བོད་ཀྱི་ཁྱད་ཆོས་ལ་ལྟ་རྟོག་གང་ལེགས་བྱས་ཏེ།ལས་དོན་མཐའ་དག་བོད་ཀྱི་དོན་དངོས་དང་བསྟུན་དགོས་པ་དེ་ནི།གྲོས་མཐུན་དོན་ཚན་བཅུ་བདུན་ནང་དུ་མཚོན་པའི་རྩ་དོན་ཞིག་ཡིན།

བོད་ནི་ང་ཚོའི་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་དང་།བོད་རིགས་ནི་གཅིག་གྱུར་དང་།མི་རིགས་མང་བའི་རང་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་གི་ཁོངས་མི་ཞིག་ཡིན་ཞིང་།དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་བོད་རིགས་མི་དམངས་ཀྱིས།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་ཐུན་མོང་ཐོག་རང་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་ས་ཆ་གསར་དུ་བཏོད་པ་དང་།དཔལ་འབྱོར་གོང་འཕེལ་འགྲོ་རྒྱུར་སྐུལ་སྤེལ་ལ་གཏོང་བ།འོད་སྟོང་འབར་བའི་རིག་གནས་གསར་སྐྲུན་བྱེད་པ་བཅས་བྱས་ནས།ང་ཚོའི་རླབས་ཆེན་མེས་རྒྱལ་གསར་སྐྲུན་དང་འཕེལ་རྒྱས་གཏོང་ཆེད་རང་ཉིད་ཀྱིས་གཟི་བརྗིད་ཀྱི་འགན་འཁུར་ཡོད་པ་རེད།

འོན་ཀྱང་བཅིངས་འགྲོལ་མ་བཏང་གོང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་འཆིང་ཐག་གིས་ཤུགས་ཆེན་བཅིངས་པ་དང་།ཀྲུང་གོ་རྙིང་པའི་དབང་གྱུར་གྲལ་རིམ་གྱིས་མི་རི གས་མཐོང་ཆུང་དང༌། མི་རིགས་གཉའ་གནོན་གྱི་ལོག་སྤྱོད་སྲིད་ཇུས་ལག་ལེན་བསྟར་བ། བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཕྲོག་བཅོམ། དབྱེན་སྦྱོར་དཀྲུག་ཤིང་བཅས་ཀྱིས་རྐྱེན་པས་ཡུན་རིང་བར་བོད་ས་ཁུལ་འདི་ཤིན་ཏུ་དབུལ་ཞིང་རྗེས་ལུས་ཀྱི་གནས་སུ་གྱུར་བ་དང་། བོད་ཀྱི་མི་དམངས་རྣམས་འཚོ་བ་ཧ་ཅང་སྐྱོ་པོ་སྐྱེལ་དགོས་བྱུང་བ།

བོད་ས་གནས་དང་ཀྲུང་དབྱང་བར་གྱི་འབྲེལ་བ་དང་། བོད་རྒྱ་མི་རིགས་བར་གྱི་འབྲེལ་བ། དེ་བཞིན་བོད་ནང་ཁུལ་གྱི་འབྲེལ་བ་བཅས་ལ་གནོད་འཚེ་ཚབས་ཆེན་བྱུང་བ་རེད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་རྗེས་རང་རྒྱལ་གྱི་མི་རིགས་འབྲེལ་བར་རྩ་བའི་འགྱུར་ལྡོག་བྱུང་ཞིང་། ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་འདྲ་མཉམ་དང་། མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་རྨང་གཞི་གསར་པའི་ཐོག་མི་རིགས་མཐུན་སྒྲིལ་ཆེན་པོ་དངོས་སུ་བྱེད་ཐུབ་པ་བྱུང་བ་རེད།བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་སྟོབས་ཤུགས་མཐར་སྤྲོད་བཏང་ནས་མེས་རྒྱལ་གཅིག་གྱུར་ཡོང་བའི་བྱ་གཞག་ཆེན་པོ་སྒྲུབ་པ་དང་། བོད་ཀྱི་རྒྱ་ཆེའི་མི་དམངས་ལ་བཅིངས་འགྲོལ་གཏོང་ཆེད་ཏང་ཀྲུང་དབྱང་དང༌། ཀྲུང་དབྱང་མི་དམངས་སྲིད་གཞུང་། མའོ་ཀྲུའུ་ཞི་བཅས་ཀྱིས་བོད་ཀྱི་ལོ་རྒྱུས་དང༌།མི་རིགས། ཆོས་ལུགས་སོགས་གང་སྤྱི་ཐད་ཀྱི་དངོས་ཡོད་གནས་ཚུལ་དང་བསྟུན་

