བྲག་དཀར་རྫོང་ཀྱི་གནའ་ཤུལ་གྲགས་ཅན།

ར་མོ་མཁར་དམར།

ར་མོ་མཁར་དམར་ནི་འབྲོང་འཐུས་ཡུལ་ཚོའི་ར་མོ་ཐང་ཞེས་པའི་ས་ཆར་ཡོད་ཅིང་།དེའི་མཁར་གྱང་ས་དམར་ཁོ་ནས་གྲུབ་པ་ཞིག་ཡིན་པས་མིང་ཡང་དེ་སྐད་དུ་ཐོགས།འདི་ལ་ཡོངས་གྲགས་སུ་ར་མོ་མཁར་དམར་ཟེར་ཞིང་།མིང་གཞན་ལ་ར་མོ་མཁར་ཆག་ཀྱང་ཟེར།ངག་རྒྱུན་ལྟར་ན།གནའ་སྔོ་མོ་ཞིག་ལ་རྒྱ་ཆུ་དཀར་མིག་ཟེར་བའི་བློན་ཆེན་ཞིག་གོང་མའི་ཁྲིམས་དང་འགལ་བས་ཐབས་ཟད་དེ་ཡུལ་བྱོལ་དུ་ཡོང་།ཐོག་མར་ད་ལྟའི་ཐང་ནག་ཡུལ་ཚོའི་ན་རྒན་སྡེ་བའི་ཕྱོགས་སུ་སའི་འཐབ་ར་བརྩིགས་ཏེ་བསྡད་ཅིང་།དེ་ནས་ད་ལྟའི་འབྲོང་ཐུས་ཡུལ་ཚོའི་ར་མོ་མཁར་ཆག་ཡོད་སར་གནས་སྤར།

རྒྱ་ཆུ་དཀར་མིག་ཟེར་བ་དེ་ནི་འཁོར་མང་ལ་གདུག་རྩུབ་ཆེ་བ་ཞིག་ཡིན།འདིར་སླེབས་རྗེས་མི་གསོད་རྒྱུ་འཕྲོག་གིས་ཡུལ་འདིའི་མི་རྣམས་ལ་ཡ་ང་བའི་མནར་གཅོད་བཏང་།བྲག་གཡོག་ཏུ་བཀོལ་བའི་ཡུལ་མི་རྣམས་ཕོ་མོ་བཀར་ནས་ར་མོ་མཁར་དམར་བརྩིག་ཏུ་བཅུག

སྐབས་དེར་བུད་མེད་ཅིག་གི་རྨི་ལམ་དུ་བྱ་སྒྲོ་ཞིག་གིས་འདོད་པ་སྤྱད་པའི་ཉམས་སྣང་ཞིག་ཤར་སྟེ་བུ་ཞིག་སྐྱེས་པའི་མིང་ལ་སྒྲོ་རིང་མདུང་རྩེ་རུ་བཏགས།ཡུལ་འདིའི་གཞི་བདག་བུ་ཆེན་རྩེ་རྒྱལ་རིང་མོའི་རྫུ་འཕྲུལ་ཏེ།སྒྲོ་རིང་མདུང་རྩེ་ནི་རྒྱ་ཆུ་དཀར་མིག་འདུལ་ཕྱིར་མི་ཡུལ་དུ་སྐྱེས་པའི་ལྷའི་བུ་ལྟ་བུ་ཞིག་ཡིན་ཟེར།བུད་མེད་དེས་སྒྲོ་རིང་མདུང་རྩེ་གསང་བའི་སྒོ་ནས་ལེགས་པར་བསྐྱངས།བུ་དེ་ཆུང་ངུའི་དུས་ནས་དཔའ་ཞིང་རྟུལ་ཕོད་ཅིང་སྟོབས་རྩལ་རྒྱས་ཏེ་མི་དན་དེ་འདུལ་རྩིས་བྱས་ཀྱང་།རྒྱ་ཆུ་དཀར་མིག་ནི་གཡོ་སྒྱུ་ཆེ་བའི་མི་ཞིག་ཡིན་པས།རྒྱུན་པར་དགྲ་འོང་བར་དོགས་ནས་ར་མོ་མཁར་དམར་ནང་དུ་འཛུལ་ནས་སྡོད་པ་ལས་མཁར་དེའི་ཕྱི་རོལ་དུ་གཏན་ནས་འཐོན་ཕོད་ཀྱི་མེད།

