འཛམ་གླིང་གི་ཚོགས་སྡེ་ ༡༤༩ ལྷག་གིས་པེ་ཅིན་གཞུང་ལ་གནོན་ཤུགས་སྤྲོད་པའི་བསྒྲགས་གཏམ་སྤེལ་འདུག

འཛམ་གླིང་གི་དབུ་འཁྲིད་ཚོས་རྒྱ་ནག་གཞུང་གིས་བོད་དང་ཧོང་ཀོང་། ཡུ་གུར། ཐའེ་ཝན་སོགས་ལ་བཙན་གནོན་བྱེད་པའི་གནད་དོན་ཐད་ལངས་ཕྱོགས་གཅིག་པ་བཟུང་སྟེ་པེ་ཅིན་ཨོ་རྩལ་འགྲན་ཚོགས་ནང་མཉམ་ཞུགས་མི་བྱེད་པའི་འབོད་སྐུལ་བྱས་འདུག

དེ་རིང་རྒྱལ་སྤྱིའི་ཨོ་རྩལ་ཉིན་མོ་དང་བསྟུན། འཛམ་གླིང་གི་ཡུལ་ལུང་གང་སར་ཡོད་པའི་རྒྱ་གཞུང་ངོ་རྒོལ་ལས་འགུལ་ཁང་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གི་གོ་སྒྲིག་འོག  འཛམ་གླིང་གི་གྲོང་ཁྱེར་དང་ས་ཁུལ་གནད་ཆེན་ ༦༠ ལྷག་ནང་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་སྤེལ་བ་བརྒྱུད། འཛམ་གླིང་གི་མགོ་འཁྲིད་དང་། རྒྱལ་ཁབ་སོ་སོའི་ཨོ་རྩལ་ཚོགས་ཆུང་། ཨོ་ལིམ་པིག་རྩེད་འགྲན་གྱི་སྦྱིན་བདག་རྣམ་པ་བཅས་ཀྱིས། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཚོག་གཏན་འཁེལ་བའི་དགུན་དུས་ཀྱི་ཨོ་རྩལ་འགྲན་བསྡུར་ནང་མཉམ་ཞུགས་མི་བྱ་རྒྱུའི་འབོད་སྐུལ་གནང་བཞིན་ཡོད་འདུག

 

དེ་རིང་འཛམ་གླིང་གི་ཚོགས་སྡེ་ཁག་ ༡༤༩ ཡིས་མཉམ་འབྲེལ་ཐོག་སྤེལ་བའི་བསྒྲགས་གཏམ་ནང་། དེ་རིང་ནེའུ་ཛི་ལན་ཌི་ནས་ཁེ་ན་ཌ་དང་། ཉི་ཧོང་ནས་ཨར་ཇེན་ཊི་ན། ཨོ་གླིང་ནས་སེ་ཝེ་ཌན་བཅས་ཀྱི་གྲོང་ཁྱེར་ནང་ཡོད་པའི་ངེད་ཅག་མི་གྲངས་སྟོང་ཕྲག་མང་པོས་མཉམ་རུབ་ཀྱི་ཐོག་ནས། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ཡུ་གུར་དང་ཊར་ཀིའི་ཁ་ཆེ་མི་རིགས་རྣམས་རྩ་མེད་གཏོང་བཞིན་པ་དང་། བོད་དང་། ལྷོ་སོག ཧོང་ཀོང་དང་། རྒྱ་ནག་ནང་ཁུལ་(China Proper) བཅས་ནང་དྲག་གནོན་སྔར་ལྷག་བྱེད་བཞིན་པ། དེ་བཞིན་ཐའེ་ཝན་ལ་ཆབ་སྲིད་གནོན་ཤུགས་བརྒྱུད་ནས་བརྙས་བཅོས་བྱེད་བཞིན་པ་བཅས་ལ་བརྟེན་ནས། ཕྱི་ལོ་ ༢༠༢༢ ལོའི་པེ་ཅིན་གྱི་དགུན་དུས་ཨོ་རྩལ་འགྲན་བསྡུར་དེར་ཡ་ལན་ཚད་ལྡན་སྤྲོད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། དེ་ལྟར་མ་བྱས་ཚེ་རྒྱ་ནག་གི་དྲག་གནོན་དེ་དག་ཚུལ་མཐུན་ཞིག་ཏུ་འདོད་དགོས་པའི་ཉེན་ཁ་ཡོད། ཅེས་བཀོད་འདུག་ལ། གཞན་ཡང་། ད་ལྟ་མི་རིགས་རྩ་མེད་གཏོང་བཞིན་པའི་གནས་སྐབས་འདིར་འཛམ་གླིང་གི་སྲིད་གཞུང་དང་། རྩེད་འགྲན་པ། ཨོ་རྩལ་ལྷན་ཚོགས་བཅས་ཀྱིས་ལངས་ཕྱོགས་ཤིག་བཟུང་སྟེ་རྒྱ་ནག་གི་ཨོ་རྩལ་དེར་མཉམ་ཞུགས་མི་བྱ་རྒྱུའི་འགན་འཁྲི་ཡོད་སྐོར་བརྗོད་འདུག