ནས་བོད་ཞི་བའི་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གལ་ཆེའི་ཐབས་ཇུས་གཏན་འབེབས་གནང་ཞིང་། དཀའ་སྤྱད་འབད་བརྩོན་བྱས་མཐར་བཙན་རྒྱལ་རིང་ལུགས་དང་ལོག་སྤྱོད་ཤོག་ཁའི་འགོག་རྐྱེན་དང་གཏོར་བཤིག་ཕམ་ཉེས་སུ་བཏང་ནས། སྤྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་༼བོད་ཞི་བའི་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན།༽ལ་མིང་རྟགས་བཀོད་པ་རེད།དེ་ནས་བཟུང་བོད་ཀྱི་མི་དམངས་རྣམས་བཙན་རྒྱལ་རིང་ལུགས་ཀྱི་འཆིང་ཐག་ལས་གྲོལ་ཏེ། མེས་རྒྱལ་གྱི་པང་དུ་མི་རིགས་འདྲ་མཉམ་དང་ས་ཁོངས་རང་སྐྱོང་གི་དབང་ཆ་ལོངས་སུ་སྤྱོད་རྒྱུ་བྱུང་བ་དེ་ནི་བོད་ཀྱི་མི་དམངས་རྣམས་ཀྱིས་ལོ་མང་རི ང་རེ་སྒུག་ཆེན་པོ་བྱས་པ་ཞིག་ཡིན་པ་དང༌། དེ་ནི་ང་ཚོ་བོད་ཀྱི་མི་རིགས་ཉམས་རྒུད་ནས་དར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པ་དང་། རྗེས་ལུས་ནས་ཡར་ཐོན་གྱི་ཕྱོགས་སུ་བསྐྱོད་པ། ཁ་བྲལ་ནས་མཐུན་སྒྲིལ་གྱི་ཕྱོགས་སུ་བསྐྱོད་པ། མུན་ནག་ནས་འོད་ཟེ ར་ལྡན་པའི་ཕྱོགས་སུ་བསྐྱོད་པ་བཅས་ཀྱི་གལ་ཆེའི་ཁ་ཕྱོགས་འགྱུར་མཚམས་ཞིག་རེད།

དེ་ནི་མི་རིགས་དབར་གྱི་འབྲེལ་བར་ལེགས་བཅོས་གཏོང་བ་དང་། མེས་རྒྱལ་གྱི་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། བོད་ནང་ཁུལ་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། བོད་མི་དམངས་ཀྱི་དར་རྒྱས་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བཤད་ན་གལ་ཆེའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད་པ་རེད།ལོ་སུམ་ཅུ་ལྷག་ཙམ་རིང་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་འཐོབ་ཡོད་ཅིང་། ཏང་ཀྲུང་དབྱང་དང་། མའོ་ཀྲུའུ་ཞི།ཀྲའུ་ཙུང་ལི་བཅས་ཀྱིས་བོད་ཀྱི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་བ་དང༌།

བོད་ཀྱི་མི་དམངས་ལ་ཐུགས་འཁུར་ཧ་ཅང་ཆེན་པོ་གནང་སྟེ། མི་རིགས་གནད་དོན་སྐོར་གྱི་མར་ལེ་རིང་ལུགས་ཀྱི་རྩ་བར་གྱུར་བའི་རྩ་བའི་རིག་པ་དང་། བོད་ཀྱི་དོན་དངོས་ལ་གཞིགས་ནས་བོད་ཀྱི་ལས་དོན་ཐད་གལ་ཆེའི་མཛུབ་སྟོན་མང་པོ་གནང་བ་དང༌། ཡང་དག་པའི་བྱེད་ཕྱོགས་དང་སྲིད་ཇུས་རབས་དང་རིམ་པ་གཏན་འབེབས་གནང་བ་རེད།

བྱེད་ཕྱོགས་དང་སྲིད་ཇུས་དེ་དག་གི་མཛུབ་འཁྲིད་འོག་བོད་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་། མང་ཚོགས། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཡོངས་རྫོགས་བཅས་ཀྱིས་དཀའ་སྤྱད་འབད་ཐབས་བྱས་པ་བརྒྱུད། བོད་ས་ཁུལ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོ ག་བྱུང་ཞིང་། ངན་དགུ་ཚང་བའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མགོ་རྟིང་བསློགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་དང༌། བོད་ཀྱི་མི་དམངས་ལ་ཡར་ལངས་བཅིངས་འགྲོལ་འཐོབ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་བདག་པོར་གྱུར་བ་རེད།བཟོ་ལས་འགྲིམ་འགྲུལ་དང་། རིག་གནས་སློབ་གསོ། སྨན་བཅོས་འཕྲོད་བསྟེན། ཚན་རིག་ལག་རྩལ་སོགས་འཛུགས་སྐྲུན་བྱ་གཞག་ཁག་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བར་གྱུར་ཏེ་རིམ་བཞིན་གོང་འཕེལ་འགྲོ་བ་དང༌། མི་དམངས་ཀྱི་འཚོ་བར་དེ་དང་མཚུངས་པའི་ལེགས་བཅོས་ཡོང་བ། བོད་རིགས་ཀྱི་མི་འབོར་ཅུང་འཕེལ་མགྱོགས་པ་བཅས་བྱུང་བ་རེད།ལོ་སུམ་ཅུའི་རིང་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ནི་དེ་སྔའི་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་། ཆེ་བ་ཡོད་པ་དེ་དོན་དངོས་ལ་བརྩི་འཇོག་བྱེད་མཁན་ཚང་མས་ཁས་ལེན་བྱེད་ཀྱི་ཡོད་ཅིང་། ཕྱོགས་གཞན་ཞིག་ནས་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་གི་འགྲོ་ལམ་དེའང་འཁོན་ཐོགས་མེད་པ་ཞིག་མིན་ཞིང་། ཚང་མས་ཤེས་གསལ་ལྟར། སྤྱི་ལོ་ ༡༩༥༩ ལོར་མི་དམངས་བློ་ཕམ་དགོས་པའི་ངོ་ལོག་ཟིང་འཁྲུག་གི་དུས་ཟིང་བསླངས་སྟབས། རྒྱ་ཆེའི་བོད་རིགས་མི་དམངས་རྣམས་སྡུག་བསྔལ་ཚད་མེད་མྱོང་དགོས་བྱུང་བ་དང༌། ཟིང་འཁྲུག་ཞོད་འཇགས་བཏང་བ་དང་། བཅོས་སྒྱུར་བྱས་རྗེས། སྐབས་ཤིག་རིང་བོད་ཀྱི་ལས་དོན་ཐད་གཡོན་གྱི་བསམ་བློའི་འགོག་རྐྱེན་བྱུང་བ་དང་།