ནམ་ཞིག་དབྱར་ཟླ་གསུམ་ལ་བསྟུད་མར་ཆར་བབས་པ་ན།རྒྱ་ཆུ་དཀར་མིག་ནི་མི་ཚན་པོ་ཞིག་ཡིན་པས།ཁོའི་ལྟོ་ཤའི་ལྟེབ་ཁུག་ལས་དྲི་ངན་འཐུལ་ནས་སྡོད་མི་ཐུབ་པར་གྱུར།ཉིན་ཞིག་ཆར་བ་འབབ་མཚམས་བཞག་ནས་གནམ་ཐང་བ་ན།རྒྱ་ཆུ་དཀར་མིག་དེས་རང་གི་ལྟོ་བ་ཉི་མར་ལྡེ་དགོས་སྙམ་སྟེ་མཁར་གྱི་ཕྱོགས་བཞི་དགྲ་ཡོད་མེད་ལ་སོ་ལྟ་བྱེད་པར་མངགས།སོ་པས་མདུན་ཕྱོགས་ཀྱི་བུ་ཆེན་རྩེ་རྒྱལ་རིང་མོའི་རི་གསེབ་ཏུ་ཡུ་མོ་དཀར་མོ་ཞིག་གིས་བག་ཡངས་སུ་སྤང་རྩྭ་ཟ་བ་གཏོགས་ཕྱོགས་གཞན་ཅི་ཡང་མཐོང་རྒྱུ་མི་འདུག་ཚུལ་ཞུས་པས།ཁོ་རང་མཁར་སྒོའི་ཕྱི་རུ་བུད་དེ་སེམས་ལྷོད་ལ་བབས་ནས་ཉི་མར་ལྡེས།

མ་གཞི་རྩྭ་ཟ་བཞིན་པའི་ཡུ་མོ་དེ་སྒྲོ་རིང་མདུང་རྩེ་ཡིས་དགྲ་བོ་བསླུ་ཐབས་སུ་བཟོས་པའི་ཡུ་མོ་པགས་གསོབ་ཅིག་ཡིན་ཞིང་།ཁོས་མདའ་གཞི་ཐོགས་ཏེ་དེའི་ཕག་ཏུ་བསྐུངས་ནས་ཉིན་ཞག་མང་པོར་བསྒུགས།ཉིན་དེར་རྒྱ་ཆུ་དཀར་མིག་དོགས་ཟོན་ཤོར་ནས་ར་མོ་མཁར་དམར་གྱི་ཕྱི་རུ་ཐོན་འཕྲལ་དུ།སྒྲོ་རིང་མདུང་རྩེ་ཡིས་ལྕགས་མདའ་ཞིག་རྒྱ་ཆུ་དཀར་མིག་གི་ལྟོ་བར་གཟས་ནས་འཕངས་ཏེ་བསད།རྒྱ་ཆུ་དཀར་མིག་ཤི་བས་དེའི་འཁོར་གཡོག་ཐམས་ཅད་ཕྱོགས་བཞི་མཚམས་བརྒྱད་ལ་བྲོས་སོང་བར་བཤད།

བྲག་ཆུའི་མཚམས་ཁང་།

བྲག་ཆུའི་མཚམས་ཁང་ནི་དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ་བཞི་བཅུ་ལྷག་གི་མཚམས་ན་ཡོད།ངག་རྒྱུན་ལ།མཚམས་ཁང་འདི་ཉིད་སྔར་རྭ་རྒྱའི་དགེ་རྒན་སྐུ་ཕྲེང་ཐོག་མས་མཁའ་སྤྱོད་མ་བསྒྲུབས་ཏེ་གྲུབ་རྟགས་ཐོན་ས་ཡིན་པར་བརྟེན།མཁའ་སྤྱོད་མས་ཁོང་ལ་ཐར་ཤུལ་དགོན་པའི་དགོན་ས་གང་འོས་ཀྱི་ལུང་བསྟན་གནང་སའི་སྒྲུབ་གནས་ཁྱད་པར་བ་ཞིག་ཡིན་ཞིང་།མཚམས་ཁང་འདི་ནི་བྲག་ཆུ་ཟེར་བའི་ས་དེ་རུ་ཡོད་པས་མིང་ཡང་དེ་ལྟར་དུ་ཐོགས།