 

འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཌོལ་ཀུན་ཨེ་ས་ (Dolkun Isa) ལགས་ཀྱིས། སྤྱིར་ཨོ་རྩལ་ཉིན་མོ་འདི་སྣ་མང་རང་བཞིན་དང་ཞི་བདེ། གྲོགས་འདྲིས། གུས་བརྩི་བཅས་པར་སྲུང་གཙི་ཞུ་རྒྱུའི་དུས་ཚིགས་ཤིག་ཡིན་ནའང་། རྒྱ་ནག་གིས་ཡུ་གུར་མི་རིགས་དང་། བོད་མི། སོག་པོ་བ། ཧོང་ཀོང་བ་བཅས་ལ་དྲག་གནོན་ཤུགས་ཆེར་བྱེད་བཞིན་པར་བརྟེན་སྲུང་གཙི་ཞུ་ཐབས་མེད་སྐོར་བརྗོད་འདུག་ལ། ཨ་རིར་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲིལ་བསྒྲགས་འགན་འཛིན་པདྨ་སྒྲོལ་མ་ལགས་ཀྱིས། ད་ལྟ་ང་ཚོའི་མདུན་དུ་དུས་སྐབས་འདིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཛ་དྲག་ཤོས་དེ་ལྷག་ཡོད་སྟབས། ང་ཚོར་པེ་ཅིན་གྱི་ཨོ་རྩལ་འགྲན་བསྡུར་དེར་མི་ཞུགས་རྒྱུའི་ལས་འགུལ་མ་སྤེལ་ཐབས་མེད་རེད། འོན་ཀྱང་རྒྱལ་སྤྱིའི་ཨོ་ལིམ་པིག་ལྷག་ཚོགས་ངོས་ནས་ད་བར་དེའི་ཐད་ཡ་ལན་སྤྲད་མེད། ཅེས་བརྗོད་འདུག གཞན་ཡང་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས།  འབྱུང་འགྱུར་ཟླ་བ་འགའ་ཤས་ནང་ང་ཚོའི་ངོས་ནས་འཛམ་གླིང་གི་སྲིད་གཞུང་དང་། ཨོ་རྩལ་ཚོགས་པ། ཨེན་བྷི་སི་བརྒྱུད་ལམ་ལྟ་བུའི་ཨོ་རྩལ་སྦྱིན་བདག་རྣམས་ལེགས་ལམ་དུ་བསྐྱོད་རྒྱུར་གནོན་ཤུགས་སྤྲོད་རྒྱུ་ཡིན། ཞེས་བརྗོད་ཡོད་འདུག

 

དེ་རིང་སྔ་དྲོར་ཨོ་གླིང་དུ་རྟེན་གཞི་བྱས་པའི་ཨོ་གླིང་གི་བོད་དོན་ལྷན་ཁང་ (Australia Tibet Council) དང་། ཨོ་གླིང་དུ་རྟེན་གཞི་བྱས་པའི་ཡུ་གུར་དང་ཧོང་ཀོང་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བའི་ཚོགས་སྡེ་རྣམས་ཀྱི་གོ་སྒྲིག་འོག།ཡུལ་དེའི་གྲོང་ཁྱེར་སིཌ་ནི་དང་། མེལ་བྷོན། པེར་ཐི། ཁེན་བྷེ་ར་སོགས་ཀྱི་ནང་རྣམ་པ་མི་འདྲ་བའི་ལས་འགུལ་སྤེལ་འདུག་ལ། དེ་བཞིན་ཐའེ་ཝན་ནང་རྟེན་གཞི་བྱས་པའི་ཚོགས་སྡེ་ཁག་ ༡༦ ལྷག་གིས་མཉམ་འབྲེལ་ཐོག་ནས་དྲ་ལམ་བགྲོ་གླེང་སོགས་པའི་ལས་འགུལ་སྤེལ་གནང་འདུག

བོད་ཀྱི་དུས་བབ་ལས་དྲངས།

About རྩོམ་སྒྲིག་པ།