ་སྙིང་གི་རི་ཐོག་ཏུ་དབྱུགས་མོད། འོན་ཀྱང་སྲིན་པོས་ཚ་བོ་ལ་རོགས་བྱས་ནས་དེ་ལྟར་བྱེད་སྲིད་པ་སློབ་དཔོན་གྱིས་སྔར་ནས་མཁྱེན་འདུག་ཅིང་། སྲིན་པོས་བྲག་རྩེ་དབྱུགས་མ་ཐག་ཏུ་སློབ་དཔོན་གྱིས་མྱུར་བར་རྫུ་འཕྲུལ་བསྟན་ཏེ་མཚོ་རྔའི་ལྷོ་ནུབ་ཀྱི་མཚམས་སུ་བཏུལ་ནས་མིང་ལ་“འདྲེ་མོ་བྲག་དཀར”ཞེས་མིང་ངན་བཏགས་ཤིང་ལྷ་མི་ཀུན་གྱི་དགྲ་བོར་འཆད་པའོ། །

རྗེས་སུ་ཡུམ་ཆུང་ལྷ་མོར་མི་མིན་ཀླུ་མིན་གྱི་བྱིས་པ་ཞིག་བཙས། དེའི་ཕྱིར་མོ་རང་ལྷག་པར་ཞེ་སྨྲེང་སྟེ་ངུ་བཞིན་དུ་མཚོ་ལས་གར་གནས་གར་འགྲོ་མེད་པར་བྱུང་ནས་ལྷོ་རུ་འཁྱམས་ཡོང་མོད། འོན་ཀྱང་མོའི་སེམས་སུ་ད་དུང་བེར་སྐྱ་འོད་འབུམ་ཕ་བུ་གཉིས་བཟུང་ཡོད་ཅིང་། ཟླ་རེའི་བཅོ་ལྔའི་དགོང་མོ་ཟླ་བ་ཧ་ཅང་གསལ་བའི་དུས་ལ། མོ་རང་མཚོ་ཁར་གཡེང་སྟེ་འདྲེ་མོ་བྲག་དཀར་གྱི་སྟེང་དུ་བུད་ནས་སྐྱོ་གླུ་ལེན་བཞིན་དུ་ཀླུ་མིན་གྱི་བྱིས་པར་ནུ་མ་བསྣུན་ཏེ་མཆི་མ་བཏོན་ཏོ། །