ཟུར་ཚང་མཚམས་ཁང་།

ཟུར་ཚང་མཚམས་ཁང་ནི་དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ་༢༨ཡས་མས་ཀྱི་མཚམས་ན་ཡོད།འདིར་ཐེར་ཚང་ཧཱུ་ནག་མེ་འབར་རམ་མཚན་གཞན་ལ་སྔགས་རྡོ་རྗེ་དགྲ་འཇོམས་རྩལ་དུ་ཞུ་བའི་འོད་གསལ་རྫོགས་པ་ཆེབ་པོའི་རྣལ་འབྱོར་བ་ཞིག་དུས་ཡུན་རིང་པོར་སྐུ་མཚམས་ལ་བཞུགས་མྱོང་བས་མིང་ཡང་དེ་ལྟར་དུ་ཐོགས་ཤིང་།དམ་པ་འདི་ནི་རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེའི་(སྤྱི་ལོ1785-1838)སློབ་ཆེན་ཞིག་ཡིན་པར་གསུངས།

སྒྲུབ་ཕུག་ལྷག་སྐྱེས་བདེ་ཆེན་རྫོང་།

སྒྲུབ་ཕུག་ལྷན་སྐྱེས་བདེ་ཆེན་རྫོང་ནི་ཆུ་སྔོན་གྲོང་རྡལ་ཁོངས་ཀྱི་མོ་རྡོ་བཀྲ་ཤིས་དར་ཐང་གི་མདུན་ཕྱོགས་སུ་ཡོད།འདོ་ནི་དམ་ཆེན་གྱི་གནས་ཁྱད་པར་ཅན་ཞིག་ཡིན་པར་གྲགས་ཤོང་།ངག་རྒྱུན་དུ་སྔོན་གྲུབ་པའི་དབང་ཕྱུག་ཨ་རིག་དགེ་བཤེས་ཆེན་མོ་སོགས་བྱ་བཏང་རི་ཁྲོད་པ་མང་པོ་གནས་འདི་རུ་སྒྲུབ་པ་ཡུན་རིང་མཛད་མྱོང་བར་མ་ཟད།བསྟན་པ་ཡང་དར་སྐབས་མཆོག་སྤྲུལ་འཇམ་དབྱངས་ཐོགས་མེད་རྒྱ་མཚོ་ཚང་ཡང་གནས་འདིར་ཕེབས་ནས་སྒྲུབ་པ་ཡུན་རིང་མཛད་མྱོང་བར་གྲགས་སོ།།

ཆོས་རྗེ་ཀླུ་མཁར།ཆོས་རྗེ་ཀླུ་མཁར་ནི་དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ་སུམ་ཅུ་ཡི་མཚམས་ཀྱི་ཆོས་རྗེ་ན་མགོ་ཟེར་བ་དེ་ན་ཡོད་ཅིང་།འདིའི་ཤར་ཕྱོགས་ནི་མགོན་པོ་བྲག་ནག་དང་ཁྱུང་སེང་སྡེ་བའི་སྔགས་ཁང་།བ་ཡན་བུ་ལག་བཅས་དང་།ལྷོ་ཕྱོགས་ནི་སྨན་འབྲོང་ཁྱུང་རྫ།ནུབ་ཕྱོགས་ནི་སེང་གེ་རབ་བརྟན་དང་བཀྲ་ཤིས་ལྷ་སྒང་།བྱང་ཕྱོགས་ནི་བཀྲ་ཤིས་འོད་དཀར་སྒང་དང་ཆོས་རྗེ་འབྲུ་དེའུ་བཅས་དང་འབྲེལ་ཡོད།

