ཨ་རིའི་སྲིད་འཛིན་གཞོན་པས་རྒྱ་ནག་གཞུང་གི་བཙན་འཛུལ་ལ་ཁ་གཏད་གཅོག་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཅེས་གསུངས།

ཨ་རིའི་སྲིད་འཛིན་བྷའེ་ཌིན་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་མཐུན་གྲོགས་རྒྱལ་ཁབ་ཚོར་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་བའི་ཐོག་ནས་རྒྱ་ནག་གི་བཙན་དབང་བྱ་སྤྱོད་ལ་ཁ་གཏད་གཅོག་རྒྱུ་ཡིན་པའི་གསུང་བཤད་གནང་འདུག

 

ད་ལྟ་ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ལྕམ་ཀ་མ་ལ་ཧ་རི་སི་ (Kamala Harris) ལགས་ཀྱི་ཨེ་ཤ་ཡ་ལྷོ་མའི་ཁུལ་དུ་གཞུང་འབྲེལ་སྐྱོར་སྐྱོད་ཐོག་མ་དེ་གནང་བཞིན་ཡོད་པ་དང་། དེ་རིང་སིང་གྷ་པུར་གྱི་སྐོར་སྐྱོད་གྲུབ་ཏེ་ཝི་ཐི་ནམ་ལ་ཐོན་རྒྱུ་ཡིན་འདུག ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་རྩོད་རྙོག་དང་འབྲེལ་བའི་གཏམ་བཤད་ཅིག་གི་ཐོག་ལྕམ་ཀ་མ་ལ་ལགས་ཀྱིས། པེ་ཅིན་གྱིས་མུ་མཐུད་ནས་བཙན་པོ་དབང་ཡོད་དང་སྡིགས་ར་བསྐུལ་ཏེ་ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁུལ་མང་པོ་སྟངས་འཛིན་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་ཁྲིམས་མཐུན་མ་ཡིན་པའི་བྱ་སྤྱོད་དེར་ཕྱི་ལོ་ ༢༠༡༦ ལོའི་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཐག་གཅོད་གཙང་མ་བྱས་ཟིན་པ་མ་ཟད། རྒྱ་ནག་གི་བྱ་སྤྱོད་དེ་དག་གིས་རྒྱལ་ཁབ་གཞན་གྱི་ས་ཁོངས་བདག་དབང་ལ་དོ་ཕོག་གཏོང་གི་ཡོད་སྐོར་གྱི་སྐྱོན་བརྗོད་དྲག་པོ་གནང་ཡོད་འདུག

 

ཉེ་བའི་ལོ་ཤས་རིང་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་འབྲེལ་ལམ་དེ་ཅུང་ཛ་དྲག་ཏུ་གྱུར་ཡོད་པ་མ་ཟད། ཨ་རི་དང་དབྱིན་ཇིས་མཚོན་པའི་ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཚོས་ཀྱང་མཚོ་འགྲུལ་རང་དབང་གི་མིང་ཐོག་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་དམག་གྲུ་ཆེད་གཏོང་གིས་རྒྱ་ནག་ལ་བརྡ་ལན་དྲག་པོ་སྤྲད་མུས་ཡིན་ནའང་། ད་ལན་གྱི་སྲིད་འཛིན་གཞོན་པའི་སྐྱོད་སྐྱོད་དེ་ནི་ཨ་རིས་སྔར་མུས་བཞིན་ཁུལ་དེའི་མཐུན་གྲོགས་རྒྱལ་ཁབ་རྣམས་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དག་སྐྱེལ་གནང་ཆེད་ཡིན་སྟབས། བྷའེ་ཌིན་འཛིན་སྐྱོང་གི་རྒྱ་ནག་དེ་ཉིད་ཕྱི་འབྲེལ་སྲིད་ཇུས་ཀྱི་ལྟེ་བར་འཛིན་པའི་སྲིད་ཇུས་དངོས་སུ་ལག་བསྟར་བྱས་པ་ཞིག་ཀྱང་ཡིན་འདུག

 

