༄༅།།ཕྱི་ལུགས་གསོ་རིག་གི་ཀན་སར་ཞེས་པའི་ནད་རིགས་དེ་བོད་ལུགས་གསོ་རིག་གི་འབྲས་ནད་དང་།སུརྱ།སྐྲན་རིགས་གང་ལ་སྦྱར་རུང་བར་དཔྱད་པ།

ནང་དོན་གནད་བསྡུས།དཔྱད་རྩོམའདིའི་ནང་ཕྱི་ལུགས་གསོ་རིག་གི་ཀན་སར་ཞེས་པའི་ནད་རིགས་དེ་བོད་ལུགས་གསོ་རིག་གི་འབྲས་ནད་དང་།སུརྱ།མེ་དབལ།སྐྲན་རིགས་གང་ལ་སྦྱར་འོས་མིན་ཐད་དྭོགས་སློང་དང་དཔྱད་ཞིབ་གང་ཐུབ་བྱས་ཡོད།  བོད་ལུགས་གསོ་རིག་ནང་གི་ནད་རིགས་འགའ་བལྟས་ཚོད་ཀྱིས་ཕྱི་ལུགས་གསོ་རིག་གིས་བཤད་ཀྱིན་པའི་ནད་རིགས་དང་འདྲ་བོ་ཡོད་ནའང་།ནད་སོ་སོའི་རྒྱུ་རྐྱེན་དང་འགྱུར་ཚུལ།ནད་རྟགས་ལ་སོགས་པར་ཞིབ་མོར་བལྟས་ཚེ་ནད་རིགས་དེ་དག་གི་ངོ་བོ་དང་ཁྱད་ཆོས།ཚད་གཞི་སོགས་མི་འདྲ་བ་ཡིན་པ་རྟོགས་ཐུབ།ནད་གཞི་འདིའི་རིགས་ངོས་འཛིན་བྱེད་སྐབས་ང་ཚོས་ངེས་པར་དུ་དབྱེ་འབྱེད་གང་གཟབ་ཀྱིས་གཞི་མ་འཁྲུལ་བ་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ།  བོད་ལུགས་གསོ་རིག་གི་འབྲས་ནད་དང་ཕྱི་ལུགས་གསོ་རིག་གི་ཀན་སར་ཅུང་འདྲ་བོ་ཡོད་པ་དང་།  དེ་མིན་བོད་ལུགས་གསོ་རིག་གི་སུརྱ་དང་སྐྲན་རིགས་འགའ་ཞིག་ཀྱང་དྭངས་མ་མ་ཞུ་བ་དང་ངན་ཁྲག་རྒྱས་ལ་རླུང་གིས་བསྒྲིལ་བའི་འབྲེལ་བའི་དབང་གིས་ཕྱི་ལུགས་གསོ་རིག་ཁྲོད་ཀྱི་ཀན་སར་དང་འདྲ་ཡང་ནད་རིགས་དེ་གཉིས་ངོ་བོའི་ཆ་ནས་མི་གཅིག  དེ་བས་ཕྱི་ལུགས་གསོ་རིག་གི་ཀན་སར་དང་འདྲ་བའི་བོད་ལུགས་གསོ་རིག་ནང་གི་འབྲས་ནད་དང་།སུརྱ།སྐྲན་ལ་སོགས་པ་རྣམས་བོད་རང་གཞུང་དུ་འཁོད་པའི་མན་ངག་རྣམས་སྤྱད་དེ་ངོས་འཛིན་བྱེད་རྒྱུ་ལས་ནད་རིགས་དེ་གསུམ་གང་རུང་ཡིན་ན་ཕྱི་ལུགས་གསོ་རིག་གི་ཀན་སར་ཡིན་པའི་ཁྱབ་པ་དང་།ཕྱི་ལུགས་གསོ་རིག་གི་ཀན་སར་ཡིན་ནའང་ནད་རིགས་དེ་གསུམ་གང་རུང་ཡིན་དགོས་པའི་ཁྱབ་པ་མེད་པ་མཁྱེན་རྟོགས་གསལ་པོ་དགོས་པ་གལ་ཆེན་ཏུ་མཐོང་།

 

གནད་ཚིག  བོད་ཕྱི་ཟུང་འབྲེལ། ཕྱི་ལུགས་ཀན་སར། འབྲས་ནད། སུརྱ། མེ་དབལ། སྐྲན་རིགས།

 

གླེང་གཞི།

དེང་སང་བོད་ཀྱི་གསོ་བ་རིག་པར་ཉམས་ཞིབ་དང་ལག་ལེན་བྱེད་མཁན་མང་པོ་ཞིག་གིས་རང་གཞུང་དུ་བཀོད་པའི་སྐྲན་ནད་དང་འབྲས་ནད།སུརྱ་སོགས་ཕྱི་ལུགས་གསོ་རིག་གིས་ཀན་སར་དུ་འབོད་པའི་ནད་དེ་དང་དོན་གཅིག་མིང་གི་རྣམ་གྲངས་ལྟར་སྦྱར་ནས་གོ་བ་ལེན་གྱིན་འདུག་མོད།(7) སྔ་མ་སྐྲན་ནད་ནི་བོད་ཀྱི་གསོ་རིག་ལ་ཐོས་བསམ་ཏོག་ཙམ་ཡོད་མཁན་ཞིག་ཡིན་ཚེ་ནད་དེའི་དབྱེ་བ་དང་གསོ་བཅོས་བྱེད་ཚུལ་ལས་འཆི་ནད་ཀན་སར་དང་དོན་གཅིག་ཏུ་བཙན་གྱིས་སྦྱོར་མི་སྲིད།ནད་རིགས་ཕྱི་མ་གཉིས་ཀྱང་ང་ཚོས་ཕྱི་བོད་སོ་སོའི་སྨན་གཞུང་དང་གྲུབ་མཐའི་འདོད་ཚུལ་རྣམས་གཞིར་བཞག་ཐོག་ལག་ལེན་གྱི་གནད་རྣམས་སྤྱད་དེ་ནད་རིགས་དེ་དག་གི་བྱུང་འཕེལ་གྱི་ལོ་རྒྱུས།ནད་ཀྱི་རྒྱུ་རྐྱེན་དང་འགྱུར་ཚུལ།ནད་རྟགས་སོགས་ཟུར་མང་པོར་བསམ་གཞིགས་བྱེད་ཚེ་ཕྱི་ལུགས་གསོ་རིག་གི་ཀན་སར་དང་དོན་གཅིག་ལྟར་འཛིན་མི་ནུས་པ་ཤེས་ཐུབ་ལ།ནད་རིགས་དེ་རྣམས་གཅིག་ཏུ་བལྟས་ནས་ནད་ངོས་འཛིན་དང་གསོ་བཅོས་བྱེད་ཚེ་དགོས་མེད་ཀྱི་ནོར་འཁྲུལ་མང་པོ་ཡོང་བའང་ཤེས་ནུས།དེའི་ཁར་དེང་སང་ཕྱི་ལུགས་གསོ་རིག་གི་ལྟ་བ་དང་ལག་ལེན་ཁག་བོད་ལུགས་གསོ་རིག་ཏུ་ཁྱབ་སླ་བས་ཕྱི་ལུགས་ཀྱི་ཀན་སར་བཅོས་ཚུལ་རྣམས་ལས་སླ་བོའི་ངང་རང་ལུགས་ཀྱི་འབྲས་སྐྲན་སོགས་ཀྱི་སྟེང་དུ་བཀོལ་ཉེན་ཆེ།དེ་བས་བོད་ལུགས་གསོ་རིག་རང་གི་ཐུན་མོང་མ་ཡིན་པའི་ལྟ་བ་དང་ལག་ལེན་རྣམས་ནམ་ཡང་ཕྱི་ལུགས་གསོ་རིག་ལས་དབྱེ་བ་ཕྱེ་རྒྱུ་ཧ་ཅང་གལ་ཆེན་ཏུ་སྙམ་པ་དང་།བོད་ཕྱི་གཉིས་ཀྱི་གསོ་རིག་ལས་ཐུན་མོང་གི་ཆར་འོས་པ་རྣམས་ཕན་ཚུན་བརྗེ་རེས་དང་ཐུན་མིན་གྱི་ཆ་རྣམས་རང་ཆས་སུ་ཉར་ཚགས་བྱེད་རྒྱུ་ནི་ཕྱོགས་གཉིས་ཀྱི་གསོ་རིག་གྲུབ་མཐའི་མ་འོངས་འཕེལ་རྒྱས་དང་བྱེད་ནུས་ལ་ཕན་ཐོགས་ཆེ་བའི་གནད་ཅིག་ཡིན་པར་སེམས།

 

དང་པོ།ཕྱི་ལུགས་གསོ་རིག་གི་ཀན་སར།

 

འཆི་ནད་ཀན་སར་ཞེས་པ་འདི་ནི་གདོད་མ་ནས་ང་ཚོ་འགྲོ་བའི་མིའི་རིགས་ཀྱི་ལོ་རྒྱུས་འགོ་ཚུགས་པ་དང་མཉམ་དུ་བྱུང་ཡོད་པའི་ནད་རིགས་ཧ་ཅང་རྙིང་པ་ཞིག་རེད།(1) དབྱིན་སྐད་དུ་ཀན་སར་འབོད་པ་ནི་གནའ་བོའི་གྷི་རིསི་(Greece 希腊)སྐད་ནས་དབྱིན་ཡིག་ཏུ་འགྱུར་བ་ཞིག་དང་དོན་ནི་སྡིག་སྲིན་ལ་གོ   ནད་དེར་སྡིག་སྲིན་གྱི་མིང་བཏགས་པའི་རྒྱུ་མཚན་ནི་དུས་རབས་སྔོན་གྱི་ལོ་༤༠༠་ཙམ་ནས་གྷི་རིསི་(Greece 希腊)མཁས་པ་ཚོས་མིའི་ལུས་སྟེང་དུ་ནད་རིགས་དབྱིབས་རྡོག་རྡོག་སྟངས་འཛིན་བྱེད་དཀའ་བ་(malignancies 恶性肿瘤)ཞིག་དང་།དེ་དང་འབྲེལ་བའི་སྡོད་རྩ་ནི་སྡིག་སྲིན་རྐང་པ་དྲུག་ཅན་དང་འདྲ་བོ་ཡོད་པ་ཞིག་མཐོང་ཡོད་ལ།ཕྱིས་སུ་དུས་རབས་གཉིས་པའི་སྐབས་སུ་བྱོན་པའི་གྷི་རིསི་(Greece 希腊)སྨན་རིག་མཁས་དབང་གཱ་ལེན་(Galen盖伦)་ལགས་ཀྱིས་ནུ་མའི་སྐྲན་དང་དང་རྨེན་བུ་ལ་སོགས་པའི་སྡོད་རྩ་ནི་སྡིག་སྲིན་གྱི་གཟུགས་དང་གཅིག་འདྲར་སྔར་ལས་གསལ་བོར་མཐོང་བས་ནད་དེར་གྷི་རིསི་(Greece 希腊)སྐད་ཏུ་ཁཱར་ཁེན་ནོའོ་(karkinos)ཞེས་ཐོག་མར་བཏགས་པ་དང་།ཕྱིས་སུ་རིམ་གྱིས་ལཱ་ཏིན་སྐད་(Latin拉丁语)དུ་ཀན་སར་ཞེས་བསྒྱུར་བ་དབྱིན་སྐད་དུའང་ཐ་སྙད་དེ་ཁྱབ་སྟེ་ཀན་སར་ཞེས་གྲགས།གྷི་རིསི་མཁས་དབང་གཱ་ལེན་(Galen 盖伦)ཁོོང་ནི་བོད་ལུགས་གསོ་རིག་དང་འབྲེལ་བའི་植物制剂药(Galenic medicine)་སྨན་ལུགས་ཀྱི་ཐོག་མའི་སྲོལ་གཏོད་མཁན་ཡང་རེད།དུས་རབས་གཉིས་པའི་སྐབས་སུ་ཀན་སར་གསོ་བཅོས་བྱེད་ཚུལ་གཙོ་བོ་ནི་བོད་སྨན་ལས་ལྔ་སྐྱུགས་ལྟར་སྐྱུགས་པའི་དཔྱད་ཐབས་(emesis 催眠药)ཞེས་པ་དེ་ཡིན་མོད།དེང་སང་ཀན་སར་ལ་སྐྱུགས་པའི་དཔྱད་ཐབས་(emesis 催眠药)སྐོར་གང་ཡང་བེད་སྤྱོད་གཏོང་གི་ཡོད་མ་རེད།

 