ལྷག་པར་དུ་ལེན་པའོ་དང་མི་བཞི་ཤོག་ཁག་གི་ལོ་བཅུའི་གོད་ཆགས་བྱུང་སྟབས།ཏང་གིས་བོད་དུ་ལག་ལེན་བསྟར་བའི་མཛད་ཕྱོགས་དང་སྲིད་ཇུས་ཁག་དང་ལྷག་པར་དུ་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལ་གཏོར་བཤིག་ཚབས་ཆེན་བྱུང་བར་བརྟེན། རྒྱལ་ཡོངས་མི་དམངས་དང་འདྲ་བར་བོད་ཀྱི་མི་དམངས་

ལ་སྡུག་བསྔལ་ཧ་ཅང་ཆེན་པོ་བྱུང་ཞིང་། དེ ས་ཏང་དང་མང་ཚོགས་བར་གྱི་འབྲེལ་བ་དང་། དམག་དམངས་བར་གྱི་འབྲེལ་བ། རྒྱ་བོད་བར་གྱི་འབྲེལ་བ་བཅས་ལ་གནོད་འཚེ་ཚབས་ཆེན་བཏང་ཁར་ང་རང་ཚོའི་ལས་དོན་ནང་གི་ནོར་འཁྲུལ་དང་ལས་འཛོལ་གྱིས་རྐྱེན་པས། བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་ཤུགས་རྐྱེན་ངན་པ་ཐེབས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་ཀྱི་རང་བཞིན་འདོན་སྤེལ་གང་ལེགས་བྱེད་ཐུབ་མེད་པ་དང༌། ལས་དོན་ཁག་ལ་ཐོབ་འོས་པའི་གྲུབ་འབྲས་ཐོབ་མེད་པ། མི་དམངས་ཀྱི་འཚོ་བར་དགོས་ངེས་ཀྱི་ལེགས་བཅོས་བྱུང་མེད་པ་བཅས་རེད།མི་བཞི་ཤོག་ཁག་ཐལ་བའི་རྡུལ་དུ་བརླགས་རྗེས་དང་ལྷག་པར་དུ་ན་ནིང་ཀྲུང་དབྱང་གིས་ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གཞིར་བཟུང་བ་དང་། བོད་ཀྱི་དངོས་ཡོད་གནས་ཚུལ་དང་བསྟུན་ཏེ་བོད་ཀྱི་ལས་དོན་ལ་ཆེད་མངགས་ཞིབ་འཇུག་གནང་ནས། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་གནད་བསྡུས་ལ་ཆོག་མཆན་བཀོད་དེ་འགྲེམས་སྤེལ་གནང་བ་དང་འབྲེལ། བློ་མཐུན་ཧུའུ་ཡའོ་པང་དང་ཝན་ལི་སོགས་བོད་ལ་རྟོག་ཞིབ་གནང་བར་དངོས་སུ་ཕེབས་པར་མ་ཟད། གལ་ཆེའི་གསུང་བཤད་ཀྱང་གནང་བ་རེད།དེ་ནས་བཟུང་བོད་ཀྱི་ལས་དོན་དེ་དུས་རིམ་གསར་པ་ཞིག་ཏུ་སླེབས་ཤིང༌། ལོ་རྒྱུས་གསར་པའི་ཆ་རྐྱེན་འོག་བོད་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ཀྲུང་དབྱང་གི་མཛད་ཕྱོགས་དང་སྲིད་ཇུས་འབད་ཐབས་ཀྱི་དམིགས་ཡུལ་བཅས་ནི་བོད་ཀྱི་དངོས་ཡོད་གནས་ཚུལ་དང་རྦད་དེ་མཐུན་པ་དང་། བོད་ཀྱི་མི་དམངས་

ཀྱི་ཁ་ཚ་དགོས་གཏུགས་ཀྱི་རེ་འདུན་དང་རྩ་བའི་ཁེ་ཕན་གང་ལེགས་མཚོན་ཡོད་པར་བརྟེན། གཡོན་ཐལ་གྱི་ཤུགས་རྐྱེན་གཙང་སེལ་མཐར་ཕྱིན་བྱེད་པ་དང་།རྒྱ་ཆེའི་མི་དམངས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་པ། བོད་ཀྱི་དབུལ་ཞིང་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བའི་མྱུར་ཚད་མགྱོགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། མེས་རྒྱལ་གཅིག་གྱུར་སྲ་བརྟན་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ངོས་ནས་བཤད་ན་ཤིན་ཏུ་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་པས་བོད་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་འབོད་དང་བརྩི་བཀུར་མཐའ་གཅིག་ཏུ་ཐོབ་པ་རེ ད།

ལོ་གཅིག་རིང་བོད་དུ་ཀྲུང་དབྱང་གི་མཛུབ་སྟོན་ལག་ལེན་མཐར་ཕྱིན་བསྟར་བར་གྲུབ་འབྲས་ཆེ་ཙམ་ཐོབ་པ་དང་། བོད་ཀྱི་རྣམ་པར་འགྱུར་ལྡོག་ཆེས་ཆེར་བྱུང་ཞིང་། བོད་མི་དམངས་ཀྱི་གཅིག་གྱུར་ཐོག་ཏང་ཀྲུང་དབྱང་གི་མཛུབ་སྟོན་ནི་བོད་མི་དམངས་ཚོས་དབུལ་བཅོས་ཕྱུག་འགྱུར་བྱེད་པ་དང༌། དར་རྒྱས་དང་སྟོབས་འབྱོར་ལྡན་པའི་བོད་གསར་འཛུགས་སྐྲུན་བྱེད་པའི་གསེར་གྱི་ལྡེ་མིག་ཡིན་པའི་ངོས་འཛིན་བྱེད་པ་རེད།

