གནས་ཆེན་བྲག་དཀར་སྤྲེལ་རྫོང་གི་གནས་འགངས་ཆེན་གྱི་སྐོར།

གནས་ཆེན་བྲག་དཀར་སྤྲེལ་རྫོང་ནི་མདོ་སྨད་ཀྱི་ནང་པའི་གནས་ཆེན་ཞིག་སྟེ།ཞིན་ཧེ་རྫོང་གི་དབུས་རྒྱུད་ནས་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་སུམ་ཅུ་ཙམ་གྱི་མཚམས་ན་ཡོད།གནས་རི་འདིའི་རྩེ་མོ་རྫ་རི་དང་རྐེད་པ་སྤང་རི་ཡིན།རི་དྭགས་དང་གཅན་གཟན་གྱི་རིགས་ལ།གནའ་བ།རྒོ་དམར།གླ་བ།སྤྱང་ཀི།ཝ།བྱི་བ།རི་བོང་།ཨ་བྲ།བྱི་ལོང་།སྲེ་མོང་སོགས་ཡོད།འདབ་ཆགས་ཀྱི་རིགས་ལ།རྒོད་ཐང་དཀར།ཐང་ནགགླགགོ་བོ།ནེ་ལེ།ཁྲ།ཕོ་རོགསྲེག་པ།གོང་མོ།ཕུག་རོན།བྱེའུ་སྣ་ཚོགས་བཅས་ཡོད།སྐྱེ་དངོས་ཀྱི་རིགས་ལ།ཤིང་ཤུག་པ།གླང་མ།སྤེན་མ།དབྱར་རྩྭ་དགུན་འབུ།ལྕུམ་རྩ།ཐང་ཕྲོམ།སྤང་རྒྱན་མེ་ཏོག་སོགས་མེ་ཏོག་སྣ་ཚོགས།སྤང་རྩྭའི་རིགས་སྣ་ཚོགས་བཅས་ཡོད།

གནས་ཆེན་འདི་ཉིད་ནི་ཨ་ཆུང་གནམ་རྫོང་དང་།ཕུ་ལ་ཡང་རྫོང་ངམ་པདྨོ་ཆོས་རྫོང་།ཤ་བ་རི་རྫོང་།བྲག་དཀར་སྤྲེལ་རྫོང་ཞེས་མདོ་སྨད་རྫོང་ཆེན་བཞིར་གྲགས་པའི་རྫོང་ཕྱི་མ་སྟེ།ངག་རྒྱུན་ལ།རྫོང་འདི་ནི་གནས་ཆེན་ཙ་རི་ཏྲ་ནས་མཆེད་པར་གྲགས་ཤིང་།གནམ་ལོ་ཤིང་སྤྲེལ་ལོའི་ཙ་རིའི་གནས་འདུས་ཀྱི་ལོ་ལ་འདིར་ཕྱག་སྐོར་བྱས་ན།ཙ་རིའི་རོང་སྐོར་དང་བྱིན་རླབས་མཉམ་པར་གསུངས་པས།གནས་འདི་ལ་དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ཕོ་བྲང་ངམ་གནས་ཆེན་ཙ་རི་ཏྲ་གཉིས་པ་ཞེས་ཡང་ཡང་བསྔགས།