དུས་རབས་བཅོ་བརྒྱད་པའི་སྐབས་སུ་མི་རྣམས་ལ་ཀན་སར་གྱི་འགྱུར་ཚུལ་ཅུང་ཙམ་ཇེ་གསལ་དུ་གྱུར།(3) རྒྱུ་མཚན་ནི་ཕྲ་མཐོང་ཆེ་ཤེལ་(microscope显微镜)གསར་བཏོད་དང་དེ་བེད་སྤྱོད་བྱས་པའི་དབང་གིས་སྨན་རིག་ཞིབ་འཇུག་པ་རྣམས་ཀྱིས་ཀན་སར་སྐྱེས་ཚུལ་གྱི་གོ་རིམ་རྣམས་མཐོང་།ཐོག་མར་རྒྱུན་ལྡན་གྱི་ཕྲ་ཕུང་ལ་ཀན་སར་གྱི་བྱེད་ནུས་བྱེ་བྲག་པ་ཐོབ་དུས་ཕྲ་ཕུང་དེ་ཀན་སར་ཕྲ་ཕུང་གི་ངོ་བོར་འགྱུར།དེ་ནས་ཀན་སར་ཕྲ་ཕུང་དེས་ཁོ་རང་ཉིད་དང་འདྲ་བའི་ཀན་སར་ཕྲ་ཕུང་གཞན་བསྐྱེད་པར་བྱེད་པ་དང་དེ་དག་མགྱོོགས་མྱུར་ངང་རྒྱས་ཏེ་ཀན་སར་ཕྲ་ཕུང་གི་ཚོགས་སུ་འགྱུར།དེེ་ནས་དེའི་ཀན་སར་གྱི་བྱེད་ནུས་རྨེན་བུ་དང་ལུས་ཀྱི་གནས་གཞན་པར་ཁྱབ་པར་འགྱུར།  ཀན་སར་ཕྲ་ཕུང་གི་ཚོགས་རྨེན་བུ་དང་ལུས་ཀྱི་གནས་གཞན་པར་ཁྱབ་པ་ལ་སྨན་དཔྱད་མཁས་པ་ཚོས་སྤོར་འགྱུར་གྱི་གོ་རིམ་ཞེས་(metastasis 转移(2))་འབོད།  དེའི་རྗེས་སུ་སྨན་རིགས་ཞིབ་འཇུག་པ་ཚོས་ཁྱིམ་བྱའི་ཤ་གྲིམ་ལས་ཕྲ་ཕུང་འགའ་ཞིག་ཚུར་བཏོན་ནས་བརྟག་བཤེར་ཤེལ་ལྡེར་ནང་དུ་(petri dish培养皿)་བཞག་སྟེ་Rous sarcoma virus(劳斯肉瘤病毒)་ཟེར་བའི་སྲིན་བུ་ཞིག་ཁབ་ཀྱིས་བཙུགས་ནས་་བརྟག་བཤེར་ཤེལ་ལྡེར་ནང་དུ་ཡོད་པའི་ཕྲ་ཕུང་དེ་ཚོའི་ནང་དུ་བླུགས་པས་ཕྲ་ཕུང་དེ་ཚོ་རིམ་གྱིས་ཀན་སར་གྱི་ངོ་བོར་འགྱུར་བ་རྟོགས། ཁོང་ཚོས་ཀན་སར་ནི་ཕྲ་ཕུང་གི་རང་ཚོད་མ་ཟིན་པའི་འཕེལ་རྒྱས་སམ་ངོ་བོ་འཁྲུགས་པ་ལས་བྱུང་བའི་ནད་ཅིག་ཡིན་པ་ཤེས་ལ།འདི་ནི་ཕྱི་ལུགས་གསོ་རིག་གིས་ཀན་སར་ཞེས་པའི་ནད་དེའི་ངོས་འཛིན་གྱི་རྩ་དོན་ལྟ་བུ་ཆགས་ཡོད།

 

དེང་སང་ཀན་སར་ནི་ཕྱི་ལུགས་གསོ་རིག་ལ་ཞིབ་འཇུག་བྱེད་ཡུལ་གལ་ཆེན་ཞིག་ཆགས་ཡོད་པ་དང་།(1) ཀན་སར་ལ་གནས་དང་རིགས་ཀྱི་ནང་གསེས་མང་པོ་དབྱེར་ཡོད། ཀན་སར་གྱི་རིགས་ཚང་མར་ཐུན་མོང་གི་འགྱུར་ཚུལ་གཅིག་ཡོད་པ་ནི།  ལུས་གང་ལ་གནས་པའི་ཕྲ་ཕུང་དེར་རྒྱུན་ལྡན་མ་ཡིན་པའི་འཕེལ་རྒྱས་ཀྱི་བྱེད་ནུས་བྱུང་སྟེ་ཕྲ་ཕུང་གི་འཕེལ་ཤུགས་ལ་ཚད་བཀག་མི་ནུས་པར་འགྱུར།དེའི་རྗེས་ཀྱི་རིམ་པ་གཉིས་པའི་སྐབས་སུ་ཐོག་མའི་ཀན་སར་ཕྲ་ཕུང་ལ་ཀན་སར་ཕྲ་ཕུང་གཞན་སྐྱེ་བའི་བྱེད་ནུས་དང་ལྡན་པར་གྱུར་བ་དང་དེ་ནས་ལུས་ཀྱི་གནས་གཞན་པར་ཁྱབ་པ་དང་བཙན་འཛུལ་བྱེད་པའི་བྱེད་ནུས་བསྐྱེད།སྤྱིར་ཀན་སར་ནི་ཚུལ་མིན་ཕུང་གསར་(neoplasms 肿瘤)གྱི་བྱེ་བྲག་ཞིག་ཏུ་བརྩིས་ཆོགཚུལ་མིན་ཕུང་གསར་(neoplasms肿瘤)་ཟེར་བ་ནི་ལུས་ཀྱི་གནས་གང་རུང་དུ་ཕུང་གྲུབ་རྒྱུན་ལྡན་མ་ཡིན་པ་གསར་པ་སྐྱེས་པའི་དོན་ཡིན།དེ་ཡང་ཕུང་གྲུབ་དེར་རྒྱུན་ལྡན་མ་ཡིན་པའི་འཕེལ་བསྐྱེད་བྱུང་སྟེ་ཚད་བཀག་མི་ནུས་པར་གྱུར་ཏེ་ལུས་ཕྱི་ནང་གཉིས་སུ་གཟུགས་དབྱིབས་རྡོག་རྡོག་ཅན་གྱི་ནད་རིགས་བསྐྱེད་པ་དང་། ཡང་ན་ཟུངས་ཁྲག་གི་ནང་དུ་ཀན་སར་ཕྲ་ཕུང་མང་པོ་བྱུང་ནས་ནད་ཁྲག་བསྐྱེད་པ།ལུས་ཀྱི་ཆུ་ཁམས་སུ་ཕྲ་ཕུང་མང་དྲགས་ནས་ནད་རིགས་གཞན་པ་བསྐྱེད་པ་སོགས་བྱེད།

 

ཀན་སར་གྱི་རིགས་ཚང་མར་ཐུན་མོང་གི་ཁྱད་ཆོས་རྣམ་པ་དྲུག་ཡོད་དེ།

 

༡༽ཀན་སར་ཕྲ་ཕུང་རེ་རེར་རང་སྟོབས་ཀྱིས་རང་ནུས་འཕེལ་བྱེད་ཀྱི་བྱེད་ནུས་དང་ལྡན་པ།(3)

 

(Self-sufficiency in growth signaling  自给自足生长信号)

 

༢༽ཀན་སར་ཕྲ་ཕུང་གིས་གཟུགས་པོའི་ཚོད་འཛིན་བརྡ་རྫས་ཀྱི་བཀོད་མངགས་ལ་མི་བསྟུན་པར་རང་ཉིད་ཚད་མེད་དུ་འཕེལ་བསྐྱེད་བྱེད་པ།

 

(Insensitivity to anti-growth signals  不敏感的抗生长信号)

 

༣༽ཀན་སར་ཕྲ་ཕུང་ལ་འཆི་བྲལ་གྱི་བྱེད་ནུས་ཐོབ་པས་རྒྱུན་ལྡན་གྱི་ཕྲ་ཕུང་ལྟར་རྒྱུན་ལྡན་དུ་འཆི་བར་འགྲོ་བ་མི་བྱེད།

 

(Evasion of apoptosis 细胞凋亡的逃税)

 

༤༽ཀན་སར་ཕྲ་ཕུང་རེ་རེར་སོ་སོ་དང་ངོ་བོ་འདྲ་བའི་ཕྲ་ཕུང་གཞན་གྲངས་མེད་བཟོ་བའི་བྱེད་ནུས་ཡོད་པ།

 

(Enabling of a limitless replicative potential 启用的无限复制的潜力)

 

༥༽ཀན་སར་ཕུང་གྲུབ་ལ་ཁྲག་རྩའི་གཡས་གཡོན་ནས་ཡན་ལག་གི་རྩ་གསར་བ་བཟོ་བ་དང་དེར་དབང་འཛིན་བྱེད་པའི་ནུས་པ་ཡོད་པ།

 

(Induction and sustainment of angiogenesis 诱导血管生成的维持)

 

༦༽ཀན་སར་ཕྲ་ཕུང་དེ་ཐོག་མའི་གནས་ནས་ལུས་ཀྱི་གནས་གཞན་པ་རྨེན་བུ་སོགས་ཀྱི་སྟེང་མྱུར་དུ་སྤོར་སྒྱུར་དང་ཁྱབ་བསྐྱོད་བྱེད་ནུས་པ་མ་ཟད་རྒྱུན་ལྡན་གྱི་ཕྲ་ཕུང་ཚོགས་སྡེ་ལ་བཙན་འཛུལ་དང་གནོད་སྐྱོན་བཟོ་ངེས་པ་བཅས་སོ།

 

​(Activation of metastasis and invasion of tissue 转移激活和侵袭组织)

 

གཅིག  ཀན་སར་གྱི་རྒྱུ་རྐྱེན།

 

ཀན་སར་གྱི་རྒྱུ་གཙོ་བོ་ནི་ཕྲ་ཕུང་གིས་རང་ཉིད་ཀྱི་སྐྱེ་འགག་གནས་གསུམ་ལ་སྟངས་འཛིན་བྱེད་པའི་ནུས་པ་པོར་ནས་ཚད་མེད་དུ་འཕེལ་བ་ལ་དེ་ཡིན།དེ་ཡང་ཐོག་མར་རྒྱུན་ལྡན་གྱི་ཕྲ་ཕུང་ལ་ཀན་སར་བསྐྱེད་རྫས་(carcinogen致癌物)་འཛུལ་ནས་ཕྲ་ཕུང་གི་རིགས་རྫས་གྲུབ་ཆ་(DNA 脱氧核糖核酸)་ལ་ཐོལ་འགྱུར་(mutation突变)་སྐྱེད།དེ་ནས་ཕྲ་ཕུང་དེ་དག་ཀན་སར་གྱི་ངོ་བོར་འགྱུར།

 

ཀན་སར་གྲུབ་བྱེད་ཀྱི་རྐྱེན་མང་པོ་ཡོད་པ་ལས་གཙོ་བོ་ནི་ཟས་རིགས་དང་འཁོར་ཡུགལུས་ངག་ཡིད་གསུམ་གྱི་སྤྱོད་ལམ།སྲིན་བུ་དང་གཞན་རིགས་རྒྱུད་ལའང་འབྲེལ་བ་ཆེན་པོ་ཡོད།རྐྱེན་འདི་དག་ལ་ཀན་སར་བསྐྱེད་རྫས་(carcinogen致癌物)་ཟེར་བ་ཞིག་ཡོད་པ་དང་།  ཀན་སར་བསྐྱེད་རྫས་(carcinogen致癌物)་དེ་ཕྲ་ཕུང་ལ་འཛུལ་དུས་ཕྲ་ཕུང་གི་རིགས་རྫས་གྲུབ་ཆ་(DNA 脱氧核糖核酸)་ལ་ཐོལ་འགྱུར་(mutation突变)་ཟེར་བ་ཞིག་འབྱུང་ངེས་ལ།ཐོལ་འགྱུར་དེའི་དབང་གིས་ཕྲ་ཕུང་དེ་ལ་ངོ་བོ་དང་ནུས་པ་གསར་པ་བསྐྱེད་པར་བྱེད་དེ་ཕྲ་ཕུང་དེ་ཉིད་འཆི་མེད་ཀྱི་ངོ་བོར་བསྐྲུན།ནུས་པ་གསར་པ་དེས་ཕྲ་ཕུང་ལ་རྒྱུན་ལྡན་མ་ཡིན་པའི་འཕེལ་ནུས་བསྐྲུན་ཏེ་ཕྲ་ཕུང་གི་འཕེལ་རྒྱས་ལ་ཚད་བཀག་བྱེད་མི་ཐུབ་པར་འགྱུར།དེ་ནས་ལུས་ཀྱི་གནས་གཞན་དང་རྒྱུན་ལྡན་གྱི་ཕྲ་ཕུང་གི་ཚོགས་གཞན་ལ་ཁྱབ་པའམ་བཙན་འཛུལ་བྱེད་མགོ་རྩོམ།གནས་སྟངས་འགར་ཕྱི་རྐྱེན་སྣ་ཚོགས་དབང་གིས་ཕྲ་ཕུང་གི་རིགས་རྫས་གྲུབ་ཆ་(DNA 脱氧核糖核酸)ལ་ཐོལ་འགྱུར་མི་འོང་པའང་སྲིད་ལ།མཚམས་རེར་ཕྲ་ཕུང་གི་རིགས་རྫས་གྲུབ་ཆ་(DNA 脱氧核糖核酸)་ལ་ཐོལ་འགྱུར་བྱུང་ཀྱང་ཕྲ་ཕུང་དེ་ཀན་སར་གྱི་ངོ་བོར་མི་འགྱུར་བའང་སྲིད།སེམས་ངལ་མང་བ་དང་རླུང་འཕེལ་བ་ལ་སོགས་དགག་ཕྱོགས་ཀྱི་རྐྱེན་མང་པོ་དང་ལྷན་ཅིག་ཏུ་འཕྲད་སྐབས་ཕྲ་ཕུང་ཕལ་ཆེ་བའི་རིགས་རྫས་གྲུབ་ཆར་ཐོལ་འགྱུར་འབྱུང་ངེས།དགག་ཕྱོགས་ཀྱི་ལྷན་ཅིག་བྱེད་རྐྱེན་དེ་དག་དང་ཕྲ་ཕུང་གི་རིགས་རྫས་གྲུབ་ཆ་(DNA 脱氧核糖核酸)ལ་གནས་པའི་ཐོལ་འགྱུར་ལ་བརྟེན་ནས་ཀན་སར་གྱི་ནུས་པ་སྐྱེ་བར་བྱེད་དོ།

 

གཉིས།  ཟས་རིགས་ཀྱི་རྐྱེན།

 