དུས་མཚུངས་ཀྲུང་དབྱང་གི་སྲིད་ཇུས་དེ་དག་བོད་ཙམ་དུ་མ་ཟད། བོད་རིགས་སྡོད་ཁུལ་གཞན་དག་ལའང་སོ་སོའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ལག་ལེན་མཐར་ཕྱིན་བསྟར་དགོས་ཞེས་ཀྱང་མཛུབ་སྟོབ་གནང་བར་བརྟེན།རྒྱ་ཆེའི་བོད་རིགས་མི་དམངས་མང་ཚོགས་ཀྱིས་རྒྱལ་གཅེས་ཀྱི་སྤྲོ་སེམས་དང་ཐོན་སྐྱེད་ཧུར་བརྩོན་རང་བཞིན་ཆེས་ཆེར་འཕེལ་བ་དང་། ཁོང་ཚོར་མེས་རྒྱལ་གྱི་དྲོ་སྐྱིད་དང་ཏང་གི་དྲོ་སྐྱིད་བྱུང་བ་རེད།ན་ནིང་ང་མཚོ་སྔོན་སོགས་ལ་ས་ཁུལ་དུ་ལྟ་ཞིབ་བྱེད་པར་བསྐྱོད་སྐབས་མཛད་ཕྱོགས་དང་སྲིད་ཇུས་དེ་དག་མི་སེམས་སུ་ཟུག་པ་མ་ཟད། བོད་རིགས་སྡོད་པའི་ས་ཁུལ་གྱི་མི་དམངས་ལ་ཞིང་ལས་དང་། འབྲོག་ལས་ལ་ཐོན་ལེགས་བྱུང་བ་དང་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་གྱི་རྣམ་པ་ཐོན་པ་དེ་མཐོང་སྐུལ་ལྕག་ཧ་ཅང་ཆེན་པོ་ཐེབས་བྱུང་།

སླད་ཕྱིན་ང་ཚོས་བློ་བརྟན་འགྱུར་མེད་དང་། ཡུན་རིང་གི་སྒོ་ནས་མཛད་ཕྱོགས་དང་སྲིད་ཇུས་དེ་དག་ལག་ལེན་བསྟར་ན་གཞི་ནས་མཐུན་སྒྲིལ་དང་། ཕྱུག་པོ། ཤེས་རིག་ལྡན་པ་བཅས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་གཟི་བརྗིད་ཀྱི་ལས་འགན་དེ་སྔར་བས་ལེགས་གྲུབ་བྱེད་ཐུབ་ཀྱི་རེད།བོད་ཞི་བའི་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ལོ་སུམ་ཅུ་འཁོར་བར་དྲན་གསོ་ཞུ་སྐབས། ལོ་སུམ་ཅུའི་རིང་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གོང་འཕེལ་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཕྱིར་མིག་བལྟ་དུས། ང་ཚོས་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ནང་དུ་མཚོན་པའི་རྩ་དོན་འགའ་ཞིག་ནི་ད་བར་གལ་ཆེ་ཞིང་དངོས་ཡོད་ཀྱི་དོན་སྙིང་སྔར་བཞིན་ལྡན་ཡོད་པའི་ཤེས་ཚོར་ཡོང་གི་འདུག

མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ་ནི་ང་ཚོའི་བྱ་གཞག་ལ་རྒྱལ་ཁ་འཐོབ་ཐུབ་པའི་རྩ་བའི་འགན་ལེན་ཞིག་ཡིན་པ་དེ་ནི་གྲོས་མཐུན་དོན་ཚན་བཅུ་བདུན་ནང་དུ་གཏན་འབེབས་བྱས་པའི་རྩ་བའི་རྩ་དོན་ཞིག་ཡིན་ལ། ང་ཚོས་ད་ལྟ་མཐུན་སྒྲིལ་དང༌། ཕྱུག་པོ། ཤེས་རིག་ལྡན་པ་བཅས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་ཆེས་གལ་ཆེ་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཀྱང་རེད།དེ་འགྲུབ་ཐུབ་པ་བྱེད་པའི་འགག་རྩ་ནི་མེས་རྒྱལ་གྱི་མི་རིགས་ཁག་དམངས་གཙོ་འདྲ་མཉམ་ཡིན་པའི་མཐུན་སྒྲིལ་དང་། གཅིག་གྱུར་མཐའ་འཁྱོངས་

བྱེད་རྒྱུ་དེ་ཡིན་པ་དང་། བློ་མཐུན་ཧུའུ་ཡའོ་པང་གིས་འདོན་པ་གནང་བའི་ཀྲུང་དབྱང་གི་གཅིག་གྱུར་གྱི་འགོ་ཁྲིད་འོག་མི་རིགས་ས་ཁོངས་རང་སྐྱོང་གི་རང་སྐྱོང་ཁེ་དབང་བེད་སྤྱོད་གང་ལེགས་གཏོང་དགོས་ཞེས་པ་དེ་ཡང་རེད།

ཞི་བའི་བཅིངས་འགྲོལ་བཏང་རྗེས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཐུན་མོང་དུ་མེས་རྒྱལ་གཅིག་གྱུར་དང་མི་རིགས་ཀྱི་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་བྱ་རི མ་རྣམས། རྩ་བའི་རྩ་དོན་བཞི་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་ང་ཚོ་བོད་རིགས་མི་དམངས་ཀྱིས་རྒྱ་རི གས་མི་དམངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཉམ་དུ་གཟི་བརྗིད་དང་ངོ་ཚ་གཉིས་མཉམ་དུ་འཁུར་བ་དང་། དར་རྒུད་ཇི་ཡོང་ཕན་ཚུན་སྤེལ་རེས་བྱེད་ཀྱི་ཡོད་པས་ཤ་རུས་འདྲེས་པ་ལྟ ར་གྱི་བརྩེ་དུང་ཟབ་མོ་ཡོད་པ་རེད།ལོ་སུམ་ཅུའི་རིང་བོད་ཀྱི་གྲུབ་འབྲས་ཡོད་ཚད་ནི་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིའི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ལས་ཐོབ་པ་ཞིག་ཡིན་ལ།

རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་ལྷག་པར་དུ་རྒྱ་རིགས་མི་དམངས་ཀྱིས་རོགས་རམ་བྱེད་པ་དང་ཁ་བྲལ་ཐབས་མེད་པ་ཞིག་རེད། ལག་ལེན་དངོས་ཀྱི་ཐོག་ནས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་དུ་མི་རིགས་ཆེ་ཆུང་གང་ཞིག་ཡིན་རུང་། ཚང་མ་འདྲ་མཉམ་བྱས་པའི་རྨང་གཞིའི་ཐོག་མཐུན་སྒྲིལ་དམ་ཟབ་དང་ཕན་ཚུན་རོགས་རམ་བྱས་ན། གཞི་ནས་རང་རྒྱལ་གྱི་མི་རིགས་ཁག་ལ་འཚོ་གནས་དང་གོང་འཕེལ་ཡོང་བ་དང་། བཅིངས་འགྲོལ་དང་རང་དབང་ཐོབ་པ།དར་རྒྱས་དང་བདེ་སྐྱིད་ཀྱི་ཕྱོགས་སུ་བསྐྱོད་ཐུབ་པ་བཅས་ར་སྤྲོད་བྱུང་བ་རེད།མེས་རྒྱལ་གྱི་གཅིག་གྱུར་སྲུང་སྐྱོང་དང་། མི་རི གས་ཁག་དབར་གྱི་འདྲ་མཉམ་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དེ་ནི་བོད་རི གས་མི་དམངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་དང་རྩ་བའི་ཁེ་ཕན་ཞིག་རེད། ཟང་ཟིང་ཡོ་སྲང་དང་དབུལ་བཅོས་ཕྱུག་འགྱུར་བྱེད་པའི་དེང་སྐབས་སུ་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་གཅེས་རིང་ལུགས་དང༌། མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་དར་སྤེལ་བཏང་ཁར། དེ་རང་ཉིད་ཀྱི་བསམ་བློ་དང་གཏམ་སྤྱོད་ཀྱི་ཚད་གཞི་ཞིག་ཏུ་འགྱུར་བ་དང་། མི་དམངས་སྐུལ་ལྕག་གཏོང་བ། དཀའ་ངལ་ཁྱད་གསད་བྱས་པ། དགྲ་བོ་ལས་རྣམ་པར་རྒྱལ་བ། དབུལ་བཅོས་ཕྱུག་འགྱུར་བྱེད་པ། དར་རྒྱས་ཕུན་སུམ་ཚོགས་པོ་ཡོང་བ་བཅས་བྱེད་པའི་བསམ་བློའི་མཚོན་ཆ་དང་འགུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་ཀྱི་རེད།

གཉིས་པ།  བོད་ཀྱི་ཁྱད་ཆོས་ལ་ལྟ་རྟོག་གང་ལེགས་བྱས་ཏེ་ལས་དོན་མཐའ་དག་བོད་ཀྱི་དོན་དངོས་དང་བསྟུན་དགོས་པ་དེ་ནི་གྲོས་མཐུན་དོན་ཚན་བཅུ་བདུན་ནང་དུ་མཚོན་པའི་རྩ་དོན་ཞིག་ཡིན་ལ།ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་མཛད་ཕྱོགས་དང་སྲིད་ཇུས་ཁག་གི་རྩ་བའི་གཞི་འཛིན་ས་ཞིག་ཀྱང་རེད།

ང་ཚོས་རྩ་དོན་དེར་གཞིགས་ཏེ་ལོ་སུམ་ཅུའི་ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་ནན་ཏན་བྱེད་དགོས་པ་དང་།ལྷག་པར་དུ་གཡོན་ཐལ་གྱིས་རྐྱེན་པས་ང་ཚོའི་ལས་དོན་ལ་བྱུང་བའི་ཡིད་སྐྱོ་བའི་བསླབ་བྱ་བླངས་ཏེ་ཏང་ཀྲུང་དབྱང་གི་མཛད་ཕྱོགས་དང་།སྲིད་ཇུས་ཀྱི་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལོན་ཐུབ་པ་བྱས་ནས་བསམ་བློ་དངོས་འབྲེལ་བཅིངས་འགྲོལ་ལ་བཏང་སྟེ།

གཡོན་གྱི་དུག་རྒྱུན་དང་ཤུགས་རྐྱེན་གཙང་སེལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་ནོར་འཁྲུལ་གྱི་ཕྱོགས་ལྷུང་གཞན་དག་སྔོན་འགོག་དང་མེད་པ་བཟོ་རྒྱུར་དོ་སྣང་བྱས་ཐོག་བོད་ཀྱི་ལས་དོན་ཐད་ཀྱི་སྲོལ་རྒྱུན་བཟང་པོ་དང་།སྤྱོད་ཚུལ་བཟང་པོ་བསྐྱར་གསོ་དང་དར་སྤེལ་བྱེད་དགོས་ཤིང་།བོད་མི་དམངས་ལ་ཕན་ཐོགས་ཡོད་པའི་བྱ་བ་ཞིག་ཡིན་ཕྱིན་སྒྲུབ་དགོས་པ་དང་།ཕན་ཐོགས་མེད་པ་རྣམས་བསྒྲུབ་རྒྱུ་མེད་ཅིང་།རང་ཤེད་དང་།ཕྱོགས་རེ་བ།སྤྱིར་བཏང་བ།གྲིས་བཏུབས་པའི་བྱེད་སྟངས།བཙན་གཤེད་བཀའ་འབེབས།གཞན་འགན་འཕྲོག་སྒྲུབ་བཅས་བྱེད་པའི་འགོ་ཁྲིད་ཀྱི་སྤྱོད་ཚུལ་དང་ལས་དོན་གྱི་བྱེད་སྟངས་གཏན་འགོག་བྱེད་དགོས།

མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་།དཀའ་སྤྱད་འབད་བརྩོན་།ཏན་ཏན་ཏིག་ཏིག         ཟབ་བརླིང་གཏན་བསྐྱོད་བཅས་ཀྱི་སྒོ་ནས་ཀྲུབ་དབྱང་གི་མཛད་ཕྱོགས་སྲིད་ཇུས་སྒོ་ཀུན་ནས་ཡང་དག་པ་ལག་བསྟར་དོན་འཁྱོལ་ཡོང་བ་བྱེད་དགོས་པ་དང་།བོད་ཀྱི་མི་རིགས་ས་ཁོངས་རང་སྐྱོང་རིམ་བཞིན་འཐུས་གཙང་ཡོང་བ།དཔལ་འབྱོར་འཛུགས་སྐྲུན་གྱི་བྱ་གཞག་གོང་འཕེལ་མགྱོགས་ཙམ་ཡོང་བ།མི་རིགས་ཀྱི་རིག་གནས་དང་ཚན་རིག་གི་ཆུ་ཚད་མཐོ་ཙམ་ཡོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་གང་མགྱོགས་ཕྱུག་པོ་ཆགས་པ་བྱེད་དགོས་ཀྱི་རེད།

 

གསུམ་པ།   ནན་ཏན་གྱི་སྒོ་ནས་ཏང་གི་མི་རིགས་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་།མི་རིགས་ས་ཁོངས་རང་སྐྱོང་ལག་ལེན་བསྟར་བ།བོད་མི་དམངས་ཀྱི་རང་སྐྱོང་གི་ཁེ་དབང་ལ་བརྩི་འཇོག་གང་ལེགས་བྱེད་པ་བཅས་བྱས་ནས་བོད་ཀྱི་དམངས་རྣམས་དངོས་འབྲེལ་རང་ཁྱིམ་རང་བདག་ཡོང་བ་བྱེད་པ་དེ་ནི་གྲོས་མཐུན་དོན་ཚན་བཅུ་བདུན་ནང་དུ་མཚོན་པའི་རྩ་དོན་གཞན་ཞིག་ཡིན་ལ།མི་རིགས་གནད་དོན་ཐད་ཀྱི་ཏང་གི་རྩ་བའི་སྲིད་ཇུས་ཞིག་ཀྱང་རེད།

མི་རིགས་མང་པོ་འདི་ལྟ་བུ་ཡོད་པའི་ང་ཚོའི་རྒྱལ་ཁབ་ཀྱི་ནང་དུ་ཏང་གི་གཅིག་གྱུར་གྱི་བཀོད་ཇུས་འོག     མི་རིགས་ས་ཁོངས་རང་སྐྱོང་གི་ཁེ་དབང་བེད་སྤྱོད་གང་ལེགས་བྱས་ན།གཞི་ནས་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་དངོས་འབྲེལ་ཡོང་ཐུབ་པ་དང་།མི་རིགས་ཁག་གཞི་ནས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་འཆམ་མཐུན་མཉམ་གནས་ཡོང་ཐུབ་པའི་བོད་ས་ཁུལ་ལ་རང་སྐྱོང་ཁུལ་གཞན་དག་དང་འདྲ་བར། རང་བདག་དབང་ཆ་གང་ལེགས་ཤིག་ཡོད་དགོས་ཤིང་། རང་ཉིད་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་ལག་ལེན་དུ་འཁྱོལ་ཐུབ་པའི་ཞིབ་ཕྲའི་སྲིད་ཇུས་གཏན་འབེབས་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ནས་དངོས་འབྲེལ་རང་ཉིད་ཀྱི་རྐང་པར་བརྟེན་་ནས་གོམ་པ་རྒྱག་ཤེས་པ་བྱེད་པ་དང་། ཆབས་ཅིག་མི་རིགས་རང་ཉིད་ཀྱི་ལས་བྱེད་པ་གསོ་སྐྱོང་ཤུགས་ཆེན་བྱེད་དགོས་པ་དང༌། དེ་དག་གིས་རྒྱ་ཆེའི་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་རེ་འདུན་ལྷག་བསམ་རྣམ་དག་གིས་མཚོན་པར་བྱེད་ཐུབ་པ་དང་འབྲེལ་མེས་རྒྱལ་ལ་དགའ་ཞེན་དང་། མི་རིགས་གཅིག་གྱུར་ལ་དགའ་ཞེན། བྱ་སྤྱོད་ཚང་མ་ཏང་ལ་འགན་ཁུར་བ། མེས་རྒྱལ་ལ་འགན་འཁུར་བ་བཅས་བྱེད་པ་དང་མི་རིགས་རང་ཉིད་ལ་འགན་འཁུར་བ་དང་། བོད་ཀྱི་མི་དམངས་ལ་འགན་འཁུར་ཏེ་དངོས་འབྲེལ་ཏང་དང་མི་དམངས་དབར་གྱི་ཟམ་པ་ལྟ་བུ་ཞིག་ཏུ་འགྱུར་བ་བྱེད་དགོས་ཤིང༌། མི་རིགས་ཁག་གི་ལས་བྱེད་པ་དང་མི་དམངས་དབར་ཕན་ཚུན་ཡིད་ཆེས་དང༌། ཕན་ཚུན་བརྩི་འཇོག ཕན་ཚུན་སློབ་སྦྱོང༌། ཕན་ཚུན་རོགས་སྐྱོར་བཅས་

