ཏོག་དབྱིབས་ནད་རླབས་གསུམ་པ་ཡོང་ཉེན་ཡོད་པས་ཡིད་གཟབ་དགོས་པའི་འབོད་སྐུལ་གནང་།

བདུན་ཕྲག་འདིའི་ནང་རྒྱ་བལ་གཉིས་ཀྱི་ནང་བོད་མི་ཏོག་དབྱིབས་ནད་པ་ ༢༩༦ བྱུང་བ་དང་མི་ ༨ འདས་གྲོངས་སུ་ཕྱིན་ཡོད་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༦༢ གནང་བ་ལྟར་ན། ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་དང་པོ་སྟེ། ཕྱི་ལོ་ ༢༠༢༠ ཟླ་ ༥ ནས་ཕྱི་ལོ་ ༢༠༢༡ ཟླ་ ༢ བར་རྒྱ་གར་དང་བལ་ཡུལ་ནང་ཁྱོན་ཏོག་དབྱིབས་ནད་པ་ ༡༥༦༦ བྱུང་བ་དང་། མི་ ༤༠ རྐྱེན་འདས་སུ་ཕྱིན། ནད་རླབས་གཉིས་པའི་སྐབས་རྒྱ་གར་དང་བལ་ཡུལ་ནང་ཕྱི་ལོ་ ༢༠༢༡ ཟླ་ ༣ ནས་ ༥ བར་དུ་ནད་པ་ ༢༤༥༣ བྱུང་བ་ལས་མི་ ༨༢ རྐྱེན་འདས་སུ་ཕྱིན་ཡོད་འདུག

 

གསལ་བསྒྲགས་སྐབས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་འགྲུབ་ལགས་ཀྱིས། སྨན་པ་མང་ཆེ་བས་ནད་རླབས་གསུམ་པ་བསླེབ་ཀྱི་རེད་ཟེར་བ་དང་། ཡང་ནད་རླབས་གསུམ་པ་བསླེབ་ཀྱི་མ་རེད་ཟེར་ནས་ཤོད་མཁན་འདུག གལ་ཏེ་ནད་རླབས་གསུམ་པ་བསླེབ་པ་ཡིན་ན་ཕྲུ་གུ་ཚོའི་གནས་སྟངས་སྡུག་ཏུ་ཕྱིན་རྒྱུ་རེད་ཟེར་ནས་བཤད་མཁན་ཡོད་དུས། ང་ཚོའི་ངོས་ནས་ལུས་སེམས་གསོ་བྱེད་ཀྱི་སྨན་དེ་གསུམ་ཆ་གཅིག་སྨན་རྩིས་ཁང་གིས་རིན་པ་གནང་བ་དང་། གསུམ་ཆ་གཉིས་བོད་མིའི་སྒྲིག་འཛུགས་ཀྱིས་རིན་པ་གནང་སྟེ་བོད་མི་སྟོང་ཕྲག་ ༣༥ ལྷག་ལ་ཕུལ་ཟིན་པ་རེད། ད་ལྟའི་ཆར་ལུས་སེམས་གསོ་བྱེད་ཀྱི་སྨན་དེ་ལོ་བཞི་ནས་བཅུ་བདུན་དང་ལོ་བཅོ་བརྒྱད་ནས་བཞི་བཅུ་ཞེ་བཞི་བར་ཁབ་མ་ཐོབ་མཁན་ཚང་མ་ལ་དགོས་མཁོ་ཆེ་བ་འདུག གཞིས་ཆགས་ཁག་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་གལ་ཆེན་པོ་རེད། འོན་ཀྱང་ཆོས་ཕྱོགས་ཀྱི་མཛད་སྒོ་གང་ཡིན་རུང་ཚོགས་ཁང་ནང་འཛོམས་ཏེ་བསགས་དགོས་ཀྱི་མེད་པ་དང་རང་ཉིད་ཀྱི་ཁྱིམ་ཚང་དུ་བསགས་ཏེ་གྲངས་ཐོ་བསྡུས་པ་ཡིན་ནའང་འགྲིག་གི་ཡོད་པས། མང་ཚོགས་རྣམས་མཉམ་འཛོམས་མ་གནང་རོགས། ཞེས་བརྗོད་སོང།