ཀན་སར་གྱི་ཟས་རྐྱེན་ནམ་ཀན་སར་སྐྱེ་བའི་རྫས་དང་ལྡན་པའི་ཟས་རིགས་ནི།ཤ་མོའི་རིགས་ལ་གཡེར་མ་དང་པི་པི་ལིང་།ན་ལེ་ཤམ།芹菜(celery)།大黄(rhubarb)།可可(cocoa)།咖啡(coffee)།苜蓿(alfalfa)།ཡུངས་དཀར།གླང་ཤ་དང་ཕག་ཤ།མེར་བསྲེགས་པའི་ཟས་ལ་སོགས་པ་རེད།  ཟས་རིགས་འདི་དག་ལས་ཕལ་ཆེར་བར་ཀན་སར་བསྐྱེད་རྫས་ཡོད་པ་དེ་ཚན་རིག་པས་བཤད་བཞིན་ཡོད།ཟས་རིགས་འདི་དག་གི་གྲུབ་རྫས་དེ་ཙི་གུའི་ཤ་གྲིམ་ལ་བཞག་ན་ཤ་ཡི་ཕྲ་ཕུང་དེ་ཀན་སར་ཕྲ་ཕུང་གི་ངོ་བོར་འགྱུར། ཉེས་སྐྱོན་ལྡན་པའི་སྔོ་ཚལ་རིགས་ནི་ཉེས་སྐྱོན་མི་ལྡན་པའི་སྔོ་ཚལ་རིགས་ལས་ཀན་སར་སྐྱེད་བྱེད་ཀྱི་ནུས་པ་ལྡབ་༡༠༠་ཡི་ཆེ་བར་བཤད།(3)

 

ཀན་སར་བསྐྱེད་རྫས་དང་ལྡན་པའི་ཟས་རིགས་གཞན་ཟུར་བཀོད་གཉིས་པར་གཟིགས་རོགས།

 

གསུམ།  སྤྱོད་ལམ་གྱི་རྐྱེན།

 

སྤྱོད་ལམ་གྱི་རྐྱེན་ནི་ཐ་མག་དང་ཆང་རག་ཚོད་མེད་རོལ་བ།ལུས་རྩལ་སྦྱོང་བརྡར་ཉུང་དྲགས་པ།ལུས་ཤ་རྒྱགས་དྲགས་པ་སོགས་ཡིན།ཐ་མག་དང་ཆང་རག་གི་ནང་དུ་ཡོད་པའི་ཀན་སར་བསྐྱེད་རྫས་དེས་ཐད་ཀར་གློ་བ་དང་མཆིན་པའི་སྟེང་གི་ཕྲ་ཕུང་གི་རིགས་རྫས་གྲུབ་ཆ་(DNA 脱氧核糖核酸)ལ་ཐོལ་འགྱུར་གྱི་ཤུགས་རྐྱེན་ཐེབས་པར་བྱེད་ནུས།ཕྲ་ཕུང་གི་རིགས་རྫས་གྲུབ་ཆ་(DNA 脱氧核糖核酸)ལ་ཐོལ་འགྱུར་བྱུང་བ་དེའི་དབང་གིས་ཕྲ་ཕུང་ཀན་སར་གྱི་ངོ་བོར་འགྱུར་རོ།།

 

བཞི། སྲིན་བུ་རྐྱེན།

 

སྲིན་བུའི་རྐྱེན་ལ་མཆིན་ནད་ལྡེམ་བུ་B་དང་C་བསྐྱེད་པའི་སྲིན་བུ་དང་།གཞན་མཛེར་བསྐྱེད་ཕྲ་སྲིན་(人乳头瘤病毒human papillomavirus)་།  劳斯肉瘤病毒(Rous sarcoma virus)་ལ་སོགས་པ་ཀན་སར་སྐྱེ་བའི་སྲིན་བུ་བརྒྱ་ལྷག་ཙམ་ཡོད།སྲིན་བུ་དེ་ཉིད་ཀྱིས་རྒྱུན་ལྡན་ཕྲ་ཕུང་འཛུལ་ཏེ་ཀན་སར་ཕྲ་ཕུང་གི་ངོ་བོར་འགྱུར་ཡོད་པས་སྲིན་བུ་དེ་དག་ལུས་ཀྱི་གནས་གང་དུ་ཁྱབ་ཀྱང་དེ་གར་ཀན་སར་འབྱུང་བར་བྱེད།

 

ལྔ། ཁོར་ཡུག་གི་རྐྱེན།

 

འཁོར་ཡུག་གི་རྐྱེན་ནི་སྤྱོད་ལམ་གྱི་རྐྱེན་ལྟར་ཕྲ་ཕུང་གི་རིགས་རྫས་གྲུབ་ཆ་ལ་ཐོལ་འགྱུར་བྱུང་བ་ཞིག་སྟེ།དེ་ཡང་དུ་བ་རླུང་གི་རྫི་དང་འགོམས་པ་ས་ཡི་རླངས།རེག་པ་སྣུམ་གྱི་རྟ།མཐོང་བ་ཉི་མའི་ཟེར་ཞེས་པ་ལྟར་རྐྱེན་འདི་དག་ལ་ཀན་སར་སྐྱེ་བའི་རྫས་དང་ལྡན་པས་དེ་དག་གིས་ལུས་ལ་གནས་པའི་ཕྲ་ཕུང་འགའ་ཞིག་གི་རིགས་རྫས་གྲུབ་ཆ་ལ་ཐོལ་འགྱུར་བསྐྱེད་ནུས།  གཞན་དྲོ་གྲང་ཧ་ཅང་མི་སྙོམས་པ་དང་ལུས་སེམས་ལ་དཀའ་ངལ་མང་པོ་འཕྲད་པའི་འཁོར་ཡུག་ཏུའང་ལུས་ལ་གནས་པའི་ཕྲ་ཕུང་གི་རིགས་རྫས་གྲུབ་ཆ་ཐོལ་འགྱུར་བྱུང་སླ་བས་ཕྲ་ཕུང་དེ་དག་ཀན་སར་གྱི་ངོ་བོར་སྐྱེད་ནུས།  གོང་གི་འཁོར་ཡུག་གི་རྐྱེན་འདི་དག་ལས་རྐྱེན་གཙོ་བོ་ནི་དུག་རྫས་ཀྱི་རིགས་རེད།  དུག་རྫས་དང་ལྡན་པའི་མེ་དུ་དང་སྙིགས་ཆུ།མཁའ་རླུང་དང་ཟེར་འོད་(ionizing radiation 电离辐射)་སོགས་སུ་ཀན་སར་སྐྱེད་བྱེད་ཀྱི་རྫས་དེ་ཡོད་པས་རྐྱེན་འདི་དག་ལ་ངེས་པར་དུ་གཟབ་དགོས།  ཀན་སར་སྐྱེད་བྱེད་ཀྱི་དུག་རྫས་རིགས་མང་པོ་ཡོད་པ་ལས་གཙོ་ཆེ་ཤོས་རྣམས་གཤམ་གྱི་རེའུ་མིག་ཏུ་ཟུར་བཀོད་བྱས་ཡོད་པ་དེར་གཟིགས།

 

རེའུ་མིག་དང་པོ།  འཁོར་ཡུག་གི་རྐྱེན་ལས་དུག་རྫས་ཀྱིས་ཀན་སར་སྐྱེད་པར་བྱེད་པ་དང་དེ་གང་དུ་སྐྱེས་སའི་ལུས་གནས་དང་རིགས།

 

 

ཀན་སར་གྱི་གནས་སམ་རིགས།     རྫས་སམ་འཁོར་ཡུག་གི་རྐྱེན་གཙོ་བོ།

གསང་གྲོའི་ཀན་སར།      དུད་ཁུང་ནས་ཐོན་པའི་དུ་བ།(Chimney smoke)

མཆིན་པའི་རྩ་ཀན་སར།   氯乙烯 (Vinyl chloride)

ཁྲག་དཀར་ཀན་སར་གློ་བུར་ཅན། 急性白血病 (Acute leukemias)         苯 (Benzene)

སྣའི་ཀན་སར།    ཁྲག་པོའི་ཤིང་རིགས་ཀྱི་རྡུལ་བ།(Hardwood dust)

རུས་པའི་ཀན་སར།        镭 (Radium)

ལྤགས་པའི་ཀན་སར།      砷 (Arsenic)

དོན་སྣོད་དབུས་སྐྱི་ཀན་སར། 间皮瘤(Mesothelioma)   རྡོ་བལ། 石棉 (Asbestos)

མོ་མཚན་གྱི་ཀན་སར།     己烯雌酚(Diethylstilbestrol)

ཁ་ཡི་ཀན་སར།   烟草浸渍 (Moist snuff dipping tobacco)

དྲུག རིགས་རྒྱུད་ཀྱི་རྐྱེན།

 

རིགས་རྒྱུད་ལས་བྱུང་བའི་ཀན་སར་ཟེར་བ་ནི།ཡང་གི་མེས་པོ་གང་རུང་གི་རིགས་རྫས་གྲུབ་ཆར་ཀན་སར་བསྐྱེད་པའི་གྲུབ་ཆ་ཡོད་ཚེ།གྲུབ་ཆ་དེ་ཉིད་མི་རབས་ཕྱི་མར་བརྒྱུད་སྤེལ་བྱས་ནས་ཀན་སར་ནད་འབྱུང་བར་གོ་བ་ཡིན།རིགས་རྒྱུད་ཀྱི་རྐྱེན་པས་ཀན་སར་འབྱུང་བའི་ཉེན་ཁ་ཧ་ཅང་ཆེ་མོད།ཀན་སར་འབྱུང་ངེས་པ་ནི་མ་ཡིན་མོད།འོན་ཀྱང་རིགས་རྒྱུད་ཀྱི་རྐྱེན་དང་འཁོར་ཡུག་གི་རྐྱེན།གཞན་ཟས་རིགས་ཀྱི་རྐྱེན་སོགས་ལྷན་དུ་འཛོམས་ཚེ་ཀན་སར་སྐྱེད་པའི་ཉེན་ཁ་ཧ་ཅང་ཆེ་བར་འགྱུར།

 

ཀན་སར་སྐྱེད་བྱེད་ཀྱི་རྐྱེན་ཟས་སྤྱོད་དང་འཁོར་ཡུགསྲིན་བུ།རིགས་རྒྱུད་སོགས་ལའང་ཀན་སར་བསྐྱེད་པའི་ནུས་པ་མི་འདྲ་བ་ཡོད་པ་དང་།  དེ་དག་གིས་རྐྱེན་པས་ཀན་སར་བྱུང་བའི་གནས་དང་རིགས་ལའང་ཁྱད་པར་ཆེན་པོ་ཡོད།  སྐབས་འགར་རྐྱེན་དེ་དག་ལས་རྐྱེན་གཅིག་གམ་གཉིས་ཚོགས་ནའང་ཀན་སར་མི་སྐྱེ་བ་སྲིད་ལ།དེ་ནི་རྐྱེན་གྱི་ཤུགས་ཆེ་ཆུང་དང་།མང་ཉུང་།ཡང་ན་རྐྱེན་ངན་གྱི་ནུས་པ་རྣམས་ཇི་ལྟར་ངན་ཕྱོགས་གཅིག་ཏུ་འཛོམས་མིན་ལ་རག་ལས་ཡོད།(3)

 

བདུན། ཀན་སར་གྱི་འགྱུར་ཚུལ།

 

ཀན་སར་གྱི་འགྱུར་ཚུལ་ནི་གོ་རིམ་དང་ལྡན་པ་ཞིག་རེད།གོ་རིམ་དེ་ནི་རྒྱུན་ལྡན་གྱི་ཕྲ་ཕུང་ལ་ཀན་སར་བསྐྱེད་རྫས་(carcinogen致癌物)་འཛུལ་ནས་ཕྲ་ཕུང་གི་རིགས་རྫས་གྲུབ་ཆ་(DNA 脱氧核糖核酸)་ལ་ཐོལ་འགྱུར་(mutation突变)་སྐྱེད།ཐོལ་འགྱུར་བྱུང་བ་དང་ཕྲ་ཕུང་དེར་རྒྱུན་ལྡན་མ་ཡིན་པའི་འཕེལ་རྒྱས་ཀྱི་ནུས་པ་སྐྱེས་ཏེ་ཕྲ་ཕུང་གི་འཕེལ་སྐྱེད་ལ་ཚད་བཀག་དང་ཚོད་འཛིན་མི་ནུས་པར་འགྱུར།བར་དུ་རྒྱུན་ལྡན་མ་ཡིན་པའི་ཀན་སར་ཕྲ་ཕུང་དེ་དག་རྡོག་རྡོག་སྐྲན་ནམ་ཕྲ་ཕུང་ཚོ་ཁག་ཆགས།དེའི་རྗེས་སུ་ཀན་སར་གྱི་རིམ་པ་གསུམ་པ་ཆགས་ན་ཐོག་མའི་ཀན་སར་གྱི་ཕྲ་ཕུང་ལས་ཀན་སར་སྐྱེ་བའི་ནུས་པ་ལུས་ཀྱི་གནས་གཞན་པར་ཁྱབ་པ་དང་བཙན་འཛུལ་བྱེད་པའི་ནུས་པ་བསྐྱེད།ལུས་ཀྱི་གནས་གཞན་པ་དང་རྨེན་བུར་ཁྱབ་པའི་ནུས་པ་(malignant恶性)དེ་ལ་སྟངས་འཛིན་དཀའ་བའི་ཀན་སར་དུ་འབོད།ཐོལ་འགྱུར་འབྱུང་བའི་རྒྱུ་རྐྱེན་སྣ་ཚོགས་ཡོད་མོད།སྐབས་རེར་ཐོལ་འགྱུར་གྱི་རྒྱུ་རྐྱེན་མེད་ནའང་ཕྲ་ཕུང་དེ་རང་བཞིན་གྱིས་ཀན་སར་གྱི་ངོ་བོར་འགྱུར་པའང་ཡོད།  དེ་མ་ཟད་ཀན་སར་རིགས་འགའ་ཞིག་རྐྱེན་གཅིག་གམ་གཉིས་མ་གཏོགས་འཛོམས་མེད་ནའང་ཀན་སར་སྐྱེ་སླ་བ་དེ་འདྲའང་ཡོང་སྲིད།ཀན་སར་རིགས་གཞན་པ་ནི་རྐྱེན་མང་པོ་མ་འཛོམས་པར་མི་སྐྱེད།

 

བརྒྱད། ཀན་སར་གྱི་གནས་དང་རིགས།

 

ཕྱི་ལུགས་གསོ་རིག་གིས་ད་ལྟའི་བར་ཀན་སར་རིགས་༡༠༠་ལྷག་ཙམ་ངོས་ཟིན་ཡོད།

 

