འཚོ་བཅུད་D འདི་ཁྱེད་ཀྱིས་ངེས་པར་ཤེས་དགོས་པའི་གནད་དོན་ཞིག་ཡིན། དེང་སྐབས་ཁྲོམ་རྭ་གང་སར་འཚོ་བཅུད་(vitamins)སྣ་མང་ཞིག་འཚོང་བཞིན་ཡོད། རྒྱལ་ཁབ་དང་ས་གནས་སོ་སོའི་ཟས་རིགས་དང་སྨན་རྫས་དོ་དམ་བྱེད་ལུགས་མི་འདྲ་བ་ཡོད་པས། ཚོང་རྭར་འགྲེམ་སྤེལ་བྱེད་བཞིན་པའི་འཚོ་བཅུད་རིགས་ལ་ཡང་བཟང་ངན་དང་དག་རྫུན་གྱི་ཧེ་བག་ཧ་ཅང་ཆེན་པོ་ཡོང་གི་ཡོད།
རྒྱལ་སྤྱིའི་ཁྱོན་དུ་འཚོང་འགྲེམ་བྱེད་བཞིན་པའི་འཚོ་བཅུད་རིགས་རྣམས་ཟས་རིགས་ཀྱི་ཁྱབ་ཁོངས་སུ་བརྩི་བ་ལས། སྨན་རྫས་ཀྱི་ཁོངས་སུ་བརྩི་བཞིན་མེད་པའི་དོན་དངོས་འདི་ང་ཚོས་ངེས་པར་ཤེས་དགོས། དེ་བཞིན་འཚོ་བཅུད་རིགས་ལ་ན་ཚ་བཅོས་ཐུབ་པའི་སྨན་ནུས་གང་ཡང་མེད་པ་མ་ཟད། དེ་དག་ནང་སྡེབ་སྦྱོར་བྱས་པའི་བཅུད་སྣའམ། སྨན་རྫས་ཅི་དང་གང་ཡོད་པ་རྣམས་ཚན་རིག་རང་བཞིན་གྱིས་ཁུངས་སྐྱེལ་ཐུབ་པ་ཞིག་མིན།
འཚོ་བཅུད་D ནི་འཚོ་བཅུད་གཞན་དག་དང་འདྲ་བར་ང་ཚོར་ངེས་པར་མཁོ་བ་ཞིག་ཡིན། འཚོ་བཅུད་D ཡོད་པའི་ཟས་རིགས་ཉུང་ཤས་ཤིག་ལས་མེད། དེ་དག་ཕལ་ཆེ་བ་ནི་ཉ་རིགས་དང་། བྱ་སྒོང་། ཤ་དམར་པོའི་རིགས་དང་། འོ་མ་བཅས་ཡིན། རྒྱལ་སྤྱིའི་ཁྱོན་དུ་འཚོ་བཅུད་D འདི་རྩོད་གཞི་ཅན་གྱི་འཚོ་བཅུད་ཅིག་ཏུ་གྱུར་ཡོད། དེ་ནི་ཁེ་ལས་སྡེ་ཁག་མང་པོས་འཚོ་བཅུད་D འདི་རང་བྱུང་གི་ཟས་རིགས་མང་པོ་ཞིག་ཏུ་མེད་པའི་དོན་དངོས་དེ་གོ་སྐབས་སུ་བཟུང་ནས། ཁྲོམ་རའི་ནང་འཚོ་བཅུད་D གང་མང་མང་འཚོང་ཐབས་སུ་ཚན་རིག་དང་མི་མཐུན་པའི་འགྲེལ་བརྗོད་སྣ་ཚོགས་བྱས་པ་དང་། མི་མང་ལ་གོ་རྟོགས་ཞན་པས་དྲིལ་བསྒྲགས་དེ་དག་གི་གཡོ་འོག་ཏུ་ཚུད་པ་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན།
འཚོ་བཅུད་D དང་འབྲེལ་བའི་རྩོད་གླེང་།
སྤྱི་ལོ་2010 ལོའི་སྤྱི་ཟླ་8 ཚེས་19 ཉིན། ཨ་རིའི་ཨེ་ཋི་ལན་ཌ་གྲོང་ཁྱེར་དུ་བརྟེན་གཞི་བྱས་པའི་ནད་རིགས་སྔོན་འགོག་ལྟེ་གནས་ཁང་གིས་གནད་དོན་འདིར་གསལ་ཁ་བཏོད་ཆེད་ཆེད་མཁས་པའི་བགྲོ་གླེང་ཞིག་བསྡུ་བསྐོང་བྱས་པའི་གནས་ཚུལ་ཨ་རིའི་ནད་རིགས་སྔོན་འགོག་ལྟེ་གནས་ཁང་རང་ཉིད་ཀྱིས་འགྲེལ་བརྗོད་འདི་ལྟར་བྱས་ཡོད། “ཉིན་དེར་འཚོ་བཅུད་D