དེ་ནས་སྨན་པ་མཚམས་གཅོད་ལགས་ཀྱིས། ད་ལྟའི་ཆར་རྒྱ་གར་ནང་ས་གནས་གྲངས་ ༢༢ དང་བལ་ཡུལ་ནང་ས་གནས་གྲངས་ ༤ ཡི་ནང་བོད་མི་ ༡༠༥༩ ཟུར་བཀག་ཏུ་བཞུགས་ཡོད་པ་དང་། ལུས་སེམས་ནུས་གསོའི་སྨན་དེ་ད་ལྟ་བར་དུ་མི་ ༣༥།༧༩༨ ལ་རིན་མེད་ཐོག་ཕུལ་ཟིན་འདུག སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ཐོག་ནས་བདུན་ཕྲག་འདིའི་ནང་བོད་མི་གྲངས་ ༡༡༤ ལ་འབྲེལ་བ་བྱས་ཐུབ་འདུག འདིའི་ནང་ནས་མི་མང་ཆེ་བའི་སེམས་ལ་དངངས་སྐྲག་དང་ཞེད་སྣང་ཡོད་པའི་གནས་སྟངས་འདུག རྒྱ་གར་ནང་ས་གནས་གྲངས་ ༡༦ དང་བལ་ཡུལ་ནང་ས་གནས་གྲངས་ ༢ ལ་བདུན་ཕྲག་འདིའི་ནང་མི་ ༡༤༠༩ ལ་བརྟག་དཔྱད་བྱས་ཡོད། བདུན་ཕྲག་འདིའི་ནང་ནད་གཞི་ཕོག་པའི་མི་ ༢༩༦ རེད་འདུག དེ་ཡང་སྐྱེས་པ་གྲངས་ ༡༨༩ དང་བུད་མེད་གྲངས་ ༡༠༧ ཡིན་ཞིང་ལོ་མཐོ་ཤོས་དེ་ ༦༦ དང་ལོ་ཆུང་ཤོས་བྱིས་པ་ལོ་ ༢ རེད་འདུག བདུན་ཕྲག་འདིའི་ནང་སྐྱེས་པ་ ༥ དང་བུད་མེད་ ༣ རྐྱེན་འདས་སུ་ཕྱིན་ཡོད་འདུག རྒྱ་གར་དང་བལ་ཡུལ་ནང་ད་ལྟ་བར་དུ་ནད་གཞི་ཕོག་པའི་མི་གྲངས་ ༤༦༨༡ དང་དྲག་སྐྱེད་སོང་བའི་མི་ ༣༦༩༦། རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ ༡༢༢། ནད་ཀྱིས་མནར་བཞིན་པའི་མི་གྲངས་ ༨༦༣ རེད་འདུག ཅེས་བརྗོད་སོང་།

ཡང་སྨན་པ་རྣམ་སྒྲོལ་ལགས་ཀྱིས། རྒྱ་གར་རྒྱལ་ཡོངས་ཀྱི་ནང་དུ་ནད་རླབས་གཉིས་པའི་རྐྱེན་གྱིས་ན་ཚ་ན་མཁན་མང་པོ་བྱུང་ཡོད་པ་རེད་ལ། དྲག་སྐྱེད་ཕྱིན་མཁན་ཡང་མང་པོ་བྱུང་ཡོད་པ་རེད། ནད་རྟགས་རྒྱུན་རིང་པོ་གནས་མཁན་དེ་དག་ནི་ལོ་ན་བགྲེས་པ་དང་ཁྲག་ཤེད་ཡོད་མཁན་རེད་འདུག སྤྱིར་བཏང་ཏོག་དབྱིབས་ནད་པ་ཆགས་པ་ཡིན་ན་གཙོ་བོ་གློ་བ་ལ་གནོད་སྐྱོན་བྱེད་ཀྱི་ཡོད་པ་དང་དེའི་རྐྱེན་གྱིས་ཕྱིས་སུ་དྲག་སྐྱེད་ཕྱིན་ཡང་གློ་བ་ལ་དཀའ་ངལ་འཕྲད་དེ་དབུགས་གཏོང་ལེན་བྱེད་པར་དཀའ་ངལ་འཕྲད་མཁན་དང་། སྙིང་དང་ཀླད་པ་ལའང་དཀའ་ངལ་འཕྲད་མཁན་བྱུང་ཡོད་པ་རེད། ནད་རྟགས་རྒྱུན་རིང་པོ་བསྡད་ཀྱི་ཡོད་པ་དེ་ཤེས་དགོས་རྒྱུ་གལ་ཆེན་པོ་རེད་འདུག ཚང་མས་ལུས་སྦྱོང་རྩེ་རྒྱུ་དང་ཞལ་ལག་བཅུད་ཆེན་པོ་མཆོད་རྒྱུ་གལ་ཆེན་པོ་རེད་འདུག ད་ལྟའི་ཆར་ལོ་ན་ ༡༨ ཡན་ཆད་ལ་སྨན་ཁབ་རག་གི་ཡོད་ན་ངེས་པར་དུ་ཁབ་བརྒྱབ་རོགས་གནང་། ཞེས་བརྗོད་སོང།

བོད་ཀྱི་དུས་བབ་ལས་དྲངས།

About རྩོམ་སྒྲིག་པ།