དགུ ཀན་སར་གྱི་ན་ལུགས་དང་ནད་རྟགས།

 

སྤྱིར་ཀན་སར་གྱི་ནད་རྟགས་ནི་ལུས་ལ་རྡོག་རྡོག་གི་ཆ་ཤས་གསར་པ་སྐྲན་ལྟར།རྒྱུན་ལྡན་མ་ཡིན་པའི་ཁྲག་འཛག་པ།ཡུན་རིང་པོར་གློ་ལུ་བ།དབུགས་འཚིངས་པ།ཤ་སྐམ་པ།ལུས་ཐང་ཆད་པ།བཙོག་གཅིན་རྒྱུན་ལྡན་བཞིན་མི་འབབ་པ་ལ་སོགས་པ་རེད།

 

ཕྱི་ལུགས་གསོ་རིག་གི་ཀན་སར་རིགས་སོ་སོར་བྱེ་བྲག་གི་ནད་རྟགས་མང་པོ་ཡོད་ཀྱང་སྐབས་དོན་གྱི་དབང་གིས་འདིར་བརྗོད་པར་མི་བྱ།

 

བཅུ། ངོས་འཛིན་རྟགས།

 

ཕྱི་ལུགས་གསོ་རིག་གིས་ཀན་སར་ལ་བརྟག་ཐབས་གཙོ་བོ་ནི།གཟུགས་པོའི་ནང་གི་ཁྲག་དང་ཆུ་སེར་སོགས་ཀྱི་རྡུལ་ཕྲན་ལ་བརྟགས་ནས་ཀན་སར་ཡོད་མེད་ལ་བལྟ་བ།CTགློག་པར་སྟེ་ལུས་ལ་འདྲ་པར་རྒྱག་པ།ཀན་སར་ཡོད་པར་དོགས་པའི་ལུས་གནས་ལས་ཕྲ་ཕུང་ངམ་ཤ་གྲིམ་ཅུང་ཙམ་བཀོག་ཏེེ་གསོན་བཤེར་(biopsy 活检)བྱེད་པ་སོགས་རེེད།བརྟགས་ཐབས་དེ་དག་གིས་ཀན་སར་ཡོད་མེད་གཏན་འབེབ་བྱེད་ཚུལ་གཙོ་བོ་ནི་ཕྲ་ཕུང་གི་གནས་ལུགས་རེད།གལ་ཏེ་ཕྲ་ཕུང་གི་གནས་ལུགས་དེ་ཀན་སར་གྱི་ངོ་བོར་གྲུབ་ཡོད་ཚེ་ལུས་གནས་དེར་ཀན་སར་ཡོད་པར་ངོས་འཛིན་བྱེད་ཆོགསྐབས་རེར་ཀན་སར་གྱི་སྐྲན་རིགས་(tumor་肿瘤)་འགའ་ཞིག་གིས་ཁྲག་པྲ་དང་།གཅིན་པྲཤ་པྲ་ལ་སོགས་པ་སྐྱེད་པར་བྱེད་ཀྱི་ཡོད་པས་པྲ་དེ་དག་(tumor markers肿瘤标志物)་ལ་བརྟག་ནས་ཀན་སར་ངོས་འཛིན་དང་གཏན་འབེབ་བྱེད་སྲོལ་ཞིག་ཀྱང་ཡོད།

 

གཉིས་པ། ཀན་སར་དང་བོད་ལུགས་གསོ་རིག་གི་རྨ་རིགས།

 

བོད་ལུགས་གསོ་རིག་ནང་གི་འབྲས་ནད་ཟེར་བ་ནི་རྨ་ཡི་དབྱེ་བའི་ནང་ནས་ལྷན་སྐྱེས་རྨ་ཡི་ཁོངས་སུ་གཏོགས། རྨ་ཡི་ངོ་བོ་དང་ངེས་ཚིག་ནི་༼དཔལ་ལྡན་རྒྱུད་བཞི་མན་ངག་རྒྱུད་མཚོན་རྨ་གསོ་བའི་སྐབས་ལས།(4)༽འཛག་པ་དྲི་ངན་ཚོར་བ་སྡུག་བསྔལ་བཅས།།ལུས་ལས་འཕྲལ་དུ་ཉམས་ཤིང་རྨ་བ་ལ།།པགས་པ་ཤ་གདན་རལ་ཕྱིར་རྨ་ཞེས་བྱ།།    ​​​​​​​ཞེས་གསུངས་པ་ལྟར། རྨ་ལ་ཁྱད་ཆོས་གསུམ་ཡོད་དེ།

 

༡༽ཁྲག་རྣག་ཆུ་སེར་སོགས་འཛག་པའི་རང་བཞིན་ཅན་དང་། ༢༽དྲི་ང་བ་སྟེ་དྲི་མི་ཞིམ་པའི་ང་བ་བྲོ་བ། ༣༽ཚོར་བ་སྡུག་བསྔལ་དྲག་པོ་དང་བཅས་ཡོད།

 

ལུས་བསྣད་པ་ལས་འཕྲལ་དུ་ཉམས་ཤིང་རྨ་བར་གྱུར་པའི་ངོ་བོ་གང་ཞིག་ལ་ཕྱི་པགས་པ་དང་།ནང་ཤ་གདན་སོགས་རལ་བའི་རྒྱུ་མཚན་གྱི་ཕྱིར་ན་རྨ་ཞེས་བྱ།(3)

 

སྤྱིར་རྨ་ལ་རྩ་བའི་དབྱེ་བ་གཉིས་ཡོད་དེ།དེ་ནི་ལྷན་སྐྱེས་རྨ་དང་གློ་བུར་རྨ་གཉིས། ལྷན་སྐྱེས་རྨ་ནི་ལུས་ལ་ལྷན་སྐྱེས་སུ་གནས་པའི་ཉེས་པ་རླུང་མཁྲིས་བད་ཀན་གསུམ་རྒྱུ་བྱས་ཏེ་ཟས་སྤྱོད་མི་འཕྲོད་པ་དང་གདོན་སོགས་ཀྱིས་བསྐྱེད་པའི་ནད་གང་ཞིགངོ་བོ་སྤྱིར་འཛག་པ་དང་།དྲི་ང་བ།ཚོར་བ་སྡུག་བསྔལ་དང་བཅས་པའི་ནད་རིགས་ཤིག་ཡིན།

 

དེ་ཡང་༼མན་ངག་རྒྱུད་ཀྱི་འགྲེལ་པ་བདེ་བའི་འདོད་འཇོ་ལས།(5)༽བརྟན་གཡོའི་མཚོན་གྱིས་གནོད་མེད་ཀྱང་།།ལས་དང་ཟས་སྤྱོད་གདོན་གྱིས་བསྐྱེད།།རྨ་དང་འདྲ་བ་ལྷན་སྐྱེས་རྨ།།འདི་ཡི་རྟགས་གསོ་ཤེས་པ་ཉུང་།།​​​​ཞེས་གསུངས་པ་བཞིན་བོད་ལུགས་གསོ་རིག་གི་ལྷན་སྐྱེས་རྨ་འདི་དང་ཕྱི་ལུགས་གསོ་རིག་གི་ཀན་སར་འབོད་པའི་ནད་རིགས་འདི་གཉིས་ཀྱི་རྒྱུ་རྐྱེན་དང་བྱུང་རིམ་ལ་འདྲ་ས་མང་པོ་ཡོད།དང་པོ་ཀན་སར་ལ་མཚོན་ན་ཐོག་མར་ཕྲ་ཕུང་ནང་ལ་ཐོལ་འགྱུར་(mutation突变)བྱུང་དགོས།ཐོལ་འགྱུར་དེ་ཡང་རྒྱུ་རྐྱེན་གྱིས་བྱུང་བའམ་ཡང་ན་ལྷན་སྐྱེས་ཀྱི་རང་བཞིན་ཅན་ཏེ།ཀན་སར་རིགས་འགའ་ཤས་ཐོག་མར་རྨ་ཡི་ངོ་བོ་ནས་འཕེལ་ཏེ་རིམ་བཞིན་དེའི་ཕྲ་ཕུང་ཀན་སར་གྱི་ངོ་བོར་འགྱུར་བ་དང་ཀན་སར་ཕྲ་ཕུང་གི་འཆི་མེད་ནུས་པས་ཕྲ་ཕུང་གཞན་ནམ་ཡང་ན་ཕྲ་ཕུང་དེ་ཁྱབ་སའི་ལུས་གནས་འགའ་རུལ་བར་བྱེད་དུས་དྲི་ང་བ་སྟེ་དྲི་མ་ངན་པའི་རིགས་བསྐྱེད་ལ།ཚོར་བའི་ཆ་ནས་སྡུག་བསྔལ་དྲག་པོ་སྐྱེད་པར་བྱེད་པ་འདི་རྨ་ཡི་མཚན་ཉིད་ཟུར་དུ་འཛག་པ་དྲི་ང་ཚོར་བ་སྡུག་བསྔལ་བཅས་ལས་ཁྲག་རྣག་ཆུ་སེར་སོགས་འཛག་པའི་རང་བཞིན་ཅན་ཞེས་གསུངས་པ་དང་མཐུན་པར་སྣང་།ཡིན་ནའང་སྣང་ཚུལ་འདི་ཁོ་ནར་བལྟས་ནས་ལྷན་སྐྱེས་རྨ་དང་ཀན་སར་གྱི་ཐོལ་འགྱུར་(mutation突变)བྱུང་བའི་རྒྱུ་རྐྱེན་གཉིས་གཅིག་ཏུ་བཤད་པར་མི་རིགས་ཏེ།ཕྱི་ལུགས་གསོ་རིག་གི་ཀན་སར་ཞེས་པར་གོང་བཀོད་ཀྱི་ཁྱད་ཆོས་རྣམ་པ་དྲུག་ཡོད་པ་དང་།ལྷན་སྐྱེས་རྨ་ལ་དེ་ལྟའི་ཁྱད་ཆོས་གསལ་པོ་མེད། ལྷག་པར་དུ་ཀན་སར་གྱི་ཕྲ་ཕུང་དེ་ཐོག་མའི་གནས་ནས་ལུས་ཀྱི་གནས་གཞན་པ་རྨེན་བུ་སོགས་ཀྱི་སྟེང་མྱུར་དུ་སྤོར་སྒྱུར་དང་ཁྱབ་བསྐྱོད་བྱེད་ནུས་མ་ཟད་རྒྱུན་ལྡན་གྱི་ཕྲ་ཕུང་ཚོགས་སྡེ་ལ་བཙན་འཛུལ་དང་གནོད་སྐྱོན་བཟོ་ངེས།(Activation of metastasis and invasion of tissue 转移激活和侵袭组织) འོན་ཀྱང་ལྷན་སྐྱེས་རྨ་ལ་འདི་ལྟའི་ཕྲ་ཕུང་སྤོ་སྒྱུར་དང་ཁྱབ་བསྐྱོད་བྱེད་ནུས་ཀྱི་ཁྱད་ཆོས་གསལ་བོ་མི་འདུག

 

གསུམ་པ།ཀན་སར་དང་དྭངས་མ་མ་ཞུ་བ་ལས་བྱུང་བའི་འབྲས་ནད་དང་།སུརྱ།མེ་དབལ།སྐྲན་རིགས་དང་བཅས།

 