སྐབས་དེར་བེར་སྐྱ་འོད་འབུམ་ཕ་བུ་གཉིས་ཀྱིས་ད་རུང་སྔར་བཞིན་དུ་ཡུམ་ཆུང་ལྷ་མོ་ཕྱིར་ཡོང་བར་བསྒུགས། ཉིན་སྒུག་མཚན་སྒུག་དང་ཟླ་སྒུག་ལོ་སྒུག་བྱས་ཀྱང་ཡུམ་ཆུང་ལྷ་མོ་ཕྱིར་མ་ཡོང་སྟབས། ཉིན་གཅིག་ཕ་མ་བུ་གཉིས་རྐྱལ་གཟིངས་ཤིག་ལ་བསྡད་དེ་མཚོ་སྙིང་རིའི་མཐའ་སྐོར་གྱི་ཕྱོགས་སོ་སོར་འཚོལ་དུ་སོང་སྟེ། མཚོ་ཡི་མགོ་ནས་མཇུག་བར་བུས“ཨ་མ། ཨ་མ། ”ཞེས་བོས་པ་དང་། བེར་སྐྱ་འོད་འབུམ་ལྷག་པར་དུ་ཡིད་སྨྲེང་ཞིང་མཆི་མ་འདོན་བཞིན་སྐད་གང་ཡོང་ཕྱུང་ནས་ “ཀ་ཡེ། ཡུམ་ཆུང་ལྷ་མོ། ཀ་ཡེ། ཡུམ་ཆུང་ལྷ་མོ། ”ཞེས་བོས་ཀྱང་ཡུམ་ཆུང་ལྷ་མོ་མཐོང་རྒྱུ་ལྟ་ཅི་ཨ་ལན་ཞིག་ཀྱང་ཐོས་རྒྱུ་མ་བྱུང་། དེ་ནས་ཉིན་གཅིག་འདྲེ་མོ་བྲག་དཀར་གྱི་ཉེ་འདབས་སུ་བསྐྱོད་དུས། བེར་སྐྱ་འོད་འབུམ་གྱིས་རྦ་རླབས་ཤིག་གི་ནང་ནས་གློ་བུར་དུ་བུ་མོ་ཞིག་གི་ལུས་གཟུགས་མཐོང་། དེའི་རྒྱབ་ན་སྐྲ་ནག་པོ་ཐུར་དུ་དཔྱངས་ཤིང་སྐྱོ་གླུ་ལེན་པ་ཐོས། ཁོའི་སེམས་ལ་དེ་ནི་ཡུམ་ཆུང་ལྷ་མོ་ཡིན་སྙམ་ནས་ཁོས་རྐྱལ་གཟིངས་མགྱོགས་པོར་དཀྲུགས་ཤིང་མོ་ཡོད་སར་བསྐྱོད་དེ་འཐོན་ལ་ཁད་ཀྱི་སྐབས་དེར། ཀླུའུ་རྒྱལ་མོ་སེམས་ནག་དེས་ཤེས་ཏེ་ཆོ་འཕྲུལ་གྱིས་མཚོ་རླུང་གཡུགས་ནས། གནམ་སར་ཤང་སྒྲ་འུར་སྒྲས་ཁེངས་པར་བརྟེན་ནས་རྐྱལ་གཟིངས་དང་མི་ཚང་མ་ནམ་མཁར་དྲངས་སོང་ངོ་། །དེ་ནས་བཟུང་བེར་སྐྱ་འོད་འབུམ་ཕ་བུ་གཉིས་མཐོང་རྒྱུ་མ་བྱུང་ཞིང་། ཁོང་གཉིས་ནི་དཀར་སྐྱ་དངུལ་མདོག་འདྲ་བའི་མཐིང་རིལ་ཆེ་ཆུང་གཉིས་སུ་གྱེར་ཏེ། ཉིན་བཞིན་དུ་མཚོ་སྔོན་པོའི་མཁའ་དབྱིངས་སུ་འཕུར་ཞིང་བསྐྱོད་དེ་ཡུམ་ཆུང་ལྷ་མོ་འཚོལ་བཞིན་ནོ། །

ང་ཚོ་མཚོ་མཐའ་ལ་ཕྱིན་ཚེ། རྒྱུན་པས “ཨུས་ཡ། ཨུས་ཡ།”ཞེས་པའི་ཆུ་བྱའི་འབོད་སྒྲ་ཞིག་ཐོས། རྒན་པ་ཚོས “དེ་ནི་མཐོང་རིལ་གྱིས་ཡུམ་ཆུང་ལྷ་མོ་འབོད་པ་ཡིན”ཟེར། ད་ལྟ་མཚོ་སྔོན་པོའི་ནང་དུ་མཐིང་རིལ་ཁྲི་སྟོང་མང་པོ་ཚོགས་བཞིན་མཆིས་པ་དེ་དག་ནི་དེའི་རྒྱུད་ཀྱི་རྒྱུན་འདུག་བྱ་དང་མཚོ་སྔོན་པོའི་བདག་པོའི་བྱ་རིགས་གཅིག་ཡིན་པར་གྲགས་སོ།།