ངག་རྒྱུན་ལྟར་ན།སྔོན་ཆོས་རྗེ་ཕྲ་སྒོམ་པ་ཆོས་ཀྱི་རྡོ་རྗེ་མཆོག་ད་ལྟའི་ཐང་སྐར་མ་གྲོང་རྡལ་ཆགས་ཡོད་སའི་ས་ཁུལ་དང་།ཆོས་རྗེ་སྡེ་བ།ཁྱུང་སེང་སྡེ་བ།ཁྱད་པར་དུ་ཆོས་ན་མགོ་རུ་ཕེབས་ཏེ་གནས་དེའི་ཀླུ་གདོལ་བ་ནག་པོར་བཀའ་བསྒོས་དམ་བཞག་མཛད་པར་མ་ཟད།མང་ཚོགས་བསྐུལ་ནས་རྡོ་བ་སྐྱེལ་དུ་བཅུག་སྟེ་ཀླུ་དེ་ལ་རྟེན་མཁར་བརྩིགས་པ་དང་ཀུན་ལ་ཆོས་སྦྱིན་རྒྱ་ཆེར་བསྩལ་བས་ན།དེ་ནས་བཟུང་དམ་པ་དེ་ཉིད་ཀྱི་མཚན་ཟུར་དང་འབྲེལ་ཏེ་ཆོས་རྗེ་ཀླུ་མཁར་དང་།ཆོས་རྗེ་ན་མགོ།ཆོས་རྗེ་འགགཆོས་རྗེ་ཆུ།ཆོས་རྗེ་སྐེ།ཆོས་རྗེ་འབྲུ་དེའུ།ཆོས་རྗེ་རྒྱལ་མཁར་ཟེར་ས་སོགས་རིམ་བཞིན་བྱུང་།

དུས་ཕྱིར་རྒྱལ་དབང་ལྔ་པ་ཆེན་མོའང་ཆོས་རྗེ་ན་མགོར་ཕེབས་ཏེ་དུས་འཁོར་དབང་ཆེན་གསུངས།ཁོང་གིས་གནས་འདིའི་ཀླུ་གདོལ་བ་ནག་པོའི་རྟེན་མཁར་ཉམས་གསོ་བྱེད་རྒྱུ་ཡིན་པས།མི་རེས་རྡོ་རེ་རེ་ཁྱེར་ལ་ཤོག་ཅེས་པའི་བཀའ་གསུངས་ཏེ་རྩིག་བྱེད་ཀྱི་རྡོ་བ་བསྐྱལ་་བའི་ལོ་རྒྱུས་ཡོད།དེང་སང་ཡང་རྒྱལ་དབང་ལྔ་པའི་བཞུགས་ཁྲིའི་རྗེས་ཤུལ་མཇལ་རྒྱུ་ཡོད་ཟེར།རྗེ་སསུ་པཎ་ཆེན་བློ་བཟང་ཆོས་རྒྱན།ཤར་སྐལ་ལྡན་རྒྱ་མཚོ་རྣམ་པ་གཉིས་ཀྱང་སྔ་ཕྱིར་གནས་འདིར་ཕེབས་ཏེ།ཆོས་རྗེ་ཀླུ་མཁར་ལ་ཀླུ་བསྟོད་ཀྱི་ཆོ་ག་སྤེལ་བ་དང་།ཁྲུས་གསོལ་རབ་གནས་དང་བྱིན་གྱིས་བརླབས་ཤིང་ཆོས་སྦྱིན་ཡང་མང་དུ་གནང་།༡༩༥༤ལོར་རེབ་གོང་སྐུ་ཕྱོགས་སྐུ་ཕྲེ་གསུམ་པ་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་འདིར་ཕེབས་ཏེ་དུས་འཁོར་དབང་ཆེན་གནང་།སྤྱི་བར་དབོན་ཤོག་ཁ་གསུམ་དང་གཙོ་བོར་སྒོ་མེ་ཆོས་རྗེ་མའི་ཁོངས་གཏོགས་སྡེ་བ་ཁྱུང་སེང་དང་།ཆོས་རྗེ།ཉིན་ཆུ་བཅས་ཀྱི་དད་ལྡན་མང་ཚོགས་ཀྱིས་ལོ་རེའི་བོད་ཟླ་ལྔ་པའི་ཚེས་དགུ་ཉིན་ཆོས་རྗེ་ཀླུ་མཁར་བསྟོད་པའི་དཔེ་སྲོལ་དུས་ད་ལྟའི་བར་དུ་མ་ཉམས་པར་ཡོད།