འབྲི་གུང་བ་ཆོས་ཀྱི་གྲགས་པ་སོགས་སྐྱེས་ཆེན་དམ་པ་དུ་མས་མཛད་པའི་གནས་ཡིག་ཏུ།སློབ་དཔོན་པདྨས་གཡེར་མོ་མོ་ཐང་དུ་དམ་སྲི་སྤུན་དགུ་དན་ལ་འདོགས་སྐབས།སྲིན་པོ་ཁྲག་རལ་ཅན་སོགས་བདུན་སྤྲེལ་རྫོང་དུ་བྲོས་ནས་བྲག་ཞབས་སུ་ཡིབས།སློབ་དཔོན་དེ་དག་འདུལ་བར་བྲག་དཀར་སྦྲེལ་རྫོང་དུ་ཕེབས་ནས་ཏིང་ངེ་འཛིན་ལ་བཞུགས་དུས།འདྲེ་སྲིན་ཚོས་ཕ་བོང་ཞིག་གིས་ཕུག་སྒོ་བཅད་པར་སློབ་དཔོན་གྱིས་རྡོ་རྗེ་གསོར་བས་ཕུག་ལམ་བརྟོལ་ནས་མཁའ་ལ་བྱོན་ཅིང་།རྡོ་རྗེ་དྲག་ཆར་ཕབ་ནས་འདྲེ་སྲིན་དེ་དག་ཚར་བཅད།དེ་དག་གིས་བསྟན་འགྲོར་འཚེ་བའི་སྨོན་ལམ་ལོག་འདེབས་བྱས་སྟབས།དེ་དག་གི་གཉེན་པོ་རུ་བྲག་དཀར་སྦྲེལ་རྫོང་གི་རྡོ་རྗེ་གློ་དཀར་གསལ་བའི་ཕོ་བྲང་དུ་ཏིང་ངེ་འཛིན་ལ་བཞུགས་སྐབས།མི་ལུས་སྤྲེལ་མགོ་ཅན་ཞིག་བྱུང་བ་དམ་ལ་བཏགས་ཏེ་ཞིང་སྐྱོང་གཉན་སྤྲེལ་ཟླ་བ་ཆན་མོ་ཞེས་པའི་མཚན་གསོལ་ནས་གནས་བདག་དང་བསྟན་སྲུང་དུ་བཀོད་པས།བྲག་དཀར་སྤེལ་རྫོང་དུ་ཐོགས་ཚུལ་གསུངས།

གནས་ཆེན་འདིར་སྔ་ཕྱིར་འབྲི་གུང་བ་འཇིག་རྟེན་གསུམ་མགོན་དང་།མ་ཅིག་ལབ་ཀྱི་སྒྲོན་མ།ས་པཎ་ཀུན་དཀའ་རྒྱལ་མཚན།རྗེ་ཙོང་ཁ་པ་ཆེན་པོ།ཤར་སྐལ་ལྡན་རྒྱ་མཚོ།རྗེ་གསེར་ཁང་པ།ཞབས་དཀར་ཚོགས་དྲུག་རང་གྲོལ།སྐྱབས་མགོན་བློ་བཟང་ལུང་རིགས་རྒྱ་མཚོ་སོགས་མཁས་གྲུབ་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས།