མཚོ་སྔོན་པོར་འཇིག་རྟེན་ལས་འདས་དང་མ་འདས་པའི་ལྷ་ཀླུ་མཐུ་རྩལ་ཅན་གནས་ཤིང་། བོད་རྒྱལ་སྲོང་བཙན་སྒམ་པོས་བོད་དབུས་ཀྱི་ལྗོངས་དེ་ཁྱད་ཆོས་དུ་མ་དང་ལྡན་པར་བསྔགས་པའི་གསུང་ལས། ཁྲི་བཤོས་རྒྱ་མཚོའི་ཀླུ་བློན་བྱང་ཆུབ་སེམས། ཆུ་བོ་ཆེན་པོ་ཀུན་ལ་ཕན་པར་མཛད།  །ཅེས་གསུངས། མཚོ་འདིའི་གནས་བདག་ནི་ཞི་དྲག་ཆོ་འཕྲུལ་སྟོང་གི་རྩེ་དགའ་འཛིན་པའི་ཀླུ་བློན་བྱང་ཆུབ་སེམས་དཔའ་ལ་སྨན་མོ་ཀླུ་སྲིན་དྲེགས་པ་འབུམ་གྱིས་བསྐོར། མཚོ་སྙིང་གནས་ཡིག་ཏུ། གང་མཚོ་ཆེན་ཁྲི་ཤོག་རྒྱལ་མོ་ལ། ཕྱི་ནང་གསང་བའི་ཞིང་ཁམས་བསམ་མི་ཁྱབ་ཅེས་དང་། བསང་གསོལ་དུ། མཚོ་སྙིང་རྡོ་རྗེ་ཕོ་བྲང་ནས། །རིགས་གསུམ་ལྷ་ཚོགས་དཔའ་བོ་ཌཱ་ཀི་མ། །འཇིག་རྟེན་འདས་དང་མ་འདས་སྲུང་མའི་ཚོགས། །ཕྱོགས་མཚམས་ཉིན་སྲིབ་རི་ཀླུང་ནེའུ་གསིང་སོགས། །གནས་ཀྱི་ཁྱད་པར་སོ་སོར་དབང་བའི་ལྷ། །ཞེས་བློན་པོ་གསེར་ཆེན། ཨ་མ་ཟོ་དགུ།  དཔའ་ཐུལ་རྫ་རྒན། ཧེ་སྣ། རྐང་ཚའི་རྫ་དམར། སྨོན་ལམ་མཐོན་པོ། ཨ་མ་ཉག་རི་ལ་སོགས་གཉུག་མར་གནས་པའི་གཞི་བདག་བསམ་གྱིས་མི་ཁྱབ་པ་ཡོད་དོ། །

མཚོ་མཆོད་པའི་སྲོལ་ཚུགས་པའི་ཐད་ནི། ངག་རྒྱུན་ལ་སྔོན་ཧན་རྒྱལ་རབས་ཀྱི་དུས་སུ་རྒྱལ་པོ་ཞིག་གིས་ས་འདིའི་ཡུལ་བདག་ལ་རྒྱ་ཁབ་སྤར་མོ་གང་བསྐུར། ཁབ་ཀྱིས་གོ་མཚོན་ཧྲག་པོ་ཡོད་པ་མཚོན་ལ། ས་འདི་བཙན་གྱིས་འཕྲོག་རྒྱུ་ཡིན་པའི་བརྡ་བསྟན། ས་འདིའི་བདག་པོས་ཕྱིར་ལན་ལ། དར་སྔོན་པོ་ཆད་ཁ་གང་གིས་ཁུད་དུ་ཆུ་བུམ་པ་གང་བཏུམས་ནས་བསྐུར། དེའི་དོན་ནི་ཁྱོད་ལ་གོ་མཚོན་ཧྲག་པོ་ཡོད་ནའང་། ང་ལ་ཁྱོད་ཀྱི་ས་ཆེན་པོ་སྐད་ཅིག་ཏུ་བསྣུབ་ཐུབ་པའི་མཚོ་ཆེན་པོ་ཡོད་པའི་བརྡ་བསྟན། རྒྱ་ནག་རྒྱལ་པོས་ཉུལ་མ་བལྟ་རུ་མངགས། ངོ་མ་གནམ་སྔོན་པོ་ཐང་ལྷུང་འདྲ་བའི་མཚོ་ཆེ་ཞིང་དྭངས་པོ་ཞིག་རི་ཆེན་དུ་མའི་དབུས་སུ་ལྟེམས་ལྟེམས་སུ་ཡོད་ཅིང་། ཉག་ཁ་ནས་ས་ཅུང་ཙམ་བརྐོས་ན་མཚོ་ཤོར་ནས་རྒྱ་ནག་གི་ས་ཆེན་པོ་སྐད་ཅིག་ལ་བསྣུབ་པའི་ཉེན་ཆེ་བ་མཐོང་། ཉུལ་མས་རྒྱལ་པོ་ལ་རང་གི་མཐོང་ཐོས་རྣམས་སྙན་སེང་ཞུས། རྒྱལ་བློན་ཚོས་མཚོ་འཕྱུར་བའི་ཁ་བཟློག་ཆེད་བཀའ་གྲོས་གནང་། མཚོ་མཆོད་དེ་ཀླུ་རྒྱལ་ལ་མཚོ་འཕྱུར་ནས་རྒྱ་ཡུལ་དུ་གནོད་འཚེ་མི་འབྱུང་བའི་གསོལ་བ་འདེབས་པ་དང་མཉམ་དུ། མཚོ་ཆུ་སྐེམ་བྱེད་ཀྱི་རྫས་བསྒྲིགས་ནས་ལོ་རེར་མཚོ་ནང་དུ་འདེབས། དེ་ནས་བཟུང་མཚོར་མཆོད་པའི་སྲོལ་རྒྱུན་འཇགས་སུ་སོང་ཟེར།