ཁོང་ནད་གསོ་བ་ལ་དྭངས་མ་མ་ཞུ་བ་དང་སྙིགས་མ་མ་ཞུ་བ་གཉིས་ཡོད་དེ་འབྲས་ནད་དང་སུརྱ།མེ་དབལ།སྐྲན་སོགས་དྭངས་མ་མ་ཞུ་བ་ལས་བྱུང་།དྭངས་མ་མ་ཞུ་བའི་རྒྱུ་རྐྱེན་ནི།༼དཔལ་ལྡན་རྒྱུད་བཞི་ལས།༽མེ་མཉམ་རླུང་གིས་དྭངས་སྙིགས་མ་ཕྱེད་པའི།། སྙིགས་མ་དྭངས་མའི་རྩ་མིག་ཤོར་བ་ཡིས།། མདངས་སྒྱུར་མཁྲིས་པས་ཟུངས་ཁྲག་མ་སྨིན་ཏེ།། ཡུན་རིང་མཆིན་གནས་དྭངས་མ་མ་ཞུ་ཡིན།། ​​​​ཞེས་གསུངས་པ་ལྟར་ལུས་ཟུངས་དྭངས་མ་དང་ཁྲག་ཤ་ཚིལ་རུས་རྐང་ཁུ་བ་ཆ་ཚང་ལ་བད་ཀན་མྱག་བྱེད་དང་མཁྲིས་པ་འཇུ་བྱེད་ཡོད་པ་མ་ཟད་མེ་མཉམ་རླུང་ཀྱང་ཡོད་པ་རེད།དེ་ཡང་གཞུང་དེར།མེ་དྲོད་ཅེས་བྱ་འཇུ་བའི་གཞི་ཡིན་ཏེ།།འཇུ་བར་བྱེད་པའི་མཁྲིས་པ་དེ་ལ་བཤད།།ནད་དང་ལུས་ཟུངས་དྲི་མ་ཀུན་གྱི་དྲོད།། དེ་ཡིས་ནད་མེད་བརྩོན་དང་གཟི་མདངས་དང་། ཚེ་དང་ལུས་ཟུངས་མེ་དྲོད་སྟོབས་འཕེལ་བྱེད།། ཞུ་གནས་སྒོར་འཇུག་ཟས་ལམ་སྒོ་གཏན་ཡིན།། ཞེས་གསུངས་པ་ལྟར་འབྲས་ནད་རིགས་འགའ་ལུས་ཟུངས་ཀྱི་དྭངས་སྙིགས་མ་ཕྱེས་པ་དང་དྭངས་མ་མ་ཞུ་བ་ལས་བྱུང་བ་དང་།ཕྱི་ལུགས་གསོ་རིག་གི་ཀན་སར་རིགས་འགའི་སྐྱེད་ཚུལ་ཡང་འདི་དང་མཚུངས་པར་ཀན་སར་བསྐྱེད་རྫས་དེ་ལུས་པོའི་རིགས་རྫས་གྲུབ་ཆ་ནང་དུ་འཛུལ་ཚེ་དྭངས་མ་མ་ཞུ་བའི་འབྲས་ནད་སོགས་རིགས་ཀྱི་འཕེལ་རིམ་ལྟར་ཕྲ་ཕུང་དེ་ལ་རྒྱུན་ལྡན་མ་ཡིན་པའི་ཐོལ་འགྱུར་འབྱུང་བར་བྱེད་པ་དང་།ཐོལ་འགྱུར་བྱུང་བ་དེ་ལ་བརྟེན་ནས་ཕྲ་ཕུང་དེ་ཀན་སར་སྐྱེད་ནུས་ཀྱི་ངོ་བོར་འགྱུར།དེ་ནས་རིམ་གྱིས་ཕྲ་ཕུང་སྤོ་སྒྱུར་གྱིས་ལུས་གནས་གཞན་ནམ་ཁྲག་སོགས་ཀྱི་ནང་དུ་ཁྱབ་སྟེ་ཀན་སར་གྱི་རྟགས་ཐོན་ཡོང་གི་ཡོད།སྣང་ཚུལ་འདི་ཅུང་ཁ་གསལ་དུ་བཏང་ཚེ།ཀན་སར་ཐོག་མར་བྱུང་དུས་ཕྲ་ཕུང་ལ་ཐོལ་འགྱུར་བྱུང་ནས་ཕྲ་ཕུང་དེ་གཟུགས་པོས་བཏང་བའི་བརྡ་རྫས་ཀྱི་བཀོད་མངགས་ལ་མི་ཉན་པ་དང་།ཕྲ་ཕུང་གཞན་གྱི་མཁོ་དགོས་རྒྱུ་ཆའམ་དྭངས་མ་ལྟར་ལེན་ཀྱང་རྒྱུ་ཆ་དེ་དག་བླངས་པའི་རྗེས་སུ་ཉར་གཟུང་གིས་འཆི་བར་མི་འགྱུར་བས་ཕྲ་ཕུང་ལྷག་མ་སྐྱེ་རྒྱུ་རེད།ནམ་རྒྱུན་ཕྲ་ཕུང་རེ་རེར་སོ་སོའི་སྐྱེ་འཆི་གཉིས་ཀའི་དུས་ཚོད་ཡོད།ཕྲ་ཕུང་གི་ཚེ་རྫོགས་དུས་ཕྲ་ཕུང་དེ་རང་བཞིན་གྱིས་མེད་པར་གྱུར་ཏེ་ཕྲ་ཕུང་གསར་པས་ཚབ་བྱེད།ཀན་སར་ཕྲ་ཕུང་ནི་དེ་ལས་ལྡོག་སྟེ་མཁོ་དགོས་རྒྱུ་ཆའམ་དྭངས་མ་ལྟར་འཛིན་བསྡད་པ་དང་འཆི་མེད་ངང་གནས་པས་བོད་ལུགས་གསོ་རིག་གི་དྭངས་མ་མ་ཞུ་བ་ལས་སྐྱེ་བ་དང་ཕྱོགས་མཚུངས།

 

སྤྱིར་འབྲས་ནད་ནི་ལྷན་སྐྱེས་རྨ་ཡི་རིགས་ཡིན་པ་མ་ཟད་དྭངས་མ་མ་ཞུ་བའི་ནད་ཞིག་ཀྱང་རེད།དེ་ཡང་༼དཔལ་ལྡན་རྒྱུད་བཞི་ལས།༽རྙིངས་ནས་དྭངས་མ་འདྲིལ་ཟགས་བྱེར་འགྱིངས་བཞི།། འདྲིལ་བས་སྐྲན་རྣམས་སྐྱེད་པར་བྱེད་པ་སྟེ།། ཟགས་པས་སྐྱ་རྦབ་དམུ་ཆུ་སྐྱེད་པར་བྱེད།། བྱེར་བས་དུག་མཛེ་མེ་དབལ་འོར་དུ་ལྷུང་།།འབྲས་དང་སུར་ཡ་དྲེག་དང་གྲུམ་བུ་དང་།།མིག་སེར་རྩ་སྐྲན་རྐང་འབམ་དུ་མར་འགྱུར།།འགྱིངས་པས་སྨུག་པོ་རྒྱས་གབ་མཆེར་པའི་ནད།།ནད་རྣམས་ཕལ་ཆེར་དྭངས་མ་མ་ཞུས་སྐྱེད།། ཞེས་གསུངས་པ་ལྟར་དྭངས་མ་མ་ཞུ་བ་རྙིངས་ནས་བྱུང་བའི་ནད་ཀྱི་དབྱེ་བ་བཞི་སྟེ།འདྲིལ་བ་དང་།ཟགས་པ།བྱེར་བ།འགྱིངས་པ་བཅས་ལས་འབྲས་ནད་དང་སུརྱ།རྩ་སྐྲན།མེ་དབལ་དང་བཅས་ཀན་སར་དང་མཐུན་པའི་ནད་རྟགས་ནད་རིགས་དེ་དག་དྭངས་མ་མ་ཞུ་བ་བྱེར་བའི་རིགས་འགའ་ཞིག་ཡིན།ཀན་སར་དེ་ཡང་ཐོག་མར་རྒྱུན་ལྡན་གྱི་ཕྲ་ཕུང་ནང་དུ་ཀན་སར་བསྐྱེད་རྫས་འཛུལ་ནས་ཕྲ་ཕུང་དེར་ཐོལ་འགྱུར་བྱུང་བ་དང་དུས་ཡུན་གང་འཚམས་གྱི་རྗེས་རིམ་གྱིས་ཀན་སར་ཏུ་གྲུབ་པ་ཞིག་རེད།

 

དྭངས་མ་བྱེར་བ་ནི་མ་ཞུ་བའི་དབང་གིས་དྭངས་སྙིགས་འདྲེས་མ་དེ་ཉིད་གནས་གཞན་དུ་ཞུགས་ནས་ཁྱབ་པར་བྱེད་པའི་དོན་རེད།  དེ་འདྲའི་འགྱུར་ཚུལ་དེ་ཀན་སར་གྱི་འགྱུར་ཚུལ་ལ་སྦྱར་ན།ཕྲ་ཕུང་གི་དྭངས་མ་ལ་སྙིགས་མའམ་ཀན་སར་བསྐྱེད་རྫས་འདྲེས་ནས་ཕྲ་ཕུང་ལ་ཐོལ་འགྱུར་བྱུང་བ་དང་འཆི་མེད་ཕྲ་ཕུང་ཆགས།སྣང་ཚུལ་འདི་བོད་ལུགས་གསོ་རིག་གི་དྭངས་མ་བྱེར་བའི་འགྱུར་ཚུལ་དང་ཧ་ཅང་མཐུན།

 

དེ་ཡང་སྐྲན་རིགས་ལས་ཟས་སྐྲན་དེ་སྙིགས་མ་མ་ཞུ་ལས་བྱུང་བས་ཕྱི་ལུགས་གསོ་རིག་གི་ཀན་སར་དང་སྦྱར་འོས་མིན་ལ་དཔྱད་ཚེ།༼དཔལ་ལྡན་རྒྱུད་བཞི་ལས།༽དེ་ལ་སྙིགས་མ་མ་ཞུ་ཞེས་བྱ་བ།།ཁ་ཟས་མ་ཞུ་རང་སར་ཕོ་ལོང་ལས།།བད་ཀན་བེ་སྣབས་འཕེལ་བས་གཏུམས་ནས་གནས།།རྙིངས་ནས་སྙིགས་མ་འདྲིལ་བའི་ཟས་སྐྲན་འགྱུར།། ​​​​​​​​ཅེས་སྐྲན་རིགས་ལས་ཟས་སྐྲན་ཁོ་ན་སྙིགས་མ་མ་ཞུ་བ་ལས་བྱུང་བར་བཤད་པ་དང་།དེ་ཡང་ཀན་སར་སྐྱེད་བྱེད་ཀྱི་རྫས་ལས་བྱུང་བ་མ་ཡིན་པར་ཟས་རིགས་མ་ཞུ་བ་ལས་བྱུང་བས།ནད་རིགས་འདི་ཀན་སར་དང་གཅིག་པར་བལྟ་མི་རུང་།གང་ལགས་ཞེ་ན།སྙིགས་མ་མ་ཞུ་བ་ཙམ་གྱིས་ཀན་སར་ཏུ་འགྱུར་བར་མི་སྙམ།ཡིན་ནའང་སྙིགས་མ་མ་ཞུ་བ་ལས་སྐྱེས་བའི་སྐྲན་དང་། དེ་དང་ལྷན་དུ་རྨའམ་དྭངས་མ་མ་ཞུ་བའི་རྐྱེན་སོགས་ཕྲ་ཕུང་གི་ངོ་བོ་ཀན་སར་དུ་འགྱུར་བྱེད་ཀྱི་རྒྱུ་རྐྱེན་ཆ་ཚང་འཛོམས་ཚེ་ཀན་སར་སྐྱེད་སྲིད།

 

བཞི་པ། ཀན་སར་དང་འབྲེལ་བའི་འབྲས་ནད་ཀྱི་སྐོར།

 

གཅིགའབྲས་ནད་ཀྱི་རྒྱུ་རྐྱེན།

 

འབྲས་ནད་ནི་ལྷན་སྐྱེས་རྨ་ཡི་དབྱེ་བ་བརྒྱད་ཀྱི་ནང་གསེས་ཞིག་སྟེ།རྟགས་ལ་བལྟོས་ནས་བཏགས་པའི་ནད་ཅིག་ཡིན།  འབྲས་ནད་ཀྱི་གོ་དོན་ནི་ཁྲག་ངན་སྐྱེས་པ་དང་རླུང་གིས་བསྒྲིལ་བས་བྱུང་།  འོན་ཀྱང་རིང་བའི་རྒྱུ་ནི་ནད་ཀུན་སྤྱི་རྒྱུ་གཅིག་པུ་ཡིན་ཏེ།བདག་མེད་དོན་མ་རྟོགས་པས་མ་རིག་ཅེས།དཔེར་ན་བྱ་ནི་མཁའ་ལ་ལྡིང་གྱུར་ཀྱང་།རང་གི་གྲིབ་མ་དེ་དང་མི་འབྲལ་ཞིང་།འགྲོ་ཀུན་བདེ་བར་གནས་ཤིང་སྤྱོད་ན་ཡང་།མ་རིག་ལྡན་པས་ནད་དང་འབྲལ་མི་སྲིད།ཞེས་གསུངས་པ་ལྟར་འབྲས་ནད་ཀྱི་རིང་རྒྱུ་ནི་དོན་དམ་བདེན་པ་མ་རྟོགས་ཏེ་དངོས་པོ་ཐམས་ཅད་བདག་མེད་པའི་ངོ་བོར་མ་རིག་པས་བྱུང་།དེས་བསྐྱེད་པའི་ཉེ་བའི་རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་དང་བཅས་ཉོན་མོངས་གསུམ་སྐྱེད།འགྲོ་ཀུན་བདེ་བར་གནས་འདོད་ཡོད་ནའང་ཟས་སྤྱོད་དུས་གདོན་གྱིས་སྐྱེད་པའི་རྒྱུ་མ་ཤེས་ནས་བསྟེན་སྟངས་མ་རིག་པས་འབྲས་ནད་འབྱུང་། ཉེ་བའི་རྒྱུ་ནི་ཉོན་མོངས་ཀྱིས་བསྐྱེད་པའི་རླུང་མཁྲིས་བད་ཀན་ཉེས་པ་གསུམ་ལས་འབྲས་ནད་ཀྱི་ཉེ་རྒྱུ་གཙོ་བོ་ཉེས་པ་ཁྲག་དང་ངན་ཁྲགརླུང་ཟླ་གྲོགས་དང་བཅས་ཡིན་པར་གསུངས།༼སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས།(6)༽འགྲམ་འཁྲུགས་དྭངས་མ་མ་སྨིན་པར།།ཁྲག་ངན་རྒྱས་ཏེ་རྩ་མིག་བྱེར།།  རླུང་གིས་བསྒྲིལ་ནས་བེ་འབྲས་ལྟར།།སྲ་ཞིང་མཁྲེགས་འགྱུར་འབྲས་ཞེས་བཤད།། ​​​​ཅེས་གསུངས་པ་ལྟར་འབྲས་ནད་ཀྱི་རྒྱུ་རྐྱེན་གཞི་མཐུན་དུ་བརྗོད་པར་རྣམ་པ་ལྔ་ཡོད།༼དཔལ་ལྡན་རྒྱུད་བཞི་ལས།༽  རྒྱུ་ནི་འགྲམས་འཁྲུགས་ཁ་ཟས་མ་སྨིན་པས།། ངན་ཁྲག་རྒྱས་ཏེ་རླུང་གིས་བསྒྲིལ་ནས་འབྱུང་།། ​​​​​​​​​ཞེས་གསུངས་པ་ལྟར་རྒྱུ་རྐྱེན་ནི་ལུས་ཟུངས་འགྲམས་པ་དང་ཉེས་པ་འཁྲུགས་པ། ལྷག་པར་དུ་ཁྲག་ལ་བརྟེན་ནས་ལུས་ཟུངས་བསྲེགས་པར་བྱེད་པའི་འཁྲུགས་ཚད་འབྱུང་།  ཁ་ཟས་མ་སྨིན་པ་ནི་ཁ་ཟས་མ་ཞུ་བ་དང་དྭངས་མ་མ་ཞུ་བ་གཉིས་ཀར་གོཁ་ཟས་མ་ཞུ་བ་ཡིན་ན་ཁ་ཟས་ཁེངས་པོའི་རིགས་དང་།ཤིན་ཏུ་ཚ་བ།རྩུབ་པ།སྐམ་པ་སོགས་བསྟེན་དྲགས་པ་དང་།ཉལ་འདུག་སོགས་ཀྱི་དབང་གིས་ཁ་ཟས་མ་ཞུ་བ་འབྱུང་།  དེ་ལྟ་ན།ཕྱི་ལུགས་གསོ་རིག་ཏུ་ཀན་སར་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཕྲ་ཕུང་གི་ཐོལ་འགྱུར་བཟོ་ནུས་བཤད་པ་ལྟར་འབྲས་ནད་ལའང་དེ་མཚུངས་ཀྱི་རྒྱུ་རྐྱེན་གཅིག་པ་ཡོད། དྭངས་མ་མ་ཞུ་བ་ནི་བད་ཀན་མྱག་བྱེད་ཀྱིས་མྱག་མི་ཐུབ་པ་དང་མཁྲིས་པ་འཇུ་བྱེད་ཀྱིས་བཞུ་མ་ཐུབ་པ་ལས་སྐྱེ་སྲིད་ཀྱང་གཙོ་བོ་མེ་མཉམ་རླུང་གིས་དྭངས་སྙིགས་འབྱེད་མ་ཐུབ་པར་དྭངས་སྙིགས་འདྲེས་པ་མཆིན་པའི་གནས་སུ་ཤོར་ནས་མདངས་སྒྱུར་མཁྲིས་པས་ཟུགས་ཁྲག་ཏུ་འགྱུར་མ་ཐུབ་པར་ཡུན་རིང་མཆིན་པར་གནས་པའི་དྭངས་མ་མ་ཞུ་བ་དང་།ཁྱད་པར་དུ་ཚ་སྐྱུར་ཟས་བསྟེན་དྲགས་པ་སོགས་ཀྱི་དབང་གིས་ངན་ཁྲག་རྒྱས་ཏེ་རྩ་མིག་ཏུ་བྱེར་བ་རླུང་གིས་གོང་བུར་བསྒྲིལ་ནས་ལུས་ཀྱི་སྟོད་སྨད་ཀྱི་ཆ་ཤས་ངེས་མེད་དུ་སྐྲངས་པ་སྲ་མཁྲེགས་ཅན་ཆེ་ཆུང་དུ་མ་ངེས་མེད་དུ་འབྱུང་།  སྤྱིར་འབྲས་ནད་བྱུང་བར་རྒྱུ་རྐྱེན་རྣམ་པ་ལྔ་དགོས་ཏེ།འགྲམས་པའམ་འཁྲུགས་པ།ཁ་ཟས་མ་སྨིན་པ།ངན་ཁྲག་རྒྱས་པ།རླུང་གིས་བསྒྲིལ་བ་དང་བཅས་ཡོད།ཐོག་མ་གསུམ་ལས་རྐྱེན་གང་རུང་གཅིག་དང་རྐྱེན་ཕྱི་མ་ངན་ཁྲག་རྒྱས་པ་དང་རླུང་གིས་བསྒྲིལ་བ་གཉིས་ལྷན་དུ་འཛོམས་པས་ལྷན་སྐྱེས་རྨ་ཡི་ཆར་གྱུར་བའི་འབྲས་ནད་སྐྱེད།

