༄༅། །མཚོ་ནུབ་ཁུལ་ཝུའུ་ལན་རྫོང་གི་བོད་ཀྱི་དགོན་སྡེ།

༡     ཏུ་ལན་དགོན།

ཏུ་ལན་དགོན་ནི་སྤྱི་ལོ་༡༦༤༤ལོར་མཚོ་སྔོན་ཏུ་ལན་དུ་ཧུ་ཐོག་ཐུ་བྱམས་པ་བསྟན་འཛིན་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདིའི་དགོན་མིང་དངོས་ལ་དགོན་དགའ་ལྡན་གླིང་དུ་འབོད་ཅིང༌། འདི་ཕྱོགས་ཀྱི་སོག་སྡེའི་ཁྲོད་ཀྱི་དགེ་ལུགས་པའིདགོན་པ་ཆེ་ཤོས་དེ་ཡིན། དབུས་དགའ་ལྡན་དགོན་གྱི་དགོན་ལག་ཏུ་གཏོགས། སྤྱི་ལོ་༡༥༨༣ལོར་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོ་སྐུ་འབུམ་དུ་ཕེབས་སྐབས། འདིར་སྒོམ་སྒྲུབ་བྱེད་མཁན་ཞིག་ཡོད་པ་ཆེད་དུ་རྒྱལ་དབང་རིན་པོ་ཆེའི་མདུན་དུ་བསྐྱར་པང་སྔགས་ཡར་འཕེལ་ནས་འདིར་སྒོམ་ཁང་བཞེངས་རྒྱུའི་སྙན་གསན་ཕུལ། རྒྱལ་དབང་མཆོག་ནས་ལམ་སང་བཀའ་ལན་ཐོན་པ་ལྟར་སྒོམ་ཆེན་པས་གནས་འདིར་སྒོམ་ཁང་ཞིག་བཞེངས་པ་དེ་ནི་ཏུ་ལན་དགོན་གྱི་ཐོག་མའི་རྨང་གཞི་ཡིན། ཕྱིས་སྤྱི་ལོ་༡༦༤༤ ལོར་ཧུ་ཐོག་

ཐུ་བསྟན་འཛིན་གྱིས་རྒྱ་བསྐྱེད་ཀྱིས་དགོན་པ་བཏབ། དེ་བའི་སྐུ་ཕྲེང་རིམ་བྱོན་གྱིས་སྐྱོང་ཁུར་མཛད་པ་ཡིན་འདུག སྤྱི་ལོ་༡༩༥༨ ལོར་རྒྱས་བཤིག་སྟེ་ཆོས་སྒོ་བརྒྱབ།

སྤྱི་ལོ་༡༩༨༥ ལོར་དད་ལྡན་ཡུལ་མིས་བསྐྱར་བཞེངས་བྱས།

 

 

༢     ཚ་ཁའི་དགོན།

ཚ་ཁའི་དགོན་ནི་སྤྱི་ལོ་༡༦༤༤ལོར་མཚོ་སྔོན་ཚ་ཁ་རུ་བྱམས་པ་བསྟན་འཛིན་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

ཚ་ཁའི་དགོན་གྱི་དགོན་མིང་དངོས་ནི་དགའ་ལྡན་དགེ་འཕེལ་གླིང་ཟེར།དགོན་འདི་ནི་སོག་སྡེའི་ཁྲོད་ཀྱི་དགེ་ལུགས་པའི་དགོན་པ་ཆེ་ཤོས་དེ་ཡིན། དབུས་དགའ་ལྡན་གྱི་དགོན་ལག་ཏུ་གཏོགས། སྤྱི་ལོ་༡༥༨༣ ལོར་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོ་སྐུ་འབུམ་དུ་ཕེབས་སྐབས། འདིར་རི་ཁྲོད་པ་ཞིག་བཞུགས་པ་དེ་ཉིད། སྐུ་འབུམ་དུ་རྒྱལ་དབང་མཆོག་ལ་མཇལ་བཅར་གྱིས་གནས་འདིར་སྒོམ་ཁང་བརྩིག་རྒྱུའི་གསུང་བརྟག་ཞུས་པར་བཀའ་འཁྲོལ་ཐོབ་སྟེ། དེའི་ཕྱི་ལོ་གནས་འདིར་སྒོམ་ཁང་ཞིག་བརྩིགས་པ་དེ་ནི་དགོན་འདིའི་རྨང་གཞི་ཡིན། ཕྱིས་ཧོ་ཐོག་ཐུ་བསྟན་འཛིན་གྱིས་རྒྱ་བསྐྱེད་བྱས་ཏེ། སྤྱི་ལོ་༡༦༤༤ ལོར་དགོན་སྡེ་དངོས་སུ་བཏབ་