དེ་བཞིན་འཚོ་བཅུད་ཚང་མའི་ནང་གི་རྩོད་གཞི་ཆེ་ཤོས་ཀྱི་གླེང་གཞིར་གྱུར། འཚོ་བཅུད་D འདི་རུས་སོབ་ཆགས་པའི་ནད་(osteoporosis/骨质疏松症) སྔོན་འགོག་ཐུབ་པ་ལྟ་བུའི་དངོས་ཡོད་གནས་ཚུལ་གྱི་དཔང་རྟགས་ངེས་ཅན་ཞིག་ཡོད་པ་དེ་ལྟར་ཡང་། ཉེ་བའི་ཞིབ་འཇུག་གྲུབ་དོན་ཁག་ཅིག་གིས་འཚོ་བཅུད་D བསྟེན་ཚད་ཇེ་མང་དུ་བཏང་བ་དེས་འབྲས་སྐྲན་ནམ་ཀན་སར་རིགས་སྣ་མང་དང་། གཅིན་སྙིའི་ནད། སྙིང་གི་ནད་སོགས་སྔོན་འགོག་ཐུབ་ལུགས་ཀྱི་སྒྲུབ་བྱེད་བཀོད་ཡོད་ཅིང་། མི་མང་པོ་ཞིག་གིས་འཚོ་བཅུད་D ནི་”བྱིན་རླབས་འཚོ་བཅུད་”ལྟ་བུ་ཞིག་ཏུ་བརྩི་བཞིན་ཡོད། ཡིན་ན་ཡང་། གོང་གི་ཞིབ་འཇུག་གྲུབ་དོན་འདི་དག་ལ་ཕྱིས་སུ་ཁུངས་སྐྱེལ་ར་སྤྲོད་ཡང་དག་པ་སྟོན་རྒྱུ་མི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། འཚོ་བཅུད་D བསྟེན་རྒྱུ་མང་དྲགས་ན་དུག་ཏུ་འགྱུར་བཞིན་པའི་དཔང་རྟགས་ཀྱང་རྙེད་སོན་བྱུང་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས། ཨ་རི་དང་ཁ་ཎ་ཌ་སྲིད་གཞུང་གིས་གསོ་རིག་ཚོགས་སྡེ་ལ་བཀོད་མངགས་ཀྱིས་ཟས་ཀྱི་ཁ་སྣོན་དུ་འཚོ་བཅུད་D ཚད་ཅི་ཙམ་དགོས་མིན་ཐད་ཆེད་དུ་ཞིབ་འཇུག་བྱེད་བཅུག་ཡོད།” (ཁུངས།: https://www.cdc.gov/cdcgrandrounds/archives/2010/08-august.htm)
འཚོ་བཅུད་D དང་འབྲེལ་བའི་འཆི་རྐྱེན།
སྤྱི་ལོ་༢༠༡༧ ལོའི་ཟླ་༡ ཚེས་༨ ཉིན་དབྱིན་ཇིའི་རྒྱལ་སྤྱིའི་གསར་འགྱུར་བྷིས་བྷིས་སིས་འཕྲོད་བསྟེན་ཚན་པས་སྤེལ་བའི་གནས་ཚུལ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཀྱིས་ལོ་ངོ་ཉེར་དྲུག་རིང་བེད་སྤྱོད་རྒྱ་ཆེར་བྱས་པའི་འཚོ་བཅུད་ཌི་(vitamin D)ཁྲོམ་རྭ་ནས་གཏན་འགོག་བྱས་ཡོད། ཧྥ་རན་སི་རྒྱལ་ཁབ་ཀྱིས་ལོ་ན་ལྔ་དམན་གྱི་བྱིས་པ་ཚོར་འཚོ་བཅུད་D མི་འདང་བའི་དཀའ་ངལ་སེལ་ཆེད་འདས་པའི་ལོ་ངོ་ཉེར་དྲུག་ཙམ་གྱི་རིང་འཚོ་བཅུད་Dསྤྲད་ཡོད་ཀྱང་། ཉེ་བའི་ཆར་བྱིས་པ་མ་འབྱར་ཅིག་ལ་འཚོ་བཅུད་D སྤྲད་ནས་ཆུ་ཚོད་འགའི་རྗེས་སུ་བྱིས་པ་དབུགས་འགག་ནས་ཤི་ཡོད། གནད་དོན་དེར་དབྱེ་ཞིབ་བྱས་འབྲས་སུ་ཁོང་ཚོས་འཚོ་བཅུད་D ཁྲོམ་རྭ་ནས་གཏན་འགོག་བྱས་ཡོད་པ་རེད། (ཁུངས། བྷིས་བྷིས་གསར་འགྱུར།: www.bbc.co.uk/news/amp/38505538)