སྲིད་འཛིན་བྷའེ་ཌིན་མཆོག་གིས་སྲིད་འཛིན་ལས་འཁུར་བླངས་པ་ནས་བཟུང་རྒྱ་ནག་ལ་དམིགས་པའི་གསུང་བཤད་མི་ཉུང་བ་ཞིག་སྤེལ་གནང་ཡོད་ལ། གསུང་བཤད་ཁག་ནང་ཨ་རིའི་ངོས་ནས་རང་གི་མཐུན་གྲོགས་རྒྱལ་ཁབ་དང་མཉམ་རུབ་ཀྱིས་རྒྱ་ནག་གཞུང་གི་བརྙས་བཅོས་དང་འཇིགས་སྐུལ། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ། འཕྲུལ་རིག་ཤེས་བྱ་བརྐུ་འཁྱེར་སོགས་ལ་དྲག་རྒོལ་བྱེད་དགོས་སྐོར་ཡང་ནས་བསྐྱར་དུ་གསུངས་ཡོད་ལ། ད་ཐེངས་ཀྱི་སྲིད་འཛིན་གཞོན་པའི་སྐྱོར་སྐྱོད་ཐོག ཉེ་ཆར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཊོ་ནི་བྷི་ལིན་ཀན་ (Antony Blinken) ལགས་དང་། ཕྱི་སྲིད་དྲུང་ཆེ་གཞོན་པ་ཝེན་ཌི་ཤེར་མན་ (Wendy Sherman)ལགས། དེ་བཞིན་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ལོ་ཝེཌ་ཨོ་སི་ཊིན་ (Lloyd Austin)ལགས་བཅས་ཀྱིས་ཀྱང་ཨེ་ཤ་ཡ་ཁུལ་དུ་གཞུང་འབྲེལ་སྐོར་སྐྱོད་གནང་ཡོད་པ་རེད།

 

རྒྱ་ནག་དང་། བྷུ་རུ་ནའེ་(Burnei)། ཨིན་ཌོ་ནེ་ཤི་ཡ། མ་ལེ་ཤི་ཡ། ཧྥི་ལི་པིན། ཐའེ་ཝན། ཝི་ཐི་ནམ་བཅས་དབར་ལ་རྩོད་གཞི་ཆེ་བའི་ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་གྱི་ས་ཁུལ་ཕལ་ཆེ་བ་རྒྱ་ནག་གིས་རྩོད་ཀྱི་ཡོད་ཅིང་། རྒྱ་ནག་རང་གི་སྟངས་འཛིན་འོག་ཡོད་པའི་མཚོ་གླིང་མི་ཉུང་བ་དམག་དོན་ལྟེ་གནས་སུ་བཅོས་པ་མ་ཟད། མཚོ་ཁུལ་མང་པོར་བྱེ་མ་སྤུངས་ཏེ་མིས་བཟོས་གླིང་ཕྲན་འཛུགས་སྐྲུན་བྱེད་མུས་ཡིན་པ་རེད། རྒྱ་ཁྱོན་ལ་གྲུ་བཞི་མ་ས་ཡ་ ༣།༦ ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོ་དེ་འཛམ་གླིང་གི་ཚོང་ལམ་གལ་ཆེན་ཞིག་ཡིན་ལ། ཕྱི་ལོ་ ༢༠༡༦ ལོ་གཅིག་པུར་མཚོ་ཁུལ་དེ་ནས་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༣།༣༧ (trillion) ལྷག་གི་ཚོང་ཟོག་དབོར་འདྲེན་བྱས་ཡོད་པ་རེད་འདུག

 

ཕྱི་ལོ་ ༡༩༨༢ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་རྒྱ་མཚོའི་ཁྲིམས་ལུགས་ (UN Conventaion of the Law of the Sea) གཏན་འབེབ་བྱས་ཤིང་། སྐབས་དེའི་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ ༦ དབར་པ་ར་སེལ་གླིང་ཕྲན་ (Paracel Islands) དང་། སི་པར་ཊི་ལི་གླིང་ཕྲན་(Spratly Islands) གྱི་ས་ཁོངས་བདག་དབང་ཐད་རྩོད་གཞི་བྱུང་བར་བརྟེན། རྒྱལ་ཁབ་ཚང་མས་རང་ཁོངས་ཀྱི་གླིང་ཕྲན་རྣམས་སྲུང་སྐྱོབ་དང་སྟངས་འཛིན་བྱ་ཆེད་མཚོ་ཁུལ་དེ་ཉིད་དམག་དོན་ལྟེ་གནས་ཤིག་ཏུ་གྱུར་བར་བརྟེན། ཕྱི་ལོ་ ༢༠༠༢ ལོར་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་མི་འདྲ་བ་ ༡༠ ལས་གྲུབ་པའི་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ལྷན་ཚོགས་ (Association of Southeast Asia Nations, ASEAN) ཀྱིས། ལྷོ་རྒྱ་ནག་རྒྱ་མཚོ་དང་འབྲེལ་བའི་གནད་དོན་ཐད་རྒྱལ་ཁབ་ཕན་ཚུན་དབར་ལས་དོན་བྱེད་ཕྱོགས་སྐོར་གྱི་གྲོས་མཐུན་ (Declaration on the Conduct of Parties in the South China Sea, DOC) ཞིག་བཞག་པ་དེར་རྒྱ་ནག་གིས་མོས་མཐུན་མིང་རྟགས་བརྒྱབ་ཡོད་ཅིང་། གྲོས་མཐུན་དེའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་དང་མཚོ་ཁྲིམས་བཅས་དང་། དེ་བཞིན་ལྷོ་ཤར་ཨེ་ཤ་ཡའི་མཐུན་ལམ་ཆིངས་ཡིག་ (TAC) ལ་བརྩི་བཀུར་ཞུ་རྒྱུ་དང་། ས་ཁོངས་དང་འབྲེལ་བའི་རྩོད་གཞི་ཁག་ཞི་བའི་ལམ་ནས་འགྲིག་མཐུན་དགོས་སྐོར་འཁོད་ཡོད་ནའང་། རྒྱ་ནག་གིས་གྲོས་མཐུན་དེར་བརྩི་འཇོག་མེད་པར་ལྷོ་རྒྱ་ནག་རྒྱ་མཚོ་དེ་ཉིད་དམག་ས་ལྟ་བུ་ཞིག་ལ་བཅོས་བསྒྱུར་བྱས་ཡོད་པ་རེད་འདུག