འདིར་ཐུགས་རྗེ་ཆེན་པོ་ཁ་སརྤ་ཎི་དང་།བཅུ་གཅིག་ཞལ།སློབ་དཔོན་པདྨ་འབྱུང་གནས།ཁྲོ་བོ་མི་གཡོ་བ།བདུད་རྩི་འཁྱིལ་བ།ཚེ་དཔག་མེད།རྡོ་རྗེ་ཕག་མོ།རཱ་ཧུ་ལ།མར་པ་ལོ་ཙཱ།ཕ་དམ་པ་སངས་རྒྱས།སྨན་བླ་བདེ་གཤེགས་བརྒྱད།བདེ་མཆོགགསང་འདུས།འཇིགས་བྱེད།ཀྱེ་རྡོར།བསྐལ་བཟང་སངས་རྒྱས་སྟོང་།རྒྱལ་བ་རིགས་ལྔ།ཞི་ཁྲོ་དམ་པ་རིགས་བརྒྱ།ཁྲོ་བོ་བཅུ།དཔལ་ལྡན་ལྷ་མོ།ནོར་བདག་ཛམ་ལ།རིགས་གསུམ་མགོན་པོ།སྟོན་པ་ཤཱཀྱ་ཐུབ་པ།རྗེ་གཟིགས་པ་ལྔ་ལྡན།རིག་བྱེད་མ།འཇམ་དབྱངས་དམར་སེར།སྒྲོལ་མ་བུ་སྦྱིན།མགོན་པོ།ཆོས་རྒྱལ།རྣམ་སྲས།གུ་རུ་མཚན་བརྒྱད།ཨ་རོལ་རྡོ་རྗེ་འཆང་ལ་སོགས་པའི་སྐུའི་རང་བྱོན་སྣང་བརྙན་མང་པོ་དང་།མ་ཎི་ཡིག་དྲུགགུ་རུ་སིདྡྷི།རིགས་ལྔའི་ས་བོན།ཨཱ་དང་ཨོཾ།མཚན་སྔགས།རྒྱུད་སྡེ་བཞིའི་སྙིང་པོ་སོགས་ཡིག་འབྲུ་མང་པོ།བདེ་གཤེགས་ཐུགས་སྤྲུལ་བྱ་ཁྱུང་དང་།སློབ་དཔོན་པདྨའི་ཞབས་རྗེས།དུང་དཀར་གཡས་འཁྱིལ།བཀྲ་ཤིས་རྟགས་བརྒྱད།ཤེལ་དཀར་གྱི་མཆོད་རྟེན།རྒྱུད་སྡེ་བཞིའི་དཀྱིལ་འཁོར་སོགས་རང་བྱུང་་མང་པོ་བཞུགས།གནས་སྒོ་ཕྱེས་པའི་ཤིང་སྤྲེལ་ལོར་ཕྱོགས་བཞི་མཚམས་བརྒྱད་ཀྱི་དད་ལྡན་སྐྱེ་བོ་མཐའ་དག་གིས་ཙ་རིའི་རོང་སྐོར་བཞིན་གནས་ཆེན་འདི་ལ་ཕྱག་སྐོར་མཆོད་མཇལ་ཞུ་བའི་དཔེ་སྲོལ་ད་ལྟའི་བར་མ་ཉམས་པར་ཡོད་དོ།།

རེབ་གོང་སྐུ་ཕྱོགས་སམ་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཚང་སྤྲེལ་རྫོང་དགོན་དུ་ཞལ་བཞུགས་དུས།ཁོང་གི་ཞལ་ནས།བདེ་མཆོག་གི་ཕྱོགས་བཞིའི་སྒོ་སྲུང་ལས།ཤར་སྒོའི་སྒོ་སྲུང་ཁ་གདོང་མ་ནག་མོའི་བཞུགས་གནས་ནི་གཉན་ཆེན་བྲག་དཀར་(ཐང་ནག་ཡུལ་ཚོའི་ཁོངས་སུ་གཏོགས)གྱི་ཕྱོགས་ཡིན།ལྷོ་སྒོའི་སྒོ་སྲུང་ཕག་གདོང་མ་སེར་མོའི་བཞུགས་གནས་ནི་ཐ་སྡོང་བྲག་དཀར་(ཆུ་སྔོན་གྲོང་རྡལ་གྱི་ཁོངས་སུ་གཏོགས)གྱི་ཕྱོགས་དང་།ནུབ་སྒོའི་སྒོ་སྲུང་ཁྱི་གདོང་མ་དམར་མོའི་བཞུགས་གནས་ནི་ཁྲོ་ཐུང་འཐབ་རའི་(ཆུ་ཁོལ་ཡུལ་ཚོའི་ཁོངས་སུ་གཏོགས)ཕྱོགས།བྱང་སྒོའི་སྒོ་སྲུང་འུག་གདོང་མ་ལྗང་གུའི་བཞུགས་གནས་ནི་གཡུ་ལུང་བྲག་དཀར་(དཔལ་ཁ་གྲོང་རྡལ་གྱི་ཁོངས་གཏོགས)གྱི་ཕྱོགས་ཡིན་གསུངས།