ཅིང་། ཁོང་གི་སྐུ་ཕྲེང་རིམ་བྱོན་གྱིས་བདག་སྐྱོང་མཛད། སྤྱི་ལོ་༡༩༡༢ ལོར་དགོན་པ་འདིར་ཉམས་ཆག་བྱུང་བར་བཤད་ཀྱང་རྒྱུ་རྐྱེན་ཅི་ཡིན་མ་ཤེས།སྤྱི་ལོ་༡༩༥༨ལོར་རྒྱ་གཞུང་གིས་བཤིག     སྤྱི་ལོ་༡༩༨༥ལོར་ས་གནས་མང་ཚོགས་ཀྱིས་དངུལ་དངོས་ཕུལ་ཏེ་སླར་གསོ་བྱས་ཡོད་འདུག

 

 

༣     ཁོ་ཁོའི་དགོན།

ཁོ་ཁོའི་དགོན་ནི་སྤྱི་ལོ་༡༧༨༠ལོར་མཚོ་སྔོན་ཁོ་ཁོ་རུ་བློ་བཟང་བསྟན་པའི་རྒྱལ་མཚན་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

ཁོ་ཁོའི་དགོན་དགེ་འདུན་བདེ་སྐྱིད་གླིང་དུ་འབོད་པ་འདི་ནི།སྤྱི་ལོ་༡༧༨༠བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་པཎ་ཆེན་ཞིང་སྡེར་པཎ་ཆེན་པོ་ཆེ་ཞུས་དོན་ལ་བཀའ་འཁྲོལ་ཐོབ་ནས་བཏབ་ཅིང་།དགའ་ལྡན་དགེ་འཕེལ་གླིང་ཞིས་པའི་དགོན་མིང་བཏགས།སྤྱི་ལོ་༡༨༩༡ལོར་བློ་བཟང་བསྟན་པའི་རྒྱལ་མཚན་སྐུ་ཕྲེང་གཉིས་པའི་རིང་།སྔར་གྱི་འདུ་ཁང་སོགས་ལ་རྙིང་སྐྱོན་ཆེ་བ་དང་།གྲྭ་གྲངས་མང་དུ་འཕར་བ་བཅས་ལ་བརྟེན་ནས།སྤྱི་བོའི་འདབས་ཞེས་པའི་སར་དགོན་གནས་སྤོས་ཏེ་རྒྱ་བསྐྱེད་བྱས།སྤྱི་ལོ་༡༩༥༨ལོར་རྒྱ་ནག་གིས་གཏོར་བཅོམ་བྱས།སྤྱི་ལོ་༡༩༨༦ལོར་ཡུལ་མིས་བསྐྱར་གསོ་ཙམ་བྱས་ཡོད།

 

 

༤    བསམ་གཏན་དགོན།

བསམ་གཏན་དགོན་ནི་སྤྱི་ལོ་༡༧༣༡ལོར་མཚོ་སྔོན་ཁོ་ཁོ་རུ་ངག་དབང་བསྟན་འཛིན་རྒྱ་མཚོ་སོགས་ཀྱིས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

བསམ་གཏན་དགོན་འདི་ཐོག་མར་གུར་དགོན་ཞིག་ཡིན་ཀྱང་།སྤྱི་ལོ་༡༧༧༥ལོར་གསེར་སྐོར་ཞེས་པས་ཁང་དགོན་དུ་བསྒྱུར།སྤྱི་ལོ་༡༩༢༠ནང་བོད་སོག་དང་ཁ་ཆེའི་རིགས་ཅན་དག་མ་འཆམ་ནས།དགོན་པ་ཧ་སག་ཏུ་གྲགས་པ་སོགས་ཁ་ཆེའི་རིགས་ཀྱིས་གཏོར་བཅོམ་བྱས།སྐབས་དེར་ཚེ་རིང་དོན་གྲུབ་བྱ་བས་གཙོ་འགན་ཁུར་ཏེ་པཱ་ཞིན་ཐུའུ་ཞེས་པའི་སར་དགོན་གནས་སྤོས་ཏེ་འདུ་ཁང་སོགས་བཞེངས་།

སྤྱི་ལོ་༡༩༢༢ལོར་ལྷ་དབང་རིན་ཆེན་བྱ་བས་ཡང་བསྐྱར་དགོན་གནས་སྤོས།སྤྱི་ལོ་༡༩༣༠།༤༠བར་ཡང་བསྐྱར་ཧ་སག་མི་རིགས་ཀྱིས་དགོན་པ་གཏོར་བཅོམ་བྱས།སྤྱི་ལོ་༡༩༣༥ལོར་དམ་ཆོས་སོགས་ཡུལ་མི་དྲག་གྲས་ཁག་གིས་མགོ་དྲངས་ཏེ།གསེར་སྐོར་ཞེས་པའི་སར་དགོན་པ་བསྐྱར་འདེབས་བྱས།

སྤྱི་ལོ་༡༩༥༨ལོར་རྒྱ་དམར་གུང་ཁྲན་གྱིས་དགོན་པ་རྨང་ནས་བཤིག       སྤྱི་ལོ་༡༩༨༣ལོ་ནས་ས་གནས་ཡུལ་མིས་ཞལ་འདེབས་ཕུལ་ཏེ་བསྐྱར་གསོ་བྱས།

About རྩོམ་སྒྲིག་པ།