འཚོ་བཅུད་D ལ་དོ་སྣང་དང་། ཁྲོམ་བསྒྲགས་རྫུན་མར་གཟབ་དགོས།
འཚོ་བཅུད་རིགས་སྤྱི་དང་། དམིགས་བསལ་གྱིས་འཚོ་བཅུད་D འདི་ང་ཚོར་དགོས་ངེས་ཅན་ཞིག་ཡིན། ཡིན་ན་ཡང་། འདི་ཟས་རིགས་ཚང་མའི་ནང་ཡོད་པ་ཞིག་མིན། ཁྲོམ་རྭའི་ནང་གི་མིས་བཟོས་འཚོ་བཅུད་D ལ་སྤུས་ཀ་དང་། དག་རྫུན་གྱི་གནས་ཚུལ་ཡང་ཧ་ཅང་མང་པས། ད་ང་ཚོས་ཅི་ཞིག་བྱེད་དགོས་སམ།
ཁེ་ལས་སྡེ་ཁག་གིས་ཁྱེད་ལ་ང་ཚོའི་འདི་དག་མ་དང་། སྤུས་ལེགས་ཡིན་ཟེར་བ་ལས། དྲིས་ལན་ངོ་མ་ཞིག་དང་གསལ་བོ་ཞིག་མི་བཤད། དོན་དངོས་བཤད་ན། ང་ཚོར་མཁོ་བའི་འཚོ་བཅུད་D དེ་སུས་ཀྱང་རིན་མེད་དུ་ལེན་ཆོག དེ་ནི་ཉི་མའི་འོད་ཀྱི་ནང་དུ་ཡོད་པས། ང་ཚོས་ཉིན་ལྟར་དུས་ཡུན་གང་འཚམས་རིང་ཉི་མར་ལྡེ་ཐུབ་ན། སྤུས་ཀ་ལེགས་ཤིང་། ཁུངས་དག་པའི་འཚོ་བཅུད་D ལེན་ཐུབ། དེ་ཡང་། ཤ་རྗེན་པ་ཉི་མར་བསྟན་ན། ང་ཚོའི་པགས་པས་ཉི་འོད་ནང་གི་སྨུག་ཕྱིའི་འོད་B (ultraviolet B (UVB) ནང་འདྲེན་གྱིས་ལུས་པོ་རང་ངོས་ནས་ང་ཚོར་དགོས་ངེས་ཀྱི་འཚོ་བཅུད་D མཁོ་འདོན་བྱེད་ཐུབ། སྨུག་ཕྱིའི་འོད་འདི་ཉི་མའི་འོད་ནང་ག་དུས་ཡིན་ཡང་ཡོད་པས། ཉིན་ཧྲིལ་པོར་ང་ཚོས་འཚོ་བཅུད་D ལེན་ཆོག
སྐབས་འདིར་ཁྱེད་ཀྱིས་”ཡང་སྙིང་དུས་ཡུན་ག་ཚོད་བར་ཉི་མར་ལྡེ་དགོས་
སམ་”སྙམ་བཞིན་ཡོད་སྲིད། དྲི་བ་དེ་གནད་འགག་ཆགས་ཡོད་ཀྱང་། དེ་ལ་ཡོངས་གྲགས་སམ་གཅིག་གྱུར་གྱི་ལན་ཞིག་མེད། གང་ཡིན་ཟེར་ན། དུས་ཚིགས་སོ་སོ་དང་། ས་བབ་མཐོ་དམའ། འཛམ་གླིང་ཤར་ནུབ་གང་དུ་ཡོད་མེད། ཉི་མའི་འོད་ལ་ལུས་ཀྱི་ཤ་རྗེན་པ་ག་ཚོད་ཅིག་བསྟན་མིན། དེ་བཞིན་ཁྱེད་རང་གི་ཤ་མདོག་སོགས་ཚང་མས་གནས་ལུགས་འདིར་ཤུགས་རྐྱེན་ཐེབས་བཞིན་ཡོད། ཤ་མདོག་ནག་པོ་ཡོད་མཁན་ཚོས་ཤ་མདོག་དཀར་བའི་མི་དང་བསྡུར་ན་དུས་ཡུན་རིང་ཙམ་ལྡེ་དགོས། གལ་སྲིད་ཁྱེད་རང་ཉིན་ལྟར་ཉི་མའི་ནང་ཡར་འགྲོ་མར་འགྲོ་བྱེད་མཁན་ཞིག་ཡིན་ན། ཁྱེད་ལ་འཚོ་བཅུད་D