བྲག་དཀར་སྤྲེལ་རྫོང་གི་ཕྱོགས་བཞིའི་གནས་སྒོ་སྲུང་བའི་གཏེར་བདག་བཞི་ནི།གནས་ཆེན་འདིའི་ཤར་ཕྱོགས་ཀྱི་ཞིང་སྐྱོང་གཉན་སྤྲེལ་ཟླ་བ་ཆེན་མོ་དང་།ལྷོ་ཕྱོགས་ཀྱི་ཆུ་རགས་གཡག་སྙིང་།ནུབ་ཕྱོགས་ཀྱི་མཛོད་བདག་ལྷ་རི་དྲེའུ་དཀར།བྱང་ཕྱོགས་ཀྱི་ཧང་ངའི་ཨ་མྱེས་རི་རྒན་བཅས་ཡིན།

བྲག་དཀར་སྤྲེལ་རྫོང་གི་བསྐོར་ལམ་བཞི་ནི།གནས་ཆེན་བཞིའི་བསྐོར་ལམ་ལ་ཕྱི་བསྐོར།བར་བསྐོར།རྩེ་བསྐོར།གླིང་བསྐོར་བཅས་རིམ་པ་བཞི་ཡོད་པ་ལས་གཉན་ཆེན་བྲག་དཀར་དང་།ཐ་སྡོང་བྲག་དཀར།ཁྲོ་ཐུང་འཐབ་ར།གཡུ་ལུང་བྲག་དཀར་བཅས་བཞི་ལ་ཕྱི་བསྐོར་དང་།བྲག་དཀར་སྤྲེལ་རྫོང་གི་གནས་རིར་ཕྱག་བསྐོར་བྱེད་པ་ལ་བར་བསྐོར་ཟེར།མཐོ་རིས་ལ་འགོ་ནས་ཐུགས་རྗེ་ཆེན་པོ་རང་བྱོན་དང་།དེ་ནས་རྣམ་འཇོམས་རང་བྱོན།དེ་ནས་མཁའ་འགྲོའི་ཚོགས་ཁང་།དེ་ནས་བཀྲ་ཤིས་ལ་འགོའི་ཉིན་ཕྱོགས་བཅས་ཀྱི་བར་དུ་ཕྱག་བསྐོར་བྱེད་པ་ལ་རྩེ་བསྐོར་ཟེར།བྲག་དཀར་སྤྲེལ་རྫོང་གི་གཡས་ཟུར་གྱི་གླང་ཆེན་སྣ་ནས་བཟུང་དུང་དཀར་ལུང་པའི་མདོ་དང་།དེ་ནས་རྒྱལ་མཚན་རིའི་མདུན་ཕྱོགས་ནས་དགོན་པའི་གླིང་མཐར་ཕྱག་བསྐོར་བྱེད་པ་ལ་གླིང་བསྐོར་ཟེར།

ངག་རྒྱུན་ལྟར་ན།འདས་པའི་ལོ་༩༠༠ཡས་མས་ཀྱི་མཚམས་སུ་ཕྱོགས་འདིར་བྱོན་མྱོང་བའི་རྔ་རུང་གྲུབ་རྒན་ཞུ་བ་དེ་ཉིད་དང་།ཁོང་གི་ཞལ་སློབ་བཅས་ཀྱིས་གནས་ཆེན་འདིར་ཐུགས་དམ་ཉམས་བཞེས་གནང་བར་རིམ་གྱིས་སྒྲུབ་སྡེ་ལྟ་བུ་ཞིག་ཆགས་ཤིང་།ཕྱིས་སུ་ཡག་མོ་ཨ་ལགས་ཟེར་བས་སྒྲུབ་གནས་དེ་ཉིད་གཞིར་བྱས་ཏེ་འདུ་ཁང་ཞིག་བཞེངས་ནས་གྲྭ་རྒྱུན་སྤེལ་མྱོང་།དེའི་རྗེས་ཐོག་ཏུ་ཡག་མོ་ཨ་ལགས་ཚང་གིས་གྲྭ་རྒྱུན་བཅུ་གསུམ་དང་འདུ་ཁང་བཅས་ཀྱིས་མཚོན་པའི་དགོན་འགོ་རེབ་གོང་སྐུ་ཕྱོགས་སྐུ་ཕྲེང་གསུམ་པ་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཚང་ལ་ཕུལ་བ་དང་།ཨ་རོལ་ཚང་གིས་སྐུ་གོང་མའི་ལུང་བསྟན་ལྟར་གནས་ཆེན་འདིར་ད་ལྟའི་མཚོ་ལྷོ་ཁུལ་མངའ་ཁོངས་ཀྱི་རི་བོ་དགེ་ལྡན་པའི་དགོན་སྡེ་གྲགས་ཅན་ཏེ།སྤྲེལ་རྫོང་དགོན་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་ཕྱག་འདེབས་གནང་།

