རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་བཏང་།

རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) ཁྱབ་ཁོངས་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་མེད་པར་བཟོ་རྒྱུ་དང་། འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་འཕར་འགྱངས་བྱས་པ་བསྒྲགས་འདུག
རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་མུ་མཐུད་ཛ་དྲག་ཇེ་ཆེར་འགྲོ་བཞིན་ཡོད་པར་བརྟེན། ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) ཁྱབ་ཁོངས་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་མེད་པར་བཟོ་རྒྱུ་དང་། འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་འཕར་འགྱངས་བྱས་པ་བསྒྲགས་འདུག

རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་ཐག་གཅོད་དེ་ནི་ཁ་སང་ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོར་སྲིད་བློན་མུ་དྷི་མཆོག་དང་། ཤེས་ཡོན་བློན་ཆེན་རཱ་མེ་ཤ་པོ་ཀི་རལ་ (Ramesh Pokhriyal) དང་ཤེས་ཡོན་ལྷན་ཁང་གི་གནད་ཡོད་ལས་བྱེད་རྣམས་ལ་བཀའ་འདྲི་ཞུས་རྗེས་ཐག་གཅོད་བྱས་པ་ཞིག་ཡིན་འདུག་པ་དང་། འཆར་ཟླ་ ༦ པའི་ཚེས་ ༡ ཉིན་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཀྱི་དུས་ཚོད་གཏན་འབེབ་ཆེད། ནད་ཡམས་ཀྱི་གནས་སྟངས་སོགས་ལ་བསྐྱར་ཞིབ་བྱ་རྒྱུ་ཡིན་འདུག་པ་དང་། ཡིག་རྒྱུགས་མ་བཏང་སྔོན་གྱི་བདུན་ཕྲག་གཉིས་ཀྱི་གོང་དུ་ཡིག་རྒྱུགས་གཏན་འཁེལ་གྱི་དུས་ཚོད་གསལ་བསྒྲགས་བྱ་རྒྱུ་ཡིན་འདུག

འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་དྲ་ཐོག་ནས་གཏང་རྒྱུའི་ཐད་ལ་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས། འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་མེད་པར་བཟོ་རྒྱུ་དང་། དྲ་ཐོག་ནས་ཡིག་རྒྱུགས་གཏང་རྒྱུ་ནི་གདམ་ཀ་ཞིག་མིན་པར། ད་ལྟའི་དུས་ཡུན་ཐུང་ངུ་ལས་མེད་པའི་ནང་དྲ་ཐོག་ནས་གཏང་རྒྱུར་གྲ་སྒྲིག་ཡོང་མི་སྲིད་པ་ཞིག་དང་། སློབ་མ་རྣམས་ལ་དྲ་ཐོག་ནས་ཡིག་རྒྱུགས་གཏོང་བའི་ཐད་གོམས་འདྲིས་མེད་སྟབས། དཀའ་ངལ་ཆེན་པོ་ཞིག་ཡིན་སྐོར། དེ་བཞིན་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་རྒྱུགས་ཤོག་ཁག་གཏན་འབེབ་བྱས་ཟིན་སྟབས། རྒྱུགས་ཤོག་གི་ངོ་བོ་བསྒྱུར་རྒྱུའི་གནས་སྟངས་ཁག་པོ་ཞིག་ཡིན་སྐོར་བརྗོད་འདུག

རྒྱ་གར་རྒྱལ་ཡོངས་སུ་ནད་ཡམས་ཤུགས་ཆེན་ཁྱབ་གདལ་དུ་འགྲོ་བཞིན་པ་དང་བསྟུན། རྒྱ་གར་གྱི་མངའ་སྡེ་ཁག་ནས་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་མེད་པར་བཟོ་བའམ་འཕར་འགྱངས་གཏང་དགོས་སྐོར་གྱི་རེ་འདུན་འདོན་གྱི་ཡོད་པ་རེད་ལ། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཨར་ཝིན་ཀེ་ཇི་རི་ཝལ (Arvind Kejriwal)ལགས་ཀྱིས། ཉིན་གཅིག་གི་རིང་ལྡི་ལིའི་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྲངས་ ༣༥༠༠ ཙམ་བྱུང་ཡོད་པ་དང་། དེ་ནི་ད་བར་ལྡི་ལིའི་ནང་ནད་ཡམས་ཕོག་གྲངས་མང་ཤོས་དེ་ཡིན་སྐོར་དང་། ཡིག་རྒྱུགས་སྐབས་དགེ་རྒན་འབུམ་ ༡ ལྷག་དང་སློབ་ཕྲུག་འབུམ་ ༦ ཙམ་ཡིག་རྒྱུགས་ནང་མཉམ་ཞུགས་བྱ་དགོས་སྟབས། ཡིག་རྒྱུགས་ཀྱི་ས་ཚིགས་ཁག་ནད་ཡམས་ཀྱི་ལྟེ་གནས་སུ་འགྱུར་སྲིད་པ་དང་། སློབ་ཕྲུག་གི་འཕྲོད་བསྟེན་ནི་ཧ་ཅང་གལ་ཆེན་ཡིན་པས་ཡིག་རྒྱུགས་མེད་པར་བཟོ་བའམ་འཕར་འགྱངས་གཏང་དགོས་སྐོར་དབུས་གཞུང་ལ་ཞུས་ཡོད་པ་རེད།

སྤྱིར་འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ནི་ཕྱི་ཟླ་ ༥ ཚེས་ ༤ ནས་ཕྱི་ཟླ་ ༦ ཚེས་ ༧ བར་དང་། འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཕྱི་ཟླ་ ༥ ཚེས་ ༤ ཉིན་ནས་ཕྱི་ཟླ་ ༦ ཚེས་ ༡༤ བར་གཏང་འཆར་ཡོད་པ་དང་། དེའི་ནང་འཛིན་རིམ་བཅུ་པའི་སློབ་མ་གྲངས་ས་ཡ་ ༢ ལྷག་དང་། འཛིན་རིམ་བཅུ་གཉིས་པའི་ནང་སློབ་མ་གྲངས་ས་ཡ་གཅིག་དང་ཕྱེད་ཀ་ཙམ་མཉམ་ཞུགས་བྱེད་ཀྱི་ཡོད་འདུག་ལ། ཉེ་ལམ་རྒྱ་གར་རྒྱལ་ཡོངས་སུ་ནད་ཡམས་ཁྱབ་བརྡལ་འགྲོ་བཞིན་ཡོད་སྟབས། རྒྱ་གར་གྱི་མངའ་སྡེ་ ༡༡ གི་ནང་སློབ་གྲྭ་ཁག་སྒོ་བརྒྱབས་ཡོད་པ་རེད།

བོད་ཀྱི་དུས་བབ་ལས་དྲངས།

About རྩོམ་སྒྲིག་པ།