 

སྐབས་འགར་འབྲས་ནད་ཀྱི་རྒྱུ་རྐྱེན་དེའི་དབང་གིས་ཕྲ་ཕུང་ལ་ཐོལ་འགྱུར་བྱུང་ནས་ཀན་སར་སྐྱེད་པས་འབྲས་ནད་རིགས་འགའ་ཤས་ཀན་སར་དང་གཅིག་པར་བརྩི་འོས་མོད་སྣང་ཚུལ་འདི་འབྲས་ནད་རིགས་ཀུན་ལ་ཁྱབ་པ་ཞིག་མིན།

 

གཉིས།འབྲས་ནད་ཀྱི་གནས་དང་རིགས།

 

ལུས་སྟེང་དུ་ཕྲ་ཕུང་གང་ལ་ཡོད་ན་དེ་གར་ཀན་སར་འབྱུང་སྲིད་པ་ལྟར།འབྲས་ནད་ཡང་ཕྱི་ལ་ཤ་རུས་རྩ་གསུམ་ཡོད་པ་དང་ནང་ལ་གློ་སྙིང་མཆིན་མཆེར་མཁལ་མ།ཕོ་བ་རྒྱུ་ལོང་གཞང་དང་ལྒང་པ་དགུ་སོགས་ལུས་ཕྱི་ནང་གི་གནས་མང་པོར་སྐྱེད། འབྲས་ནད་ཁྱབ་བྱེད་ཀྱི་རྒྱུ་རྐྱེན་ནི་གཙོ་བོ་ལུས་ཀྱི་ཁྲག་ངན་ལ་བརྟེན་པས་རེད།

 

གསུམ།འབྲས་ནད་ཀྱི་ནད་རྟགས་དང་ངོས་འཛིན་རྟགས།

 

ཕྱི་འབྲས་ཀྱི་ནད་རྟགས་ནི་༼དཔལ་ལྡན་རྒྱུད་བཞི་ལས།༽ཕྱི་འབྲས་སྤྱི་རྟགས་རྩ་རྒྱུད་ཕྲ་ལ་འདར།།  སྐྲངས་པ་སྲ་བརྟན་ན་ཟུག་ཆུང་བ་ལ།།  ལུམས་འདུལ་ཀུན་གྱིས་ཞི་བར་མི་འགྱུར་བའོ།།  ​​​​​​​​​ཞེས་གསུངས་པ་ལྟར་རྩ་རྒྱུད་ཕྲ་ལ་འདར་བ་དང་།སྐྲངས་པའི་ངོ་བོ་སྲ་ལ་མཁྲེགས་པ་དང།སྐྲངས་པ་མི་འགུལ་བ་བརྟན་པ།ཐུག་རེག་བྱུང་ཚེ་ཟུག་ཆུང་བ་དང་།ལུམས་དང་འབྲས་འདུལ་སོགས་ཀུན་གྱིས་ཞི་བར་མི་འགྱུར་བ་བཅས་ཞི་དཀའ་བ་འབྱུང་།  ཕྱི་ལུགས་གསོ་རིག་གི་བརྟག་ཐབས་སུ་རྩ་བརྟག་ལ་སྙིང་གི་འཕར་ཚུལ་མ་གཏོགས་བལྟ་སྲོལ་མེད་པས་འདིར་བོད་ལུགས་གསོ་རིག་ཀྱི་འབྲས་ནད་རྩ་བརྟག་བྱེད་ཚུལ་དང་ཞིབ་བསྡུར་བྱེད་མི་ཐུབ་མོད།  ཡིན་ནའང་ཕྱི་ལུགས་གསོ་རིག་ལ་ཀན་སར་ནི་སྐྲངས་པའི་ནད་ཀྱི་དབྱེ་བ་ལ་ཚུད་པས་ཕྱི་འབྲས་ཀྱི་སྐྲངས་པའི་ངོ་བོ་སྲ་ལ་མཁྲེགས་པ་མཚུངས།  དེ་མ་ཟད་ཀན་སར་གྱི་རིགས་ཕལ་ཆེར་ན་ཟུག་ཆེར་མེད་ལ་ཞི་དཀའ་བ་ཡིན།

 

༼དཔལ་ལྡན་རྒྱུད་བཞི་ལས།༽  ཁོང་འབྲས་ཀྱི་སྤྱི་རྟགས་ནི།།  ཁོང་འབྲས་སྐྲན་ལྟར་རེག་པ་སྲ་བའམ།། མི་མངོན་གཏིང་ནུབ་ཟས་ལ་འཁྲེན་པ་སྟེ།། སྨིན་ནས་གྱེན་ཐུར་གཉིས་ཀར་རྣག་རྡོལ་འགྱུར།། ​​​​​​​​​ཞེས་པ་ལྟར་ནང་འབྲས་ནི་སྐྲན་རིགས་དང་འདྲ་བར་སྣོད་ཀྱི་ནང་ལྡེབས་དང་དོན་གྱི་ལོགས་སུ་གནས་པ་རྣམས་ལག་པས་སྦར་ཉུལ་བྱེད་ཚེ་རེག་ཐུབ།དེ་ཡང་ཁོང་འབྲས་ནི་ངོ་བོ་ཞིང་འབར་འབུར་ཅན་མཐའ་མཚམས་གསལ་བོ་མེད་ལ་གཡོ་འགུལ་མི་བྱེད་པ།མི་མངོན་པར་དོན་སྣོད་ཀུན་གྱི་གཏིང་དུ་ནུབ་པའི་འབྲས་ནི་ལག་པས་མྱོང་མི་ཐུབ།  ཟས་ལ་འཁྲེན་པ་སྟེ་ཟས་འདོད་ཀྱང་ཟོས་འཕྲལ་དུ་སྐྱུགས་པ།  སྨིན་ནས་གྱེན་ཐུར་གཉིས་ཀར་རྣག་རྡོལ་འགྱུར་སྟེ་ཁོང་འབྲས་གང་ལའང་ཁྲག་རྩ་དང་རྨེན་བུའི་རྒྱུ་ལམ་བརྒྱུད་ནས་གནས་གཞན་དུ་མཆེད་ཅིང་།སྨིན་ནས་གྱེན་དང་ཐུར་གཉིས་ཀར་ཁྲག་རྣག་སོགས་རྡོལ་བར་འགྱུར་རོ།

 

ཁོང་འབྲས་ལྟར་དོན་སྣོད་ལ་བྱུང་བའི་ཀན་སར་འགའ་ཞིག་ལག་པས་སྦར་ཉུལ་བྱས་ཚེ་རེག་ཐུབ།གཞན་པ་གཏིང་ན་གནས་བའི་རིགས་རྣམས་མི་མངོན་པར་ནུབ་པར་སྣང་།  ཁོང་འབྲས་ལྟར་དོན་སྣོད་ལ་བྱུང་བའི་ཀན་སར་འགའ་ཞིག་ཁ་ཟས་ཟོས་ན་སྐྱུགས་པ་འོང་བ།གཞན་གྱི་རིགས་ནད་རྟགས་དེ་འདྲ་མེད་ཀྱང་ཀན་སར་གྱི་ཕྲ་ཕུང་རང་ཉིད་ལ་ཟས་ཀྱི་བཅུད་དང་དྭངས་མ་འཁྲེན་པ་ཡོད།ཁོང་འབྲས་ལྟར་ཀན་སར་སྨིན་ནས་ཁྲག་རྩ་དང་རྨེན་བུའི་རྒྱུ་ལམ་བརྒྱུད་ནས་གནས་གཞན་དུ་མཆེད།  ཡིན་ནའང་ཀན་སར་སྨིན་ཚེ་གྱེན་དང་ཐུར་གཉིས་ཀར་རྣག་སོགས་རྡོལ་བ་ནི་གསལ་བོ་མེད།

 

​ལྔ་བ།ཀན་སར་དང་འབྲེལ་བའི་སུརྱ་ཡི་སྐོར།

 

ལྷན་སྐྱེས་རྨ་ཡི་དབྱེ་བ་བརྒྱད་ལས་སུརྱ་ཞེས་པ་ནི། ལེགས་སྦྱར་སྐད་དུ་འོད་འགྱེད་དམ་ཉི་མའི་ཟེར་ལ་གོ  འགྱུར་ཚུལ་ནི་༼དཔལ་ལྡན་རྒྱུད་བཞི་ལས།༽ གྱུར་ཚུལ་ཟས་སྤྱོད་རྐྱེན་གྱིས་ཁྲག་འཕེལ་དང་།། མཚོན་ཁྲག་ལུས་དང་འགྲམས་ཁྲག་གཏར་མ་འཆུན།། རིམས་དུག་ཚ་བ་རྩར་བབས་མ་གཏར་བས།། ཁྲག་ངན་ཆུ་སེར་དོན་སྣོད་རྩ་མིག་འདུས།། སྐྲངས་ཤིང་བརྣགས་ན་འབྲས་ལྟར་འགྱུར་བ་ཡིན།། ​​​​ཞེས་གསུངས་པ་ལྟར་སུརྱ་སྐྱེ་བའི་རྒྱུ་རྐྱེན་གཙོ་བོ་ནི་ཐོག་མར་ཁྲག་མཁྲིས་ཆུ་སེར་འཕེལ་བྱེད་ཀྱི་ཟས་སྤྱོད་བསྟེན་དྲགས་པའི་རྐྱེན་གིས་ཁྲང་ངན་གྱི་སྟོབས་འཕེལ་བ་དང་།  ཡང་ན་མདའ་རྡོ་གྲི་སོགས་ཕྱི་རྐྱེན་གློ་བུར་བས་བསྐྱེད་པའི་ཕུག་གཤགས་སོགས་རྨ་ལས་འབྱུང་བའི་ཁྲག་ངན་རྨ་ཡི་ནང་ཁོང་དུ་ལུས་པའི་བྱང་ཁོག་ཁྲག་ཟགས་པ་ལྟ་བུ་དང་།དེ་གཞིན་དྲག་ཤུལ་དབང་གིས་ལུས་ཟུངས་འགྲམས་པ་ལས་གྱུར་པའི་འགྲམས་ཁྲག་ཤ་པགས་བར་དུ་འགྱིང་པ་གཏར་གྱིས་མ་འདྲོངས་པ་དང་།  ཡང་རིམས་ཚད་དང་དུག་ཚད་ཀྱི་ནད་སྤྱིར་གཏར་མི་རུང་ཡང་དམིགས་བསལ་དུ་ནད་རིགས་དེ་དག་རྩ་ལ་བབས་ན་གཏར་དགོས་ཀྱང་མ་གཏར་བའི་སྐྱོན་སོགས་ཀྱིས་ཁྲག་ནང་ཆུ་སེར་ཁོང་དུ་ལུས་ཤིང་།  དེ་ནས་ཁྲག་ངན་དེ་དག་རིམ་བཞིན་དོན་སྣོད་ཀྱི་རྩ་མིག་ཏུ་འདུས་པ་དང་།རིམ་བཞིན་སྐྲངས་པ་དང་།  མཐར་སྐྲངས་པ་རྣག་ཏུ་སྨིན་ནས་འབྲས་ནད་ལྟར་གྱེན་ཐུར་གཉིས་ནས་ཁྲག་རྣག་རྡོལ་བར་བྱེད་པ་དེ་ནི་ཕྱི་ལུགས་ཀན་སར་གྱི་འབྱུང་རྐྱེན་ལས་ཕྲ་ཕུང་གི་ཐོལ་འགྱུར་བཟོ་ནུས་བཤད་པ་དང་འདྲ་བོ་ཆགས་ཡོད།མ་ཟད་སུརྱ་འགྱུར་ཚུལ་དང་ནད་རྟགས་ནི་ཕྱི་ལུགས་ཀན་སར་རིགས་ཞིག་ཕྱི་སྐྱི་ལེབ་སྲབ་ཕྲ་ཕུང་ཀན་སར་(squamous cell carcinoma 鳞状细胞癌)་ཟེར་བ་དེ་དང་ཧ་ཅང་འདྲ།ཕྱི་སྐྱི་ལེབ་སྲབ་ཕྲ་ཕུང་ཀན་སར་(squamous cell carcinoma 鳞状细胞癌)་གྱི་ནད་རྟགས་ནི་ཐོག་མར་རྨ་སྐྱེས་ཏེ་འོད་ཟེར་གྱི་དབྱིབས་རྒྱུན་ལྡན་མིན་པ་སྐྱེས།རིམ་གྱིས་རྨ་དེ་སྐྲངས་ཤིང་བརྣགས་ལ་འབྲས་ཆུང་ལྟར་འགྱུར།འོང་ཀྱང་སུརྱ་དང་འབྲས་ནད་ཀྱི་སྒྲུབ་བྱེད་སྤྱི་ཀན་སར་གྱི་སྒྲུབ་བྱེད་དང་གཅིག་ཏུ་གྱུར་མེད།