གཡུ་ལུང་བྲག་དཀར།

གཡུ་ལུང་བྲག་དཀར་ནི་དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ་༡༢ཙམ་གྱི་མཚམས་ན་ཡོད།བྲག་དཀར་གཡུ་ལུང་གི་རྩེ་མོ་རྫ་རི་དང་རྐེད་པ་སྤང་རི་ཡིན།རི་དྭགས་དང་གཅན་གཟན་གྱི་རིགས་ལ།དྲེད་མོ།གཡི་དཀར།གླ་བ།ཁ་ཤྭ།གནའ་བ།རྒོ་དམར།སྤྱང་ཀི།ཝ།བྱི་བ།རི་བོང་།ཨ་བྲ།བྱི་ལོང་།སྲེ་མོང་སོགས་ཡོད།སྐྱེ་དངོས་ཀྱི་རིགས་ལ།གླང་མ།སྤེན་མ།དབྱར་རྩྭ་དགུན་འབུ།ཐང་ཕྲོམ།སྤང་ལྗོངས་ཀྱི་མེ་ཏོག་སྣ་ཚོགས།སྤང་རྩྭའི་རིགས་སྣ་ཚོགས་བཅས་ཡོད།

ངག་རྒྱུན་ལ།བསྟན་པ་སྔ་དར་གྱི་དུས་སུ་ཨོ་རྒྱན་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཆོག་རྫུ་འཕྲུལ་གྱིས་གནས་འདིར་བྱོན་ནས་བདུད་སྲིན་དམ་ལ་བཏགས་ཤིང་བྱིན་གྱིས་བརླབས།སྔོན་ནས་གནས་འདིར་སྤོང་བ་བསམ་གཏན་པ་མང་པོ་བཞུགས་མྱོང་།ཕྱིས་སྐྱབས་མགོན་ཚོགས་དྲུག་རང་གྲོལ་སྐུ་ཕྲེང་རིམ་བྱོན་སྔ་ཕྱིར་གནས་འདིར་ཕེབས་ཏེ་བྱིན་གྱིས་བརླབས།

དུས་རབས་ཉི་ཤུ་པའི་དུས་མགོར།གཡུ་ལུང་སྐུ་ལོའམ་སྐྱེས་རབས་གཏེར་སྟོན་དཔའ་བོ་ལས་ཀྱི་རྡོ་རྗེ་ཚང་གནས་འདིར་བཞུགས་པས་འདུས་པའང་མང་དུ་འཕེལ།ཁོང་གིས་ཞལ་སློབ་ཀྱི་གཙོ་བོ་རྗེ་བསོད་ནམས་ཆོས་འབྱོར་རིན་པོ་ཆེ་ལ།གནས་འདིར་བཤད་སྒྲུབ་ཀྱི་འདུས་སྡེ་ཞིག་ཕྱག་འདེབས་གནང་དགོས་པའི་ཞལ་བཀོད་གནང་བ་ལྟར།༡༩༨༣ལོར་སྔ་འགྱུར་རྙིང་མ་བའི་སྒྲུབ་སྡེ་གཡུ་ལུང་བྲག་དཀར་ཨོ་རྒྱན་བསམ་གཏན་གླིང་ཕྱག་འདེབས་གནང་།