 

ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༢ ཉིན་ནེ་ཐར་ལན་ཌི་ཡི་གྲོང་ཁྱེར་ཧོག་ (Hague) ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཁྲིམས་ཁང་ (Permanent Court of Arbitration) ངོས་ནས། ཧྥི་ལི་པིན་གཞུང་གིས་གཏུག་བཤེར་བྱས་པའི་ལྷོ་རྒྱ་ནག་རྒྱ་མཚོའི་གྱོད་དོན་ཐད། རྒྱ་ནག་ལ་རྒྱལ་སྤྱིའི་ཁྲིམས་སྒྲིག་གི་ཐོག་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ Nine-Dash Line ཞེས་པའི་ས་ཁུལ་དེ་རང་ཁོངས་ཡིན་པའི་བདེན་དཔང་རྩ་བ་ནས་མེད་པའི་བཅད་ཁྲ་བཏང་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་འཕྲལ་དུ་བཅད་ཁྲ་དེར་ངོས་ལེན་མེད་པའི་ཁྱབ་བསྒྲགས་བྱས་ཡོད་ལ། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡ ཉིན་རྒྱ་ནག་གིས་མཚོ་ཁ་སྲུང་སྐྱོབ་ཁྲིམས་ཡིག་ (China Coast Guard Law) ཟེར་བ་ཞིག་གཏན་འབེབ་བྱས་ཏེ། སྔར་གྱི་  Nine-dash line ཞེས་སུ་འབོད་པའི་ས་ཁུལ་དེ་ཉིད་ལ་རྒྱ་ནག་གི་མངའ་ཁོངས་མཚོ་ཁུལ་ (China’s Jurisdictional Waters) ཞེས་པར་བཅོས་སྒྲིག་བྱས་ཡོད་འདུག

 

ཨ་རིའི་སྲིད་འཛིན་གཞོན་པ་ཧ་རི་སི་ལགས་ཀྱིས་སིང་གྷ་པུར་གྱི་སྐྱོར་སྐྱོད་རིང་ཡུལ་དེའི་སྲིད་འཛིན་ཧ་ལི་མཱ་ཡ་ཁོབ་ (Halimah Yacob) དང་སྲིད་བློན་ལཱི་སེན་ལུང་ (Lee Hsien Loong) དང་ཐུག་འཕྲད་བྱས་ཡོད་ཅིང་། ཕྱོགས་གཉིས་དབར་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་། ཏོག་དབྱིབས་གཉན་རིམས་སོགས་ཀྱི་གནད་དོན་འགའ་ཤས་ཐད་ལ་གྲོས་མཐུན་ཡང་བཞག་ཡོད་འདུག གཞན་ཡང་། སྲིད་འཛིན་གཞོན་པ་ལགས་ཀྱིས་ཡུལ་དེའི་མཚོ་དམག་གི་ལྟེ་གནས་སུ་ཡོད་པའི་ཨ་རིའི་དམག་གྲུའི་རུ་ཁག་ལ་ཐུག་འཕྲད་གནང་སྐབས། དམག་མི་རྣམས་ཀྱིས་ལྷོ་ཤར་ཨེ་ཤ་ཡའི་ཁུལ་དུ་ཡོད་པའི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་དང་དཔུང་པ་མཉམ་གཤིབ་ཀྱིས་རྒྱ་གར་ཞི་བདེ་རྒྱ་མཚོ་དེ་ཉིད་སྲུང་སྐྱོབ་བྱ་དགོས་སྐོར་གསུངས་ཡོད་འདུག

བོད་ཀྱི་དུས་བབ་ལས་དྲངས།

 

About རྩོམ་སྒྲིག་པ།