 

དྲུག་པ།ཀན་སར་དང་འབྲེལ་བའི་མེ་དབལ་གྱི་སྐོར།

 

མེ་དབལ་ནི་མེ་ལྕེའམ་མེ་དབལ་གྱིས་འཚིག་པ་ལྟ་བུའི་ལྷན་སྐྱེས་རྨ་ཡི་དབྱེ་བ་བརྒྱད་ཡོད་པའི་ནང་གསེས་ཤིག་ཡིན།༼དཔལ་ལྡན་རྒྱུད་བཞི་ལས།༽རྒྱུ་རྐྱེན་ཟས་སྤྱོད་གདོན་གྱིས་ཁྲག་མཁྲིས་འཕེལ།ཆུ་སེར་ཚ་བ་རླུང་གིས་བུས་པའོ།།  ​​​​ཞེས་གསུངས་པ་ལྟར་འབྲས་ལྟར་སྐྱེད་མེད་ནའང་འབྲས་ནད་ཀྱི་རྒྱུ་རྐྱེན་འདྲ་བོ་ཡོད་དེ་ཕྱི་ཤ་པགས་དང་ནང་དོན་སྣོད་རྣམས་སུ་བུས་ནས་སྤྱི་དང་ཁྱད་པར་དུ་ཡུལ་དེ་གདོང་དང་།མཇིང་།ཡན་ལག་སོགས་སུ་སྒོར་དབྱིབས་ཟུར་མང་ཅང་གྱི་འབྲུམ་ཐོར་ཐོན་པ་མ་ཟད།མེའི་དབལ་གྱིས་ཚིག་པ་ལྟར་ཚ་ཞིང་མཆེད་འགྲོ་བའི་ནད་ཅིག་ཡིན།༼དཔལ་ལྡན་རྒྱུད་བཞི་ལས།༽གནས་ནི་པགས་པ་དོན་སྙིང་རྣམས་ལ་གནས།ཕྱིར་བྱུང་མེས་ཚིག་རྨ་དང་འདྲ་ཞིང་མཆེད།།ཞེས་གསུངས་པ་ལྟར་ལྤགས་པའི་ཀན་སར་(skin cancer 皮肤癌)རིགས་གཉིས་དེ་ཕྱི་སྐྱི་ལེབ་སྲབ་ཕྲ་ཕུང་ཀན་སར་(squamous cell carcinoma 鳞状细胞癌)་དང་ཚོན་ལྡན་ཕྲ་ཕུང་ཀན་སར་(melanoma黑色素瘤)གཉིས་ཀའི་ནད་རྟགས་དང་མཚུངས།  ཕྱི་སྐྱི་ལེབ་སྲབ་ཕྲ་ཕུང་ཀན་སར་(squamous cell carcinoma 鳞状细胞癌)་ནི་དོན་སྣོད་ཀྱི་ཕྱི་སྐྱི་དང་ལྤགས་པའི་ཕྱི་སྐྱི་གཉིས་ཀར་འབྱུང་རྒྱུ་རེད།ཚོན་ལྡན་ཕྲ་ཕུང་ཀན་སར་(melanoma黑色素瘤)གྱི་ཚོན་ལྡན་ཕྲ་ཕུང་ལ་མ་གཏོགས་མ་འབྱུང་།ཚོན་ལྡན་ཕྲ་ཕུང་ཕལ་ཆེར་ལུས་ཀྱི་ལྤགས་ལ་གནས་ཀྱང་སྙིང་ལའང་གནས་ཏེ་མེ་དབལ་བྱུང་བའི་གནས་ལྟར་ཡིན།ཕྱི་སྐྱི་ལེབ་སྲབ་ཕྲ་ཕུང་ཀན་སར་(squamous cell carcinoma 鳞状细胞癌)གྱི་ནད་རྟགས་ཕལ་ཆེར་སུརྱ་འདྲའང་ལྤགས་པ་ལ་འབྱུང་དུས་མེ་དབལ་དང་རིག། ཚོན་ལྡན་ཕྲ་ཕུང་ཀན་སར་(melanoma黑色素瘤)གྱི་ནད་རྟགས་གཙོ་བོ་ནི་མེ་ཚིག་འདྲ་བའི་དབྱིབས་རྒྱུན་ལྡན་མིན་པའི་རྨ་སྐྱེས་ལ་མཆེད།ཚོན་ལྡན་ཕྲ་ཕུང་ཀན་སར་ལས་བྱུང་བའི་རྨ་ཕལ་ཆེར་ཚ་བ་འབར་ལ་ཟ་འཕྲུག་ལངས་ཤིང་ཆུ་སེར་སྐྱེས།ཕྱི་སྐྱི་ལེབ་སྲབ་ཕྲ་ཕུང་ཀན་སར་གྱི་ངོ་བོ་དང་ཚོན་ལྡན་ཕྲ་ཕུང་ཀན་སར་གྱི་ངོ་བོ་དེ་འབྲས་ནད་ལས་ཕྱི་འབྲས་དང་ཁོང་འབྲས་ཀྱི་མཚན་ཉིད་གཉིས་དང་མི་མཐུན་པས་ནད་དེ་གཉིས་འབྲས་ནད་ཀྱི་རིགས་སུ་མི་འགྱུར།ཕྱི་སྐྱི་ལེབ་སྲབ་ཕྲ་ཕུང་ཀན་སར་རིགས་ཕལ་ཆེར་སུརྱ་ཡི་མཚན་ཉིད་དང་མཐུན་པས་རིགས་དེ་དག་སུརྱུ་ཀྱི་རིགས་སུ་འགྱུར་ལ།ཚོན་ལྡན་ཕྲ་ཕུང་ཀན་སར་རིགས་ཕལ་ཆེར་མེ་དབལ་གྱི་མཚན་ཉིད་དང་མཐུན་པས་རིགས་དེ་དག་མེ་དབལ་ཀྱི་རིགས་སུ་འགྱུར།།

 

བདུན་པ།ཀན་སར་དང་འབྲེལ་བའི་སྐྲན་རིགས་ཀྱི་སྐོར།

 

ཁོང་ནད་གསོ་བ་ལས་མ་ཞུ་བའི་རྒྱུ་ནི་ལུས་ལ་ལྷན་སྐྱེས་སུ་གནས་པའི་བད་ཀན་སར་ཆུའི་རང་བཞིན་ཅན།མཚན་ཉིད་ལྕི་ཞིང་བསིལ་བ།  མ་ཞུ་བའི་རྐྱེན་ནི་དུས་གདོན་ཟས་སྤྱོད་སོགས་ཀྱི་ངོ་བོའམ་མཚན་ཉིད་ལྕི་བསིལ་གྱི་དབང་ལས་རྣམ་པར་གྱུར་ཏེ་མེ་དྲོད་ཉམས་པ་དང་བད་ཀན་བེ་སྣབས་འཕེལ་བ་སོགས་ཀྱིས་རྐྱེན་པས་མ་ཞུ་བའི་རྒྱུར་འགྱུར།

 

ཕྱོགས་གཞན་ཞིག་ནས་བཤད་ན།ཀན་སར་ཞེས་པ་འདི་ཕྱི་ལུགས་གསོ་རིག་གི་ནང་དུའང་ཁོང་ནད་ཀྱི་ནང་གསེས་ཞིག་ཡིན་ལ།རྒྱུན་ལྡན་མིན་པའི་ཕྲ་ཕུང་འཕེལ་ནས་ཚུལ་མིན་གསར་ཕུང་ངམ་སྐྲན་ཆགས་པ་ཡིན་པས།ཀན་སར་རིགས་འགའ་ཞིག་བོད་ལུགས་གསོ་རིག་གི་སྐྲན་དང་སྦྱར་རུང་བའང་ཡོད་པར་སེམས།

 

སྐྲན་གྱི་རྒྱུ་ནི།༼དཔལ་ལྡན་རྒྱུད་བཞི་ལས།༽རྒྱུ་ནི་མ་ཞུ་བད་ཀན་ཁྲག་མཁྲིས་རླུང་།། སྲིན་དང་ཆུ་སེར་སྤུ་ལས་འབྱུང་བ་ཡིན།།སྐྲན་གྱི་རྐྱེན་ནི།  རྐྱེན་ནི་སྔོན་ལས་གདོན་དང་མ་ཞུ་བ།། འགྲམས་འཁྲུགས་མཚོན་དང་བུ་བཙས་རླན་གྲང་བསྐྱེད།། ​​​​ཅེས་གསུངས་པ་ལྟར་དྭངས་མ་མ་ཞུ་བའི་རྒྱུ་རྐྱེན་ཡིན་ན་འབྲས་ནད་ཀྱི་རྒྱུ་རྐྱེན་དང་མཐུན།དེར་རྟེན་སྐྲན་རིགས་གང་མ་ཞུ་བའི་རྒྱུ་རྐྱེན་ཟླ་གྲོགས་སུ་ཡོད་ན་འབྲས་ནད་ཀྱི་སྐྲན་དང་མཐུན་སྲིད།  སྐྲན་ལ་དབྱེ་བ་བཅུ་གཅིག་ཡོད་པ་རྣམས།ཟས་སྐྲན་དང་ལྷེན་སྐྲན།རྡོ་སྐྲན།ལྷིང་སྐྲན།ཁྲག་སྐྲན།མཁྲིས་སྐྲན།རྩ་སྐྲན།སྤུ་སྐྲན།སྲིན་སྐྲན།ཆུ་སྐྲན།རྣག་སྐྲན་དང་བཅས་ཡོད།དྭངས་མ་མ་ཞུ་བ་དང་འབྲེལ་བའི་སྐྲན་རིགས་ནི་ལྷེན་སྐྲན།རྡོ་སྐྲན།ཁྲག་སྐྲན།རྩ་སྐྲན།རྡེའུ་སྐྲན།མངལ་གྱི་ཁྲག་སྐྲན།སྲིན་སྐྲན།ཆུ་སྐྲན།རླུང་གི་སྐྲན་ལ་སོགས་པ་རེད།འོན་ཀྱང་ངན་ཁྲག་མ་སྐྱེ་བ་དང་རླུང་གིས་བསྒྲིལ་བའི་ཤུགས་རྐྱེན་མེད་ན་བོད་ལུགས་གསོ་རིག་གི་འབྲས་ནད་སྐྱེ་མི་ཐུབ་པས་ཚུལ་འདི་ཡང་སྐྲན་ཕལ་ཆེར་ཕྱི་ལུགས་གསོ་རིག་གི་ཚུལ་མིན་གསར་ཕུང་དང་རིག་མོད།སྐྲན་འགའ་ཞིག་རྩ་སྐྲན་ལྟར་མ་གཏོགས་འབྲས་ནད་དམ་ཀན་སར་དུ་འགྱུར་མི་སྲིད།

 

བརྒྱད་པ།བྱེ་བྲག་གི་ཀན་སར་གནད་ཁག་གཉིས་白血病་དང་淋巴瘤་གྱི་སྐོར།

 

ཀན་སར་གྱི་བྱེ་བྲག་ཁྲག་དཀར་ཀན་སར་(Leukemia 白血病)་དང་རྨེན་མདུད་ཀར་སར(Lymphoma 淋巴瘤)་གཉིས་ནི་ཀན་སར་གྱི་ནད་རིགས་གཞན་པ་ལས་ཁྱད་ཆོས་དམིགས་བསལ་ཡོད་པས། བོད་ལུགས་གསོ་རིག་ལས་ནད་གང་ལ་སྦྱར་རུང་བར་ཞིབ་བསྡུར་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་དུ་སྣང་།ནད་རིགས་དེ་གཉིས་ཀར་གོང་དུ་བཤད་པའི་ཀན་སར་གྱི་ཁྱད་ཆོས་་ལྡན་པ་མ་ཟད།ཁྲག་དཀར་ཀན་སར་(Leukemia白血病)ནི་རྐང་མར་ལས་བསྐྱེད་པའི་ཁྲག་གི་ཕྲ་ཕུང་དཀར་བོ་འཕེལ་ནས་ནད་རྟགས་གཙོ་བོ་ཁྲག་འཛག་པ་དང་།པགས་པའི་འོག་གི་ཁྲག་རྩ་ལས་ཁྲག་རྡོལ་བ། པགས་པའི་མདོག་འགྱུར་བ།ལུས་ལྕི་ལ་ཐང་ཆད་པ།ཚ་བ་འབར་བ།  བླ་གཉན་མང་པོ་དང་བསྡོངས་ཟླ་བྱུང་བ་སོགས་ཡོད།  ཁྲག་དཀར་ཀན་སར་(Leukemia 白血病)ནི་ཀན་སར་གྱི་རིགས་ཞིག་ཡིན་ནའང་ཕྲ་ཕུང་འཕེལ་ཚེ་རྡོག་རྡོག་འདྲ་བའི་སྐྲན་མི་སྐྱེད།