འདི་ནི་དཔལ་འཁོར་ལོ་སྡོམ་པ་བདེ་མཆོག་གི་དཀྱིལ་འཁོར་བཞུགས་པའི་གནས་ཁྱད་པར་ཅན་ནམ།གནས་ཆེན་བྲག་དཀར་སྤྲེལ་རྫོང་གི་ཕྱོགས་བཞིའི་ནང་ཚན་ཏེ།བྱང་སྒོའི་སྒོ་སྲུང་འུག་གདོང་མ་ལྗང་གུའི་བཞུགས་གནས་ནི་གཡུ་ལུང་བྲག་དཀར་གྱི་ཕྱོགས་འདི་ཡིན་པས།བྲག་དཀར་སྤྲེལ་རྫོང་ལ་ཕྱི་བསྐོར་བྱེད་ན་འདིར་ཡང་ཅིས་ཀྱང་ཕྱག་བསྐོར་བྱེད་དགོས་ཞེས་དམ་པ་གོང་མས་གསུངས།།

 

ཁྲོ་ཐུང་འཐབ་ར།

ཁྲོ་ཐུང་འཐབ་ར་ནི་ཆུ་ཁོལ་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ་༤༠ཙམ་གྱི་མཚམས་ན་ཡོད་ཅིང་།བྲག་དཀར་སྦྲེལ་རྫོང་གི་ཕྱོགས་བཞིའི་སྒོ་སྲུང་བཞིའི་ནང་ཚན་ཏེ།ནུབ་སྒོའི་སྒོ་སྲུང་ཁྱི་གདོང་མ་དམར་མོའི་གནས་ཡིན་པས།བྲག་དཀར་སྦྲེལ་རྫོང་ལ་ཕྱི་བསྐོར་བྱེད་ན་འདིར་ཅིས་ཀྱང་ཕྱག་སྐོར་བྱེད་དགོས་པའི་གནས་ཤིག་ཡིན་གསུངས།གནས་འདི་ནི་གླིང་ཇོ་རུས་ཁྲོ་ཐུང་ལ་འུར་སྐྱས་བརྒྱབ་ནས་ཡར་འདེད་མར་འདེད་བྱས་པའི་ས་ཆ་ཡིན་པས་མིང་ཡང་དེ་ལྟར་དུ་ཐོགས།

དུང་དཀར་ཉི་མའི་རྫོང་།

དུང་དཀར་ཉི་མའི་རྫོང་ནི་ཐང་ནག་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ་༥ཙམ་གྱི་མཚམས་ན་ཡོད་ཅིང་།མཐོ་ཚད་ལ་མཚོ་ངོས་ལས་སྨི་༣༠༡༢ཡོད།ཀྱལ་ཕུག་སྡེ་བའི་རྒྱབ་རི་ཡིན།གནས་རི་འདིའི་ཆགས་ཚུལ་ནི་དུང་དཀར་གཡས་འཁྱིལ་གྱི་དབྱིབས་དང་མཚུངས་ལ།དགུན་དུས་ཀྱང་ཉི་འོད་ཧ་ཅང་འཁྱིལ་ས་ཞིག་ཡིན་པས་ན་མིང་ཡང་དེ་ལྟར་དུ་ཐོགས།གནས་རི་འདིའི་ངོས་ནས་སྐྱབས་མགོན་ཞབས་དཀར་བས་དུས་ཡུན་རིང་པོར་སྒྲུབ་པ་ཉམས་བཞེས་གནང་བྱོང་བའི་སྒྲུབ་གནས་ཡོད།