རྒྱལ་རབས་ཐང་སུང་ཡོན་མིང་ཆིང་གི་དུས་སུ་མཚོ་སྔོན་པོ་བླ་མཚོ་ལ་བརྩིས་ནས། ཐུང་ཧྲེང་ཀོང་རོན་ཝང་དང་། ལིན་ཤན་ཆིན་ཏེ་ཏ་ཏུ་ཀྲི་ཙོང་ཧྲིན། ཧྲིན་ལེན། ཧྲིས་ཧྲིན་སོགས་མཚན་དང་ཐོབ་ཕུལ་མྱོང་། མི་རིགས་སོ་སོས་མཚོ་སྔོན་པོ་གངས་ཅན་ལྷ་མཚོའམ་བླ་མཚོར་བརྩིས་ནས་མཆོད། ཨ་མདོའི་བོད་མིས་ལྷ་མཆོད་ལྷ་བསམ་འབུལ་དུས་ཨ་མྱེས་རྨ་ཆེན་དང་ཁྲི་ཤོག་རྒྱལ་མོ་གཉིས་མི་འབོད་མཁན་མེད། ཁྱད་པར་ལུག་གི་ལོ་ལ་མཚོར་མཆོད་པ་དང་། མཚོ་གཏེར་འབུལ་བ། ལྷ་ཐོ་ཀླུ་ཐོ་བརྩིག་པ། མཚོ་སྐོར་བྱེད་པ། ཀླུ་གཏོར་བསྔོ་བ་སོགས་བྱེད། མཚོ་མཆོད་པའི་སྲོལ་དམངས་ཁྲོད་དུ་དར་བར་མ་ཟད། གོང་མའི་གཞུང་ནས་ཀྱང་གཙིགས་སུ་འཛིན། ཆིང་རྒྱལ་རབས་སྐབས་ལྷག་པར་རྒྱ་ཆེ་སྟེ། དཔེར་ན། ཡུལ་ཀྲེང་ཁྲི་ལོ་བཞི་པར(སྤྱི་ལོ༡༧༢༦)མཚོ་ཤར་དུ་མཚོ་མཆོད་ཀྱི་རྡོ་རིང་བཙུགས། སྟེང་དུ་ཤན་ཆིན་ཧྲེ་ཧྲིན་ཞེས་མན་སོག་རྒྱ་བོད་བཞིའི་ཡི་གེ་བརྐོས་ཡོད། ཏའོ་ཀོང་ཁྲི་ལོ་བཅུ་གཉིས་པར་(ཕྱི་ལོ ༡༨༣༢༢)རིག་སྨོན་ཚ་གན་མཁར་གྱི་བྱང་དུ་མཚོ་ལྷ་ཁང་བཞེངས། ལོ་རེར་གོང་མས་མི་མངགས་ནས་མཚོ་མཆོད་བྱེད། དེ་ལ་སོག་པོའི་ཝང་ཀུན་དང་། བོད་ཀྱི་ཁྲི་དཔོན་སྟོང་དཔོན་འཚོགས་ནས་དཔོན་པོར་སྐྱེས་འབུལ། མིན་གོའི་སྐབས་སུའང་དེ་ལྟར་རྒྱུན་བསྐྱངས།