མི་འདང་བའི་དཀའ་ངལ་དེ་ཡོད་མི་སྲིད་ཀྱང་། གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་ཏུ། དགུན་ཁའི་དུས་སུ་ཆེད་དུ་ཉི་འོད་ལ་བདག་པོ་རྒྱག་ནས་ཉི་འོད་ནང་དུས་ཡུན་རིང་ཙམ་སྡོད་ཐབས་བྱེད་དགོས། གསལ་བོར་ངེས་དགོས་པ་ཞིག་ནི། སྨུག་ཕྱིའི་འོད་འདི་ཤེལ་སྒོ་བརྒྱུད་ནས་ཡོང་མི་ཐུབ་པས། རླངས་འཁོར་ནང་དང་། ཤེལ་སྒོ་ཆེ་བའི་ཁང་པའི་ནང་གི་ཉི་འོད་ཀྱིས་ཁྱེད་ལ་སྨུག་ཕྱིའི་འོད་སྦྱིན་མི་ཐུབ། དེ་བས། ཁང་པའི་ཕྱིར་ཐོན་ནས་ཉི་འོད་རང་གི་ལུས་ཀྱི་པགས་པའི་སྟེང་ཐད་ཀར་ཕོགས་འཇུག་དགོས། ཁ་ཆེའི་སྐྱེས་མ་ཚོས་ལུས་ཡོངས་གོས་ཀྱིས་བཏུམས་བཞིན་ཡོད་པ་དེས་ཁོང་ཚོའི་ལུས་ལ་འཚོ་བཅུད་D མི་འདང་བའི་དཀའ་ངལ་དང་འབྲེལ་ཆགས་པའི་འཕྲོད་བསྟེན་གྱི་དཀའ་ངལ་མང་པོ་ཞིག་ཡོང་གི་ཡོད། (ཁུངས།:https://blogs.scientificamerican.com/news-blog/does-modest-dress-among-arab-americ-2009-02-16/)
བྱིས་པ་ཟླ་བ་དྲུག་ཁ་མ་གང་བ་ཚོ་ཉི་འོད་ལ་ཐད་ཀར་ལྡེ་མི་རུང་། ཉི་འོད་ཐད་ཀར་མི་ཕོགས་པའི་གྲིབ་མའི་ནང་བསྡད་ན་ཡང་འཚོ་བཅུད་D ཐོབ་ཐུབ། རྒྱལ་ཁབ་མང་པོ་ཞིག་ཏུ་བྱིས་པའི་ཟས་རིགས་ནང་འཚོ་བཅུད་D ངེས་པར་བསྲེས་དགོས་པའི་ཁྲིམས་སྲོལ་ཡོད་པ་མ་ཟད། ལོ་ན་ལྔའི་འོག་གི་བྱིས་པ་ཚོར་འཚོ་བཅུད་D ཆེད་དུ་སྟེར་བ་རེད།
འདིའི་རྗེས་སུ་ང་ཚོས་འཚོ་བཅུད་D ཡིས་མིའི་ལུས་པོའི་ནང་ལས་ཀ་ཅི་ཞིག་བྱེད་པ་དང་། མ་འདང་བའི་དཀའ་ངལ་སྐོར་རོབ་ཙམ་གླེང་རྒྱུ་ཡིན་པས། ཉིད་ཀྱིས་རྩོམ་ཡིག་འདི་གཞན་ལ་བརྒྱུད་འགོད་དང་། ངོ་སྤྲོད་བྱེད་པར་དགའ་བསུ་མ་གཏོགས་དགག་བྱ་མེད་ཀྱང་། རེ་བ་ལ་ཁྱེད་ཀྱིས་ངེད་ཀྱི་དྲ་ཐག་ངོ་སྤྲོད་གནང་རོགས། དེ་ལྟར་གནང་ན་ཀློག་མཁན་ཚོས་ཤེས་བྱ་ཆ་ཚང་བ་ཞིག་ཤེས་ཐུབ་པ་མ་ཟད། ང་ཚོས་སྐབས་ཐོག་ཏུ་མ་མཐོང་བའི་དག་ནོར་དོན་ནོར་ཁག་ལ་ཕྱིས་སུ་ནོར་བཅོས་དང་། སྣོན་འཕྲོ་སྤོར་གཅོག་ཀྱང་བྱེད་སྲིད་པ་ཡིན།
བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བ་ལས་དྲངས།