བྱས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་བོད་གསར་འཛུགས་སྐྲུན་བྱེད་ཆེད་ཐུན་མོང་དུ་འབད་བརྩོན་བྱེད་དགོས་ཀྱི་རེད།

 

བཞི་པ། ཏང་གི་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཆོས་དད་རང་མོས་ཀྱི་དབང་ཆར་འགན་སྲུང་བྱེད་དགོས་ཤིང་། ཆོས་དད་རང་མོས་ནི་ཏང་གི་ཐོག་མཐའ་བར་

གསུམ་གྱི་སྲིད་ཇུས་ཤིག་ཡིན། དེ་ནི་གྲོས་མཐུན་དོན་ཚན་བཅུ་བདུན་ནང་གི་རྩ་བའི་རྩ་དོན་གྲས་ཤིག་རེད།

ཧ་ལམ་དམངས་ཡོངས་ཀྱིས་ཆོས་ལ་དད་པ་བྱེད་པའི་བོད་ལྟ་བུའི་མི་རིགས་ས་ཁུལ་དུ་ཆོས་ལུགས་ཀྱི་གནད་དོན་དང་མི་རིགས་ཀྱི་གནད་དོན་དབར་འབྲེལ་བ་དམ་ཟབ་ཡོད་པས། ཆོས་ལུགས་ཀྱི་ལས་དོན་ཡག་པོ་སྒྲུབ་ཐུབ་མིན་ནི་མི་རིགས་ཀྱི་ལས་དོན་དང༌། མང་ཚོགས་ཀྱི་ལས་དོན། བརྟན་ལྷི ང་མཐུན་སྒྲིལ། རྒྱ་བོད་བར་གྱི་འབྲེལ་བ་བཅས་ཀྱི་ཐད་ལ་ཐད་ཀར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་རེད། དེར་བརྟེན་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་སྒོ་ཀུན་ནས་ལག་ལེན་བསྟར་བའི་གལ་ཆེའི་རང་བཞིན་དང༌། དགོས་ངེས་ཀྱི་རང་བཞིན་ལ་དངོས་འབྲེལ་ངོས་འཛིན་བྱེད་ཐུབ་པ་དང་། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལ་གོ་བ་ཡང་དག་པ་ལེན་པ་དང་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་ཆོས་ལ་དད་པ་བྱེད་མཁན་མང་ཚོགས་ཀྱི་ལུགས་མཐུན་གྱི་ཁེ་དབང་དེ་སྲུང་སྐྱོབ་བྱེད་དགོས་ཀྱི་རེད།

ལོ་བཅུའི་གོད་ཆགས་བྱུང་སྐབས་ལིན་པའོ་དང་མི་བཞི་ཤོག་ཁག་གསར་བརྗེར་ངོ་རྒོལ་རུ་ཚོགས་ཀྱིས་ཆོས་ལུགས་ཀྱི་ཡུན་རིང་གི་རང་བཞིན་དང་།རྙོག་འཛིང་གི་རང་བཞིན། མང་ཚོགས་ཀྱི་རང་བཞིན། མི་རིགས་ཀྱི་རང་བཞིན། རྒྱལ་སྤྱིའི་རང་བཞིན་བཅས་རྩ་བ་ནས་ཁས་མི་ལེན་པར་བཙན་ཤེད་ཀྱིས་མི་རྣམས་ལུགས་མཐུན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་མི་ཆོག་པ་བཟོས་པ་དང༌།དགོན་པ་འབོར་ཆེན་ཞིག་བཤིག་ནས་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་འབད་དེ་གཏོར་བཤིག་བཏང་མཐར་ངན་འབྲས་ཚབས་ཆེན་བྱུང་བ་རེད།