ཆུ་འགག་བཞུགས་ཁྲི།ཆུ་འགག་བཞུགས་ཁྲི་ནི་ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་ཏེ།ཧང་ཆུའི་སྟོད་རྒྱུད་ཀྱི་ཆུ་འགག་སྡེ་བའི་ས་ཐོག་ཏུ་ཡོད།ངག་རྒྱུན་ལ་བཞུགས་ཁྲི་འདི་ནི་སྔོན་དུས་རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་གནས་འདིར་གདན་འདྲེན་པའི་ཆེད་དུ་བརྩིགས་པ་ཞིག་ཡིན་པས་མིང་ཡང་དེ་སྐད་དུ་ཐོགས།མདོ་སྨད་ཆོས་འབྱུང་དུ་རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་བཀོད་པའི་ནང།ཨག་ཆེན་ཐང་ནས་ལམ་བདེ་བ་ཞིག་ལ་རིམ་གྱིས་ཕེབས་སྐབས་རྨ་ཆེན་སྦོམ་རའི་རྒྱུད་དུ་གྲགས་པའི་དཔོན་སངས་རྒྱས་སྐྱབས་གཡོག་འཁོར་དང་།གཞན་ཡང་སྐྱེ་བོའི་ཚོགས་དུ་མ་དང་བཅས་ཏེ་བསུ་བར་འོངས།དཔོན་གྱིས་ཡེ་ཤེས་ཀྱི་སྤྱན་དངོས་སུ་མཐོང་ཞེས་གསུངས་ལ།ཨ་རིག་དཀར་པོ་ཐང་དུ་བཞུགས་སྒར་དུ་འདེབས་སྐབས།རྟ་སྟོང་ཕྲག་དང་ཕྱུགས་ཁྲི་ཚོར་ཉེ་བའི་འབུལ་བ།འཇའ་འོད་ཀྱི་གུར་དང་ལྷའི་མེ་ཏོག་གི་ཆར་བབས།སྐྱེ་བོ་མཐའ་དག་ལ་ཐར་པའི་ས་བོན་བསྐྲུན།ལྔ་པ་ཆེན་མོ་ཡང་གདན་དྲངས་ཏེ་དཀར་པོ་ཐང་དུ།ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་བཞུགས་ཁྲིའི་སྟེང་ནས་སོག་བོན་གྱི་ཁྲོམ་ཆེ་བར་ཐུགས་རྗེ་ཆེན་པོ་ཕྱག་བཞི་བའི་རྗེས་དབང་གནང་ཞེས་གསུངས་པ་ལྟར་ལགས་པས།ད་ལྟའི་ཆུ་འགག་བཞུགས་ཁྲི་ཡོད་སའི་ཐང་འདི་ལ་གནའ་དུས་སུ་ཨ་རིག་དཀར་པོ་ཐང་ཟེར་ཞིང་།ཆུ་འགག་བཞུགས་ཁྲི་འདི་ནི་རྒྱལ་དབང་སྐུ་ཕྲེང་གསུམ་པ་དང་ལྔ་པ་གཉིས་སྔ་ཕྱིར་བཞུགས་མྱོང་བའི་གནས་བྱིན་རླབས་ཅན་ཞིག་ཡིན་པ།དེང་སང་འདི་ལ་དོར་ཞི་རིན་པོ་ཆེས་ཆོས་ཁྲི་ཐང་ཞེས་པའི་མཚན་གསར་དུ་གསོལ་ནས་སྐྱེ་བོ་ཀུན་གྱི་བསོད་ནམས་བསོག་པའི་ཞིང་མཆོག་དམ་པ་ཞིག་ཏུ་གྱུར་ཡོད་དོ།།

About རྩོམ་སྒྲིག་པ།