མཚོ་མཆོད་བྱེད་པའི་དུས་ནི་དབྱར་སྟོན་གྱི་དུས་ཡིན་ཞིང་། དཔོན་ཕྱོགས་ཀྱིས་མཚོར་མཆོད་ས་ནི་ཚ་གན་མཁར་དང་། ས་ཐོབ་དགོན། ཁེ་ཐུ་ཉག་ཁ་གསུམ་པོ་ཡིན། མཚོར་མཆོད་དུས་མཐའ་སྐོར་གྱི་མིས་རང་རང་གི་སྐྱེ་ལྷར་མཆོད། དཔའ་མཁར། ལབ་ཙེ། ལྷ་ཐོ་ཀླུ་ཐོ་བསྟོད་པ། རྟ་རྒྱུག་སོགས་རྩེད་འཇོ་ལ་རོལ་བ་ཡིན།

མཚོ་སྔོན་པོའི་ནང་དུ་ཡ་མཚན་པའི་གསང་བ་དུ་མ་ཡིད་དེ། སློབ་དཔོན་གྱི་ཕྱག་རྗེས། མཚོ་གཉིད་པ། དུས་བཟང་རྔ་སྒྲ། མཚོ་ཡབ་ཡུམ་ཞལ་མཇལ་བཅས་ཡོད། ལས་དབང་ཅན་ཚོས་དེ་དག་རྣ་ཐོས་མིག་མཐོང་ཐུབ་པ་ཡིན།

བོད་མིའི་སེམས་སུ་མཚོ་དང་ཆུ་བོར་མི་གཙང་བས་མནོལ་མི་རུང་འདོད་དེ། མཚོ་དང་གཙང་པོར་དག་གཙང་བྱེད། མཚོ་ལ་དམར་དང་མི་གཙང་བ་འདོར་མི་ཉན། མཚོ་འགྲམ་ཆུ་འགྲམ་དུ་ས་རྐོ་རྡོ་སློག་ལ་འཛེམ་པ་ཡིན།

བསང་ནི་མ་གཙང་བ་དག་དག་པར་བྱེད་པའི་དོན་ཡིན་ཞིང་། བསང་གཏོང་བ་དེ་ལྷ་ཀླུ་གཞི་བདག་ལ་མཆོད་པ་འབུལ་བ་ཡིན་པར་མ་ཟད། ཤུག་པ། བ་ལི། མཁན་པ། ཉ་རིད་སོགས་ཤིང་སྣ་འབྲུ་སྣ་དྲི་ཞིམ་རྫས་རྣམས་མེར་བསྲེགས་ནས་དུ་བས་མཁའ་རླུང་བསངས་པ་དང་། རང་ཉིད་གཙང་བར་བྱས་ནས་ལུས་ལ་ནད་མི་འགོ་བ་དང་། ལྷས་མགོན་སྐྱོབ་བྱེད་ཐུབ་པའི་ཐབས་བྱེད་པ་ཡིན་ནོ། །