ཉེ་ལམ་ལོ་ཤས་རིང་ཏང་དང་སྲིད་གཞུང་གིས་གལ་ཆེའི་བྱེད་ཐབས་རབས་དང་རིམ་པར་བརྒྱུད་དེ། གཡོན་གྱི་དུག་རྒྱུན་དང་ཤུགས་རྐྱེན་གཙང་སེལ་བྱས་ནས་ཏང་གི་ཆོས་ལུགས་སྲིད་ཇུས་རིམ་བཞིན་བསྐྱར་གསོ་དང་། དོན་འཁྱོལ་བྱུང་བའི་ཆོས་ལ་དད་པ་བྱེད་མཁན་རྒྱ་ཆེའི་མང་ཚོགས་བློ་བདེ་པོ་བྱུང་ནས་ཅན་བཞིའི་འཛུགས་སྐྲུན་ནང་དུ་ཧུར་ཐག་ཞུགས་ཡོད་པ་རེད།འོན་ཀྱང་ས་གནས་ལ་ལར་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ད་དུང་དོན་འཁྱོལ་བྱུང་མེད་པ་དང་། ཆོས་ལ་དད་པ་བྱེད་མཁན་གྱི་ལུགས་མཐུན་གྱི་ཆོས་ལུགས་བྱེད་སྒོ་ཡང་འགན་སྲུང་བྱུང་མེད་པ། ཐ་ན་ས་གནས་ལ་ལར་ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱབ་འགལ་བྱས་ནས་མང་ཚོགས་ཀྱི་ལུགས་མཐུན་གྱི་ཆོས་ལུགས་བྱེད་སྒོར་ཐེ་གཏོགས་བྱེད་པའི་གནས་ཚུལ་ཡང་བྱུང་བ་རེད། ད་ལྟ་གཡས་ལས་གཡོན་དགའ་བ་དང་། ཅི་ཙམ་གྱི་གཡོན་ཡིན་པ་དེ་ཙམ་གྱིས་ཡག་པ། གཡས་ལས་གཡོན་ཉེན་ཁ་ཆུང་བ་སོགས་ཀྱིས་བསམ་བློ་དེ་རིགས་ཀྱིས་བློ་མཐུན་འགའ་ཞིག་གི་བསམ་བློའི་ནང་། ད་དུང་མུ་མཐུད་ནུས་པ་ཐོན་གྱི་ཡོད་ཅིང༌། ཕྱོགས་གཞན་ཞིག་ནས་ས་གནས་ལ་ལར་མི་རེ་ཟུང་གིས་ཆོས་ལུགས་བེད་སྤྱད་དེ་ཁྲིམས་འགལ་ཉེས་གསོག་གི་སྤྱོད་ངན་སྤེལ་བའི་གནས་ཚུལ་བྱུང་བ་དེ་ནི། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་ནང་དུ་བྱེད་མི་ཆོག་པ་ཞིག་ཡིན་པ་དང༌། ཆོས་ཀྱི་གཞུང་དང་ཡང་རྒྱབ་འགལ་བྱེད་པ་ཞིག་ཡིན་པས། དོགས་ཟོན་ཆེར་སྐྱེད་བྱེད་པ་དང༌། རྡུང་རྡོ ག་མཐའ་གཅིག་ཏུ་གཏོང་དགོས་ཀྱི་རེད།ཆོས་ལ་དད་པ་བྱེད་མཁན་མང་ཚོགས་ཀྱིས་ཆོས་ལུགས་ལ་དགའ་ཞེན་བྱེད་པ་དེ་དང་། མེས་རྒྱལ་ལ་དགའ་ཞེན་དང་། ཏང་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་རྒྱུ་དེ་རང་རྟོགས་ཀྱིས་གཅིག་གྱུར་ཡོང་བ་བྱེད་དགོས་ཤིང་། ཆོས་ལ་དད་པ་བྱེད་དང་མི་བྱེད་གཉིས་ཀར་དོགས་འཆར་མེད་པ་དང་། བདེ་འཇགས་ཀྱི་འཆར་སྣང་ཡོད་པ་བྱས་ཏེ་ཕན་ཚུན་བརྩི་འཇོག་དང༌། བློ་གཅིག་སེམས་གཅིག་གིས་ཐུན་མོང་གི་ཁེ་ཕན་དངོས་སུ་འགྲུབ་ཆེད་

ལག་གདང་མེལ་ནས་ཐུན་མོང་དུ་མདུན་སྐྱོད་བྱེད་དགོས་ཀྱི་རེད།ང་ཚོ་བོད་རིགས་མི་དམངས་ནི་ལས་ལ་བརྩོན་ཞིང་བབ་ཆགས་པ་དང་།བློ་གྲོས་ལྡན་ལ་དཔའ་ངར་ཆེ་བ། མེས་རྒྱལ་དང་གུང་ཁྲན་ཏང་ལ་དགའ་ཞེན་

བཅས་བྱེད་མཁན་ཞིག་ཡིན་ཞིང་། བོད་རིགས་མི་དམངས་ཀྱིས་ལོ་རྒྱུས་ཐོག་ཀྲུང་ཧྭ་མི་རིགས་ཧྲིལ་པོ་ཆགས་པ་དང་འཕེལ་རྒྱས་སུ་འགྲོ་བར་གལ་ཆེའི་ནུས་པ་འདོན་མྱོང་བ་རེད། བོད་ཀྱི་མི་རིགས་ཁག་གི་རྒྱ་ཆེའི་ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱིས་ཏང་དང་རྒྱལ་ཡོངས་མི་དམངས་ཀྱི ་ཡིད་ཆེས་དང་རེ་འདུན་ཆུད་ཟོས་སུ་མི་འགྲོ་བ་བྱས་ཏེ། ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་ཐུབ་ངེས་ཡིན་པ་དང་། རྩ་བའི་རྩ་དོན་བཞི་མཐའ་འཁྱོངས་དང་མེས་རྒྱལ་གྱིས་གཅིག་གྱུར་དང་། མི་རིགས་ཀྱི་མཐུན་སྒྲིལ་མཐའ་འཁྱོངས་བྱས་ཏེ་ཏང་གི་མཛད་ཕྱོགས་དང་སྲིད་ཇུས་ཀྱིས་བསྟན་པའི་ཁ་ཕྱོགས་བརྒྱུད། གྲོས་མཐུན་དོན་ཚན་བཅུ་བདུན་གྱིས་བཏོད་པའི་འགྲོ་ལམ་ཐོག་མགོ་འཕང་མཐོ་ཞིང་གོམ་ཞེང་ཆེན་པོས་མུ་མཐུད་མདུན་སྐྱོད་བྱས་ཏེ་བོད་གོང་འཕེལ་དང་ཡར་རྒྱས་ཡོང་བ་དང་། མེས་རྒྱལ་དར་རྒྱས་དང་སྟོབས་འབྱོར་ལྡན་པ་ཞིག་ཡོང་བ་བྱེད་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་ཐུབ་ངེས་ཡིན་པར་ངས་ཡིད་ཆེས་བརྟན་པོ་བྱེ ད་ཀྱི་ཡོད།། །།

ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་བཀའ་སློབ་ལས།

 

About རྩོམ་སྒྲིག་པ།