 

དེ་ལྟ་ནའང་ཕྱི་འབྲས་ཀྱི་མཚན་ཉིད། སྐྲངས་པ་སྲ་བརྟན་ན་ཟུག་ཆུང་བ་ལ།།  །ལུམས་འདུལ་ཀུན་གྱིས་ཞི་བར་མི་འགྱུར་བའོ།།  །ཞེས་གསུངས་པ་དང་མི་མཐུན།ཁོང་འབྲས་ཀྱི་མཚན་ཉིད་དེར་ནའང།ཁོང་འབྲས་སྐྲན་ལྟར་རེག་པ་སྲ་བའམ།།  །མི་མངོན་གཏིང་ནུབ་ཟས་ལ་འཁྲེན་པ་སྟེ།།  །སྨིན་ནས་གྱེན་ཐུར་གཉིས་ཀར་རྣག་རྡོལ་འགྱུར།།།ཞེས་གསུངས་ཡོད་པས་ན་ཁྲག་དཀར་ཀན་སར་(Leukemia 白血病)གྱི་ངོ་བོ་དེ་ཕྱི་འབྲས་དང་ཁོང་འབྲས་ཀྱི་མཚན་ཉིད་གཉིས་དང་མི་མཐུན་པས་ནད་དེ་འབྲས་ནད་ཀྱི་རིགས་སུ་མི་འགྱུར།དེའང་༼སྨན་དཔྱད་ཟླ་བའི་རྒྱལ་པོ་ལས།(8)༽ཤ་འབྲས།རྩ་འབྲས།རུས་འབྲས་དང་།འདྲེས་འབྲས།ཁྲག་འབྲས།རླུང་འབྲས་སོ།།ཅེས་དབྱེ་བ་དྲུག་ཡོད་ནའང་ཁྲག་འབྲས་དེར་སྤྱིའི་འབྲས་ནད་དང་ཁྱད་ཆོས་ཡོད་པས་ཁྲག་དཀར་ཀན་སར་(Leukemia 白血病)་ཀྱི་ཁྱད་ཆོས་དང་མི་མཐུན། ༼ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས།(9)༽  ཁ་ཟས་ཁེངས་བུ་རབ་ཚ་དང་།།རྩུབ་དང་སྐམ་དང་ཚ་འགྱུར་ཟོས།།  ཉལ་བའི་སྤྱོད་པ་མི་བདེ་བས།།ཁྲག་ནད་སྐྱེད་གྱུར་དེ་དང་དེས།།པགས་པ་ཤ་ཚིལ་རུས་པ་དང་།།ཁྲག་དང་ཆུ་བ་ཆུ་བ་ཆེ།།ཕྱི་དང་ནང་དུ་སྐྲངས་གྱུར་པ།།རྩ་བ་ཆེ་ཞིང་ནད་ཚབས་ཆེ།།ཟླུམ་པོའམ་འཇོང་བར་གནས་པ་གང་།།ཁོང་འབྲས་དེ་ནི་རྣམ་པ་དྲུག།།ཅེས་ཁྲག་ནད་དེ་ཉལ་འདུག་སོགས་ཀྱི་སྤྱོད་ལམ་དྲག་ཤུལ་དབང་གིས་ཁྲག་ནད་སྐྱེད་ཡིན་པས་ཁྲག་དཀར་ཀན་སར་(Leukemia 白血病)་དང་མི་མཐུན།འོན་ཀྱང་ཁྲག་དཀར་ཀན་སར་(Leukemia 白血病)ལ་ཁྲག་གི་ཕྲ་ཕུང་དཀར་བོ་འཕེལ་བ་དང་རྐང་མར་གྱི་འགྱུར་ཚུལ་འཁྲུགས་བའི་རྒྱུ་རྐྱེན་ཡོད་པས་བོད་ལུགས་གསོ་རིག་གི་ཁྲག་འཕེལ་བའི་ནད་དང་རྐང་མར་འཕེལ་བའི་ནད་གཉིས་ཀར་འབྲེལ་བ་ཅུང་ཡོད་པར་སྲིད།དེ་ཡང་༼དཔལ་ལྡན་རྒྱུད་བཞི་ལས།༽ཁྲག་འཕེལ་མེ་དབལ་ཁོང་འབྲས་མཆེར་པའི་ནད།། མཛེ་སྐྲན་ཁྲག་མཁྲིས་ནད་དང་མིག་སེར་དང་།། རྙིལ་ནད་བསྐྱོད་དཀའ་མིག་དང་གཅིན་ལྤགས་དམར།། ཞེས་དང་། རྐང་འཕེལ་ལུས་ལྕི་མིག་གཡུང་ཚིགས་ཁ་སྦོམ།། ​​​ཞེས་གསུངས་པ་ལྟར་ཁྲག་འཕེལ་བའི་ནད་དང་རྐང་མར་འཕེལ་བའི་ནད་ཁྲག་དཀར་ཀན་སར་(Leukemia 白血病)་གྱི་འགྱུར་ཚུལ་དང་ནད་རྟགས་རྣམས་ཅུང་མཐུན།

 

ཕྱི་ལུགས་གསོ་རིག་གི་ཁྲག་དཀར་ཀན་སར་(Leukemia 白血病)་ལ་དབྱེ་བ་གཉིས་ཡོད་དེ།དེ་ནི་ཁྲག་དཀར་ཀན་སར་གློ་བུར་ཅན་(acute leukemia་急性白血病)་དང་ཁྲག་དཀར་ཀན་སར་རིམ་བྱུང་ཅན་(chronic leukemia 慢性白血病)་གཉིས་རེད།  ཁྲག་དཀར་ཀན་སར་གློ་བུར་ཅན་(acute leukemia་急性白血病)་ནི་ནད་རྟགས་མྱུར་དུ་སྐྱེད་ལ་མྱུར་དུ་སྲོག་འཕྲོག་པ་ཚ་བའི་ནད་དང་འདྲ་བོ་ཡོད་པས་ལམ་སང་གསོ་བཅོས་བྱེད་དགོས།  ཁྲག་དཀར་ཀན་སར་རིམ་བྱུང་ཅན་(chronic leukemia 慢性白血病)་ནི་གྲང་བའི་ནད་དང་འདྲ་བར་དལ་མོ་སྐྱེད་པ་དང་གསོ་སླ་བ་ཡིན།དེར་བརྟེན་ཕྱི་ལུགས་གསོ་རིག་གི་ཁྲག་ནད་དང་ཁྲག་དཀར་ཀན་སར་(Leukemia 白血病)་བོད་ལུགས་གསོ་རིག་གི་ཁྲག་འཕེལ་དང་རྐང་མར་འཕེལ་བའི་ནད་ལ་སྦྱར་ན་འགྱུར་ཚུལ་དང་།ནད་རྟགས།ཚ་གྲང་གི་དབྱེ་བ་ཕྱེ་ཚུལ་རྣམས་ཅུང་མཐུན་པར་སྣང་ནའང་ཁྲག་འཕེལ་དང་རྐང་མར་འཕེལ་བ་གཅིག་མཚུངས་མིན།ཁྲག་དཀར་ཀན་སར་དྭངས་མ་མ་ཞུ་བར་བྱེར་བའི་རྐྱེན་ལས་བྱུང་བའི་ནད་དང་རིག་སྟེ།ཉེས་པ་ཁྲག་དང་ངན་ཁྲགརླུང་དང་བཅས་ཀྱི་རྒྱུ་གཙོ་བོ་ཡིན།དེའང་རིམ་བྱུང་ཅན་དང་གློ་བུར་ཅན་དེ་རིགས་གཉིས་ཁྲག་དཀར་ཀན་སར་ཚ་གྲང་ཕྱོགས་གཉིས་སུ་ཕྱེ་སྲིད་སྙམ།

 

ད་ནི་རྨེན་བུའི་ཤ་ལས་སྐྱེ་པའི་ཀན་སར་གྱི་རིགས་ཤིག་རེད།རྨེན་མདུད་ཀར་སར(Lymphoma淋巴瘤)་གྱི་ནད་རྟགས་ནི་ཁྲག་གི་ཕྲ་ཕུང་དཀར་བོ་འཕེལ་བ་ཡོད་ཀྱང་། གཙོ་བོ་རྨེན་བུ་སྐྲངས་པ་དང་ཚ་བ་འབར་བ།མཚན་མོར་རྔུལ་ནག་འདོན་པ།ཤ་སྐམ་པ།ཟ་འཕྲུག་ལངས་པ།ལུས་ཐང་ཆད་པ།དབུགས་འཚངས་པ།ཟས་ལ་ཡི་ག་མེད་པ་ལ་སོགས་པ།འབྲས་ནད་ཀྱི་ཕྱི་འབྲས་རིགས་ལས་རྩ་འབྲས་ནི། རྩ་འབྲས་རྩ་ཐོག་སྐྲངས་ཤིང་འཁྱུགས་འཕྲོ། ཞེས་གསུངས་པ་ལྟར་རྨེན་མདུད་ཀར་སར་དེ་རྩ་འབྲས་ཀྱི་རིགས་དང་ཤིན་ཏུ་མཚུངས།

 

མཇུག་བསྡུ་བ།

 

བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ལྟ་བ་དང་ལག་ལེན་རྣམས་ཕྱི་ལུགས་གསོ་རིག་ལས་དབྱེ་བ་ཕྱེ་རྒྱུ་གལ་ཆེན་ཡིན་པས། བོད་ལུགས་གསོ་རིག་གིས་ངོས་འཛིན་བྱེད་པའི་ནད་ཅིག་ཕྱི་ལུགས་གསོ་རིག་ནས་བཤད་པའི་ནད་དང་འདྲ་བོ་ཡོད་ནའང་།ནད་སོ་སོའི་ངོ་བོ་དང་དབྱེ་བ་ཕྱེ་ཚུལ།ཁྱད་ཆོས་ཀྱི་ཚད་གཞི་སོགས་ཧ་ཅང་མི་འདྲ་བ་ཡིན་སྟབས།འདྲ་བ་རྒྱུ་མཚན་དུ་བྱས་ནས་ནད་གཞི་དེ་རྣམས་གཅིག་ཏུ་མི་འཛིན་པར།ནད་སོ་སོའི་རྒྱུ་རྐྱེན་དང་འགྱུར་ཚུལ།ནད་རྟགས་ལ་སོགས་པར་ཞིབ་མོར་བལྟ་དགོས།བོད་ལུགས་གསོ་རིག་གི་འབྲས་ནད་དང་ཕྱི་ལུགས་གསོ་རིག་གི་ཀན་སར་ལ་མཚོན་ནའང་འདྲ་ས་ཡོད་མོད།དེ་ཙམ་གྱིས་ནད་གཞི་གཅིག་ཏུ་མི་འགྱུར།དེ་མིན་བོད་ལུགས་གསོ་རིག་གི་འབྲས་ནད་དང་སུརྱ།མེ་དབལ།སྐྲན་རིགས་འགའ་ཞིག་ཀྱང་དྭངས་མ་མ་ཞུ་བ་བྱེར་བའི་རྐྱེན་དང་ངན་ཁྲག་རྒྱས་ལ་རླུང་གིས་བསྒྲིལ་བའི་འབྲེལ་བས་ཀན་སར་དང་འདྲ་ཡང་གཅིག་པ་མིན་པ་ལྟར་རེད།ཕྱི་ལུགས་གསོ་རིག་གི་ཀན་སར་ལ་རྒྱུ་རྐྱེན་དང་།འགྱུར་ཚུལ།ནད་རྟགས་སོགས་མི་འདྲ་བ་མང་པོ་ཡོད་པ་ཇི་བཞིན།ཀན་སར་འདི་བཞིན་བོད་ལུགས་གསོ་རིག་གི་རྣམ་དབྱེའི་སྟེང་འགེབས་པ་ཡིན་དེས་རྒྱུ་རྐྱེན་དང་།འགྱུར་ཚུལ།ནད་རྟགས་སོགས་ཀྱི་རྣམ་པ་སྣ་མང་མངོན་མཚོན་བྱེད་ངེས་ཏེ།གང་ཡིན་ཟེར་ན་ཁ་ཤས་ཤིག་འབྲས་ནད་དང་འབྲེལ་ཐག་ཉེ་ལ།ཁ་ཤས་ཤིག་སུརྱ་དང་།མེ་དབལ་ལ་འབྲེལ་ཆེ་བ་ཡོད།དེ་བཞིན་རེ་ཟུང་ཞིག་སྐྲན་གྱི་རིགས་འགའ་ཞིག་དང་འབྲེལ་བ་ཡོད།ཕར་བལྟས་ཚོད་ལ་ཀན་སར་རིགས་ཕལ་ཆེ་བ་དྭངས་མ་མ་ཞུ་བའི་ནང་གསེས་བྱེར་བའི་རྐྱེན་གྱི་ཁོངས་སུ་གཏོགས་ཡོད། དེ་བས་ཕྱི་ལུགས་གསོ་རིག་གིས་ངོས་འཛིན་བྱས་ཟིན་པའམ་བྱེད་བཞིན་པའི་ཀན་སར་སོགས་ནད་རིགས་གང་འདྲ་ཞིག་ཡིན་ཀྱང་འདྲ་བ་ཙམ་རྒྱུ་མཚན་དུ་བཟུང་ནས་ནད་གཞི་གཅིག་ཏུ་ངོས་འཛིན་མི་བྱེད་བར།བོད་རང་གི་གསོ་རིག་གཞུང་ལུགས་ཀྱི་ལེགས་བཤད་རྣམས་སྤྱད་དེ་ནད་ཀྱི་འབྱུང་རྐྱེན་དང་ངོ་བོ་སོགས་ལ་ངོས་འཛིན་གསལ་བོ་བྱེད་རྒྱུ་ནི་ནད་པ་དང་སྨན་པ་གཉིས་ཀར་ཕན་པའི་ལས་སུ་འཁུམས།

བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བ་ལས་དྲངས།

About རྩོམ་སྒྲིག་པ།