མཚོ་གཉིད་ལོག་པ། མཚོ་གཉིད་ལོག་པ་མཚོ་སྔོན་པའི་རང་བྱུང་གི་སྣང་ཚུལ་ཞིག་ཡིན། རྦ་རླབས་ཆལ་ཆིལ་གཡོ་བའི་སྐད་ཅིག་ཉིད་ལ་གཉིད་སོང་བ་ལྟར་ཕྲིག་ཙམ་མི་འགུལ་བའི་སྣང་ཚུལ་དེར་མཚོ་གཉིད་པ་ཟེར། གཉིད་པའི་དུས་དང་ཡུན་རིང་ཐུང་ལ་ངེས་པ་མེད། སྣང་ཚུལ་དེ་སྐབས་འགར་མཐོང་རྒྱུ་ཡོད་པ་ལས་རྒྱུན་དུ་མེད། མཚོ་མཐའ་ནས་ཚེ་གང་བོར་བསྡད་ཀྱང་མཚོ་གཉིད་པ་མཐོང་མ་མྱོང་བའི་མི་མང་། མཚོ་གཉིད་པར་འཕྲད་དེ་འུར་བརྒྱབ་ན་གཉིད་སད་པ་ལྟར་སྔོན་གྱི་རྣམ་པ་སོར་ཆུད་བྱུང་བྱས་རྦ་རླབས་འུར་སེ་གཡོ། མཚོ་གཉིད་པའི་ཆུ་སྣོད་གང་ལག་ཏུ་འཐོབ་ཐུབ་ན། དེ་རང་ཁྱིམ་དུ་གཏེར་སྦས་ན། ཀླུའི་དངོས་གྲུབ་ཐོབ་ནས་བར་ཆད་མེད་པར་ཕྱུག་པོར་འགྱུར་ཞེས་རྒན་པ་ཚོའི་ངག་ལས་ཐོས།

ཆབ་རོམ་མཆོད་རྟེན།

ཆབ་རིམ་མཆོད་རྟེན་ནི་ལོ་རེའི་སྤྱི་ཟླ་༡༡ པར་མཚོ་སྔོན་པོས་དར་དཀར་གྱི་ན་བཟའ་གསོལ། མཚོ་དར་དེ་རིམ་གྱིས་ཆགས་པ་མིན་ཞིང་། རླུང་ཆེན་པོ་གཡུགས་ནས་ཞག་གཅིག་ལ་མཚོ་ཁར་དར་གྱིས་གཡོགས་པས་ཆབ་རོམ་གྱི་ཞིང་ཁམས་སུ་འགྱུར། ཆབ་རོམ་གྱི་མཐུག་ཚད་སྨི་༠།༦༩ཙམ་ཡིན། ཕྱི་ལོའི་དཔྱིད་ཀར་དར་ལྷུང་བའི་སྐབས་ཉིན་ཞག་གཅིག་ལ་ཆབ་རོམ་ཐམས་ཅད་རླུང་གིས་ཤེལ་དཀར་གྱི་མཆོད་རྟེན་བརྩིགས་པ་འདྲ་བར་ཕྱོགས་གཅིག་ཏུ་སྤུངས། དེར་ཉི་འོད་འཕྲོས་ཚེ་གངས་རིའི་གཟི་བྱིན་འགོག་པ་དང་། དེ་དུས་ཁྲི་ཤོར་རྒྱལ་མོའི་དཔལ་མདངས་སྔར་ལས་གསལ་ཞིང་། བེེཌཱུརྱ་ཞུན་མ་ས་ལ་འཁྱིལ་འདྲའི་སྔོ་ཞིང་དྭངས་པ། དེ་དུས་མཚོ་ཁའི་གནམ་སྔོ་ས་སྔོ་མཚོ་ཡང་སྔོ་བས་དཔྱིད་ཀྱི་དཔལ་མོའི་མཛེས་སྡུག་ཤར་བས་སེམས་ཅན་ཡིད་ནི་རབ་ཏུ་དགའ་བར་འགྱུར།

About རྩོམ་སྒྲིག་པ།