གཉན་ཆེན་བྲག་དཀར།

གཉན་ཆེན་བྲག་དཀར་ནི་ཐང་ནག་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ་སུམ་ཅུ་སོ་ལྔ་ཡས་མས་ཀྱི་མཚམས་ན་ཡོད་ཅིང་།བྲག་དཀར་སྤྲེལ་རྫོང་གི་ཕྱོགས་བཞིའི་སྒོ་བཞིའི་ནང་ཚན་ཏེ།ཤར་སྒོའི་སྒོ་སྲུང་ཁ་གདོང་མ་ནག་མོའི་གནས་ཡིན་པས་གནས་ཆེན་བྲག་དཀར་སྤྲེལ་རྫོང་ལ་ཕྱི་བསྐོར་བྱེད་ན་ཅིས་ཀྱང་ཕྱག་བསྐོར་བྱེད་དགོས་པའི་གནས་ཁམས་ཆེན་ཞིག་ཡིན་ཚུལ་གསུངས་ཡོད།

ཐ་སྡོང་བྲག་དཀར།

ཐ་སྡོང་བྲག་དཀར་ནི་ཆུ་སྔོན་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ་༢༥ཙམ་གྱིས་ཆོད་པའི་ཐ་སྡོང་སྡེ་བའི་ལྷོ་ནུབ་ན་ཡོད།འདི་ནི་བྲག་དཀར་སྤྲེལ་རྫོང་གི་ཕྱོགས་བཞིའི་སྒོ་སྲུང་བཞིའི་ནང་ཚན་ཏེ།ལྷོ་སྒོའི་སྒོ་སྲུང་ཕག་གདོང་མ་སེར་མོའི་བཞུགས་གནས་ཡིན་པས།བྲག་དཀར་སྤྲེལ་རྫོང་ལ་ཕྱི་སྐོར་བྱེད་ན་འདིར་ཅིས་ཀྱང་ཕྱག་སྐོར་བྱེད་དགོས་གསུངས།

ཐ་སྡོང་བྲག་དཀར་གྱི་མདུན་ངོས་སུ་སྔགས་པའི་དགེ་བཤེས་རིན་པོ་ཆེ་འཇམ་དབྱངས་དོན་གྲུབ་(1877-1959)ཀྱི་དངོས་སློབ།དཀོན་མཆོག་བསྟན་སྐྱོང་ཚང་(1918-1961)གིས་སྤྱི་ལོ་1948པར་ཕྱག་འདེབས་གནང་བའི་རི་བོ་དགེ་ལྡན་པའི་དགོན་པ་ཐ་སྡོང་བྲག་དཀར་བཤད་སྒྲུབ་ནོར་བུའི་གླིང་ངམ་པད་དཀར་ཆོས་གླིང་ཡོད།

ཉ་མོ་བསང་ཁྲི་ཁ་དཀར།

ཉ་མོ་བསང་ཁྲི་ཁ་དཀར་ནི།ཆུ་ཁོལ་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ་༡༦ཙམ་གྱི་མཚམས་ན་ཡོད།ངག་རྒྱུན་ལ།གནས་འདི་ནི་སྔོན་དུས་མདོ་མཁྱེན་བརྩེ་རིན་པོ་ཆེ་དང་།རྡོ་གྲུབ་ཆེན་རིན་པོ་ཆེ།ཁམས་ཤུག་སྒང་རིན་པོ་ཆེ།འཇམ་དཔལ་རལ་གྲི་སོགས་སྐྱེས་ཆེན་དམ་པ་དུ་མ་རྒྱུན་པར་ཆེད་དུ་ཕེབས་ཏེ།མཆོག་གསུམ་སྤྱིའི་མཆོད་པ་དང་དགྲ་བླའི་དཔངས་བསྟོད་གནང་ས་ཞིག་ཡིན་པར་གྲགས་ཤིང་།བསང་ཁྲི་འདི་ཡོད་ན་ནི་ཉ་མོ་དང་ཕྱུག་ལུང་གི་སའི་ཆར་གཏོགས་ལ།བསང་ཁྲི་འདིའི་ཁར་རྡོ་དཀར་བསྒྲིགས་ཡོད་པས་ན་མིང་ཡང་དེ་ལྟར་དུ་ཐོགས།

About རྩོམ་སྒྲིག་པ།